མཚོ་འཕགས་ཆེས་མཐོ་བའི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་བོ་མཚོ་སྔོན་ན་ཡོད།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2023-12-06 13:32:22 ཀློག་གྲངས།:
       མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་བོ་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཐའི་གཡང་གཟར་གྲོག་རོང་དུ་ཡོད་ལ། རྒྱལ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བའི་ལྕགས་རི་རིང་བོ་ཡིན། 2008ལོར། མཚོ་སྔོན་ཞིང་ཆེན་གྱིས་མིང་གི་ལྕགས་རི་རིང་བོའི་ཐོན་ཁུངས་ལ་བརྟག་དཔྱད་བྱ་མགོ་ཚུགས་པ་དང་བསྟུན་ནས། འཛམ་གླིང་ཡང་རྩེར་གནས་པའི་མིང་གི་ལྕགས་རི་རིང་བོས་ཁོའི་ལྐོག་གྱུར་གྱི་གདོང་ཁེབས་ཐོག་མར་ཕྱེས། བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མིང་གི་ལྕགས་རི་རིང་བོའི་སྤྱིའི་རིང་ཚད་ལ་སྟོང་སྨི363ཡོད་ལ། ཤར་དུ་ཀན་སུའུ་ཞིང་ཆེན་གྱི་མིང་གི་ལྕགས་རི་རིང་བོ་དང་འབྲེལ་ཞིང་། རི་དང་ལ་མོ་མང་པོ་བརྒལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྫོང(ཁུལ)12ལ་ཁྱབ་ཡོད།
       སྒང་གཤོང་མི་སྙོམས་པའི་རི་རྒྱུད་དེད་དེ་བལྟས་ན། གནའ་བོའི“མཐའ་གྱང”རིང་མོ་ཞིག་གཡུ་འབྲུག་འཁྱུག་པ་བཞིན་རི་སྒལ་བརྒྱུད་དེ་ཆགས་ཡོད་ཅིང་། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། མིང་གི་ལྕགས་རི་རིང་བོའི་ཏ་ཐུང་དུམ་ཚན་གྱི་མཚོ་འཕགས་ཆེས་མཐོ་སར་སྨི4200ཡོད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་མིང་གི་ལྕགས་རི་རིང་བོའི་མཚོ་འཕགས་ཆེས་མཐོ་ས་དང་ཉར་ཚགས་བྱས་པ་ཆེས་ཆ་ཚང་བའི་དུམ་ཚན་ཡིན། མིང་གི་ལྕགས་རི་རིང་བོའི་ཏ་ཐུང་དུམ་ཚན་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཡོད་ལ། མིང་རྒྱལ་རབས་ཀྱི་ལུང་ཆིང་ཁྲི་ལོ་དྲུག་གི་རིང་ནས་བཟུང་ལས་མགོ་ཚུགས། «མཚོ་སྔོན་ཞིང་ཆེན་གྱི་མིང་གི་ལྕགས་རི་རིང་བོའི་ཐོན་ཁུངས་བརྟག་དཔྱད་སྙན་ཞུ»ལྟར་ན། ཏ་ཐུང་རྫོང་ཁོངས་ཀྱི་མིང་གི་ལྕགས་རི་རིང་བོ་ནི་ཤར་ནས་ནུབ་ཏུ་རྫོང་ཁོངས་ཧྲིལ་བོར་ཁྱབ་ཡོད་པ་དང་། མཁར་གྱང་གི་རྩ་རིས་གསལ་ལ་བརྗིད་ཉམས་ལྡན། 2020ལོའི་ཟླ11པའི་ཚེས26ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཏེ་མཚོ་སྔོན་གྱི་མིང་གི་ལྕགས་རི་རིང་བོའི་ཏ་ཐུང་དུམ་ཚན་དེ་རྒྱལ་ཁབ་ལྕགས་རི་རིང་བོའི་གལ་ཆེའི་དུམ་ཚན་སྐོར་དང་པོའི་མིང་ཐོའི་ཁྲོད་བཞག
མིང་གི་ལྕགས་རི་རིང་བོའི་མིན་ཡོན་དུམ་ཚན་གྱི་ཟུར་ཞིག ཀིང་ཧེའུ་ཧོང་གིས་པར་བླངས།
       མཚོ་འཕགས་ཆེས་མཐོ་བའི་མིང་གི་ལྕགས་རི་རིང་བོའི་ཤུལ་ལུས་ཡིན་པའི་ཆ་ནས། མིང་གི་ལྕགས་རི་རིང་བོའི་ཏ་ཐུང་དུམ་ཚན་གྱིས་ས་གནས་ལོ་རྒྱུས་ཀྱི་དར་རྒུད་མཚོན་ཡོད་དེ། ས་གྱང་གིས་གྲུབ་པའི་ལྕགས་རི་ལ་དུས་ཡུན་རིང་བོར་ཆར་རླུང་གི་གཙེས་ཤིང་། ཐ་ན་བརྡིབས་ཟིན་པའང་ཡོད། སྦྲང་མའི་སྦྲང་ཚང་བཅས་པ་དང་རྩྭ་ལྡུམ་སྐྱེས་པ། ཁ་ཤོ་ཇེ་ཆེར་གྱུར་པ་སོགས་རང་བྱུང་གནོད་འཚེ་དང་མིའི་གཏོར་བརླག་གིས་ལྕགས་རི་རིང་བོར་གནོད་སྐྱོན་བཟོས་ཡོད།
       གསར་འགོད་པས་ཏ་ཐུང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2012ལོ་ནས2016ལོའི་བར་དུ། ས་གནས་སྲིད་གཞུང་གིས་ཏ་ཐུང་མིང་གི་ལྕགས་རི་རིང་བོའི་སྤྱི་ལེ4.7ཇེ་བརྟན་དུ་གཏོང་བའི་ལས་གཞི་ཐེངས་དང་པོ་ལག་བསྟར་བྱས་པ་དང་། 2016ལོ་ནས2022ལོའི་བར། ཏ་ཐུང་རྫོང་གིས་ལོ་རེར་ལྕགས་རི་རིང་བོ་སྲུང་སྐྱོབ་ཆེད་དོན་གསོ་སྦྱོང་སྤེལ་བ་དང་། བསྡོམས་པས་མི210ལྷག་གསོ་སྦྱོང་ལ་ཞུགས།
དགུན་ཁའི་ཏ་ཐུང་མིང་གི་ལྕགས་རི་རིང་བོ། དབྱང་ཅིན་ཧྭ་ཡིས་པར་བླངས།
       2022ལོའི་ཟླ4པར། «ལྕགས་རི་རིང་བོ་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་དུམ་ཚན)འཛུགས་སྐྲུན་སྲུང་སྐྱོབ་འཆར་གཞི»དཔར་འགྲེམ་བྱས་ཤིང་། འཆར་གཞི་ལྟར་ན། ས་གནས་སོ་སོས་ལྕགས་རི་རིང་བོར་མྱུར་སྐྱོབ་དང་སྲུང་སྐྱོབ་རང་བཞིན་གྱི་ཞིག་གསོ་བྱས་ཏེ། ལྕགས་རི་རིང་བོའི་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
       མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ནི་མདོ་ལ་རིང་མོ་དང་རི་བོ་ཏ་པན་གྱི་བར་དུ་ཡོད་ལ། མཚོ་སྔོན་གྱི་མིང་གི་ལྕགས་རི་རིང་བོའི་འགག་སྒོ་བཞིའི་ཁྲོད་ཀྱི་སྟག་ལུང་འགག་སྒོའི་བཙན་རྫོང་ནི་མིན་ཡོན་རྫོང་ཁོངས་ཀྱི་བྱང་རི་ཞང་སྟག་ལུང་རི་རྐེད་དུ་ཡོད།
       གནའ་མཁར་གྱི་འོག་ཏུ་ཡུལ་སྐོར་པ་རྒྱུན་མི་ཆད་ལ། མིན་ཡོན་གནའ་མཁར་གྱི་སྨི1800ཅན་གྱི་ཤིང་ལམ་བརྒྱུད་དེ་ལྗོངས་གཟིགས་བྱས་ན། ཐག་ཉེ་ས་ནས་རྔམ་བརྗིད་ལྡན་པའི་གནའ་བོའི་འཛུགས་སྐྲུན་དེར་ལྟད་མོར་བལྟས་ཆོག
       2022ལོར། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་ཅུས་ཀྱིས་ལྕགས་རི་རིང་བོ་རྒྱལ་ཁབ་སྤྱི་གླིང(མིན་ཡོན་དུམ་ཚན)གི་སྲུང་སྐྱོབ་འགྲེམས་སྟོན་ལྟེ་གནས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཤིང་། དེས་གནའ་བོའི་ལྕགས་རི་སྲུང་སྐྱོབ་བྱེད་པ་ལས་གཞན་ད་དུང་རིག་གནས་གྱང་ཡང་བསྐྲུན་ཡོད། མིན་ཡོན་རྫོང་རིག་གནས་ཁང་གི་མགོ་གཙོ་ཀྲང་ཡུས་ཆོན་གྱིས“ང་ཚོའི་འཆར་གཞིར་གནའ་མཁར་གྱི་ལོ་རྒྱུས་ངག་རྒྱུན་དང་ལྕགས་རི་རིང་བོའི་གཏམ་རྒྱུད་སོགས་རིག་གནས་གྱང་དུ་འགྲེམས་སྟོན་བྱས་ཏེ། ཡུལ་སྐོར་པ་སྔར་ལས་མང་པོར་མཚོ་སྔོན་གྱི་མིང་གི་ལྕགས་རི་རིང་བོ་དང་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།