ངོས་དང་པོ > ལོ་རྒྱུས། > ས་གནས་ལོ་རྒྱུས། > མགུལ་སྐྱོང་ཞེས་པའི་གནས་ཡུལ་གྱི་འགྱུར་ལྡོག་དང་མིང་གི་བྱུང་ཚུལ་ལ་རགས་ཙམ་དཔྱད་པ།
མགུལ་སྐྱོང་ཞེས་པའི་གནས་ཡུལ་གྱི་འགྱུར་ལྡོག་དང་མིང་གི་བྱུང་ཚུལ་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:གདུགས་དཀར་འཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-12-07 08:49:06
ཀློག་གྲངས།:
གཅིག མགུལ་སྐྱོང་གི་གནས་ཡུལ་ངོས་འཛིན།
མགུལ་སྐྱོང(古什群村)སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་གི་ཆུ་དཀར་མདོ་ཞང་གི་ནུབ་བྱང་ཕྱོགས་ཀྱི་རྨ་འགྲམ་དུ་ཡོད་ཅིང་། ད་ལྟ་དེ་ནི་ཟ་ལར་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན། ཤར་དུ་ཆུ་དཀར་མདོའི་མཐུན་སྒྲིལ་སྡེ་བ་དང་ལྷོ་ནི་ཀ་རིང་ཡུལ་དང་འབྲེལ་ཡོད། ནུབ་ཏུ་ཆུ་དཀར་མདོའི་ཟམ་འབིགས་སྡེ་བ་དང་བྱང་ནི་རྨ་ཆུ་དང་འབྲེལ་ཡོད། དུད་ཁྱིམ154དང་མི་གྲངས568འདུག མགུལ་སྐྱོང་སྡེ་བའི་སྔོན་ཆད་ཀྱི་ཆགས་ཡུལ་ནི་ད་ལྟའི་ཤ་བོ་འགག་གི་ཆུ་མཛོད་བསྐྱིལ་ཡོད་སའི་གནས་དེ་ཡིན་ཞིང་། «ཞོན་ཧྭ་ཏིང་གི་ལོ་རྒྱུས»ནང་དུ“ཟ་ལར་གྱི་ཀུང་སོ་སོར་བོད་ཀྱི་གྲོང་སྡེ་ཡོད་པ་དང་། ཁྲ་ཧན་ཏ་སི་རུ་བོད་སྡེ་གཉིས་ཡོད”ཅེས་བྲིས་ཡོད་པ་བཞིན་བོད་སྡེ་གཉིས་ནི་ཤ་བོ་ཆུ་མཛོད་བསྐྱིལ་ཡོད་སའི་ལུང་ཁུག་དེར་ཆགས་ཡོད་པའི་མགུལ་སྐྱོང་སྡེ་བ་དང་ཟམ་འབིགས་ཐང་དུ་བསྡད་མྱོང་བའི་སྟོང་སྐོར་སྡེ་བ་གཉིས་ཡིན། སྡེ་བ་དེ་གཉིས་ནི་ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀ་རིང་རོང་བོ་ཤིང་ལེ་ཁ་ནང་སོའི་མངའ་ཁོངས་སུ་གཏོགས་པ་དང་། མིང་རྒྱལ་རབས་ཀྱི་སྐབས་སུ་ཟ་ལར་གྱི་ཧན་ཐི་སི་དང་ཀ་རིང་ཤིང་ལེ་ཁ་ནང་སོ་གཉིས་ཀས་བདག་སྐྱོང་བྱས། ཆིང་གི་དུས་སུ་ཟ་ལར་ཀུང་བརྒྱད་ཀྱི་ནང་ཚན་ཏེ་ཁྲ་ཧན་ཏ་སི་ཀུང་གི་མངའ་འོག་ཏུ་གནས། ཆོས་ལུགས་དད་མོས་ཐད་ཁྲ་ཧན་ཏ་སིའི་ཀུང་གཞན་གསུམ་དང་མི་འདྲ་བ་མ་གཏོགས། ཁྲལ་བསྡུ་དང་ཇག་པ་གཙང་མེད་གཏོང་བ། ཉེན་འགོག ངལ་རྩོལ། སྲིད་གཞུང་གི་མངགས་གཏོང་སོགས་ཀྱི་བྱ་གཞག་ཡོད་ཚད་ནི་ཁྲ་ཧན་ཏ་སི་ཀུང་དང་གཅིག་མཐུན་ཡིན། ཆོས་ལུགས་ཀྱི་ཐད་དུ་ཀ་རིང་ལེ་བོ་དགོན་པའི་ལྷ་སྡེ་རུ་གཏོགས་པ་དང་འཚོ་གནས་བྱེད་ཐབས་ནི་ཉེ་འཁོར་གྱི་བོད་ཀྱི་གྲོང་སྡེ་དག་དང་འདྲ་བར“རྨ་ཆུའི་ལྷོ་འགྲམ་གྱི་བདེ་གཞུང་དང་སྟོང་སྐོར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཞིང་སར་གྲོ་དང་སྐེ་ཚེ། སྲན་མ། ཞོག་ཁོག སྔོ་ཚོད། ཤིང་ཏོག་སོགས་གཙོ་བོར་འདེབས་པ་དང་། རྨ་ཆུའི་བྱང་ཕྱོགས་ཀྱི་རི་ངོས་སུ་ར་མ་འཚོས་ཏེ་འཚོ་གནས་བྱེད་པ་ཡིན།” མི་གྲངས་ཆེས་མང་དུས་དུད་ཁྱིམ150ལྷག་དང་ཚོ་བ་བཅུ་གྲངས་ཤིག་ཡོད། མ་པུའུ་ཧྥང་གིས་དབང་བསྒྱུར་དུས་དམག་ཁྲལ་ཧ་ཅང་ལྕི་བས་གཞོན་པ་མང་པོ་ཞིག་ཡུལ་ཕྱོགས་གང་སར་བྲོས་པས་ཤུལ་དུ་ཁྱིམ་ཚང40ལྷག་དང་ཚོ་བ་བཞི་མ་གཏོགས་ལུས་མེད་པ་སྟེ། ཚོ་བ་བཞི་པོ་ནི་མ་འགོ་ཚོ་བ་དང་། སྣང་རའི་ལོའུ་རྒྱལ་ནས་མཆེད་པའི་ལོའུ་རྒྱལ་གོང་འགབ་ཚོ་བ་གཉིས། ཨ་བུ་ཐེ་བུ་ནས་མཆེད་པའི་འཁོར་ལོ་ཚོ་བ་བཅས་བཞི་ཡིན་ནོ། །མ་པུའུ་ཧྥང་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་ཕྱོགས་སུ་དབང་བསྒྱུར་རྗེས་ཟམ་འབིགས་ཐང་ནས་དམག་སྡེ་གསུམ་ཆགས་པ་དང་། མགུལ་སྐྱོང་སྡེ་བའི་འཐུང་ཆུ་ཞིང་ཆུ་ཟམ་འབིགས་ཐང་དུ་དྲངས་ཏེ་ཞིང་སར་ཆུ་གཏོང་དུ་མ་བཅུག་པ་དང་། མགུལ་སྐྱོང་འགག་གི་ཟམ་པ་མེ་སྐྱོན་ཤོར་བ་དང་ཟམ་པ་བརྒལ་བར་ལམ་གླ་བླངས་པ་སོགས་ཀྱིས་མགུལ་སྐྱོང་གི་མི་རྣམས་ས་དེ་ནས་སྡོད་ཐབས་བྲལ་ཏེ། 1940ལོར་ཀ་རིང་ཞང་དུ་གནས་སྤོས་ཤིང་། དུད་ཁྱིམ40ལས་ཁྱིམ་ཚང་བཅུ་བདུན་བིས་ཐང་སྡེ་བའི་གཉའ་ནས་བྱང་ལ་སྤྱི་ལེ་བཞི་ཙམ་ཡོད་པའི་ལ་ལུང་ཁའི་ས་ཆར་བྱིན་ཏེ་དེར་སྡེ་བ་ཆགས་པ་དང་སྡེ་མིང་ལ་ཡང་ལ་ལུང་ཁར་འབོད། ཉེ་འཁོར་གྱི་བིས་ཐང་སོགས་སྡེ་བའི་རྒན་པ་འགའ་ཤས་ཀྱིས་མགུལ་སྐྱོང་ཁ་ཞེས་ཀྱང་འབོད། ཁྱིམ་ཚང་ལྔ་ཆུ་བཟང་སྡེ་བར་ཕྱིན་པ་དང་། ཁྱིམ་ཚང་བཞི་སྟོང་སྐོར་རུ་སོང་བ། ཡང་ཁ་ཤས་གཉེན་ཉེ་རིང་ཕྱོགས་ཏེ་ཧྭ་ལུང་གི་ཀ་མདོ་ས་ཆ་དང་། རྨ་ལྷོའི་གཅན་ཚ། མཚོ་ལྷོའི་ཀོས་ནན་སོགས་སུ་གནས་སྤར།
མགུལ་སྐྱོང་སྡེ་བའི་མི་རྣམས་གནས་སྤོས་ཏེ་གང་སར་སོང་རྗེས་ཤུལ་དུ་རུས་མ་ཅན་གྱི་ཧེའུ་རིགས་ཁྱིམ་ཚང་གཉིས་ལུས་ཡོད་ཅིང་། 1940ལོར་མགུལ་སྐྱོང་གི་བོད་མི་རྣམས་རུ་སྤར་དུས་རུས་མ་ཅན་གྱི་ཧེའུ་རིགས་ཁྱིམ་ཚང་གནས་མ་སྤར་བར་ཤུལ་དུ་བསྡད། བོད་མི་རྣམས་གང་སར་སོང་རྗེས་མ་པུའུ་ཧྥང་གིས་ཁོང་དང་འབྲེལ་བ་བཟང་བའི་མི་མང་པོ་དེར་སྡོད་དུ་བཅུག་པའི་བཤད་སྲོལ་ཡོད་ལ། མི་དེ་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་ཧེའུ་རིགས་ཡིན་པའི་བཤད་སྲོལ་ཡང་འདུག་སྟེ། “སྔོན་ཆད་ཆུ་མཛོད་བསྐྱིལ་ཡོད་སའི་ས་དེར་འགུལ་སྐྱོང་ཟེར་བའི་བོད་སྡེ་ཞིག་ཡོད་ཅིང་། རྗེས་སུ་ས་གནས་གང་སའི་མི་འཛོམས་ཏེ་མགུལ་སྐྱོང་སྡེ་བ་ཆགས། ཆུ་མཛོད་བསྐྱིལ་དུས་ང་ཚོ་ཚང་མ་མཉམ་དུ་གནས་འདིར་སྤར་བ་ཡིན།” གང་ལྟར་གནས་དེར་ཁ་ཆེ་རིགས་ཀྱི་སྡེ་བ་ཞིག་ཆགས་ཏེ་སྡེ་བའི་མིང་སྔར་བཞིན་མགུལ་སྐྱོང་དུ་འབོད་པ་དང་། 2001ལོར་མགུལ་སྐྱོང་འགག་གི་ཆུ་མཛོད་བསྐྱིལ་དུས་སྡེ་བ་དེ་ད་ལྟའི古什群村དུ་འབོད་པའི་གནས་འདིར་སྤོས་པ་དང་སྡེ་མིང་མགུལ་སྐྱོང་རང་སོར་བཞག་འདུག བོད་སྡེ་མགུལ་སྐྱོང་ཀ་རིང་ལ་ལུང་ཁ་ཞེས་པའི་ས་དེར་གནས་སྤོས་རྗེས་ལ་ལུང་ཁ་ཞེས་པའི་ས་མིང་དེ་གསར་དུ་སྡེ་མིང་དུ་ཐོགས། ཤུལ་གྱི་ཁ་ཆེས་མགུལ་སྐྱོང་ཞེས་པའི་སྡེ་མིང་རྒྱུན་འཛིན་བྱས་པ་མ་ཟད། ས་གཞན་དུ་གནས་སྤོས་རྗེས་སྡེ་མིང་སྔར་བཞིན་མ་འགྱུར་བར་འདུག
གཉིས། མགུལ་སྐྱོང་ཞེས་པའི་མིང་གི་བྱུང་བ།
«ཞོན་ཧྭ་ཏིང་གི་ལོ་རྒྱུས»སུ་གྲོང་སྡེ་འདིའི་མིང་ལ古什郡庄ལྟར་བྲིས་འདུག བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ཏུ་མགུལ་སྐྱོང་ཞེས་པའི་ས་མིང་འདི་གཉིས་མ་རྙེད་ཀྱང་། ཞུན་ཧྭ་རྫོང་གི་བོད་རིགས་རྣམས་ཀྱིས“མགུལ་སྐྱོང”དང“མགུར་གཅོང”གི་སྒྲ་རུ་འབོད་ལ། ཟ་ལར་རྣམས་ཀྱིས་སྡེ་མིང་དེ་འབོད་དུས“古群”ཞེས་པའི་སྒྲ་དེ་གཉིས་མ་གཏོགས“什”སྒྲ་མི་འདུག མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས་སུ古什群ཞེས་པ་མགུལ་སྐྱོང་དུ་བྲིས་འདུག མགུལ་ཞེས་པ་ནི་སྐེ་ཡི་དོན་དང་། སྐྱོང་ཞེས་པ་ནི་འཚོ་བར་བྱེད་པ། མགོན་བྱེད་པ། སྲུང་བ་དང་སྐྱོབ་པ། བྱེད་པའམ་འཛིན་པ་སོགས་ཀྱི་ནང་དོན་ལྡན། མགུལ་སྐྱོང་ཞེས་པའི་མིང་དེ་བོད་སྐད་ཡིན་པ་ནི་གཏན་འཁེལ་ཡིན་ཏེ། ད་ལྟའི་ལ་ལུང་ཁའི་བོད་མི་རྣམས་མགུལ་སྐྱོང་ནས་གནས་སྤར་ཡོང་ནས་ལོ་ངོ83མ་གཏོགས་འགོར་མེད་པ་དང་མགུལ་སྐྱོང་ནས་འོངས་པའི་མི་ད་དུང་འཚོ་སྡོད་བྱས་འདུག དེར་མ་ཟད་ཟ་ལར་རིགས་ཀྱིས་དེ་བོད་ཀྱི་ས་མིང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག་སྟེ། “སྔོན་ཆད་ཆུ་མཛོད་བསྐྱིལ་ཡོད་སའི་ས་དེར་མགུལ་སྐྱོང་ཟེར་བའི་བོད་སྡེ་ཞིག་ཡོད་ཅིང་། རྗེས་སུ་ས་གནས་གང་སའི་མི་འཛོམས་ཏེ་མགུལ་སྐྱོང་སྡེ་བ་ཆགས། ཆུ་མཛོད་བསྐྱིལ་དུས་ང་ཚོ་ཚང་མ་མཉམ་དུ་གནས་འདིར་སྤར་བ་ཡིན། རྗེས་ནས་མིང་མ་བརྗེས་པར་སྔར་བཞིན་མགུལ་སྐྱོང་ཞེས་འབོད། ནང་དོན་གསལ་བོ་ཞིག་མི་ཤེས། ཕལ་ཆེར་བོད་མིས་བཏགས་པའི་མིང་ཞིག་རེད”ཅེས་ཤོད་ཀྱིན་འདུག ས་མིང་དེ་ཇི་ལྟར་ཐོགས་པའི་སྐོར་འདྲི་དུས་མི་མང་པོ་ཞིག་གིས་གསལ་བོར་བཤད་མི་ཐུབ་སྟེ། “ད་ལྟའི་ཆུ་མཛོད་ཡོད་སའི་གནས་དེ་ནི་ལུང་ཁུག་ཅིག་ཡིན་པ་དང་མགུལ་སྐྱོང་དེར་གནས་ཡོད། ཧ་ས་ཁུག་དེར་ཡོང་རྗེས་མགུལ་སྐྱོང་གི་མི་རྣམས་ཞུན་ཧྭ་དང་ཧྭ་ལུང་གི་གང་སར་ཕྱིན། མགུལ་སྐྱོང་ནི་ཟ་ལར་སྐད་མ་རེད། རྒྱ་སྐད་ཡིན་རྒྱུ་རེད། གནའ་དུས་ཀྱི་སྡེ་བ་ཞིག་རེད”ཟེར་བ་དང་། “མགུལ་སྐྱོང་ཡོད་སའི་ས་དེ་ནི་དཀར་ཡོལ་ཞིག་དང་འདྲ། ཚུར་ཀའི་རི་འདི་ལྟར་འཁྱོགས་ནས་ཡོད་པ་དང་ཆུ་མཛོད་ཀྱི་རགས་ཡོད་སའི་གནས་དེ་ནི་ཁ་ཕྱེ་ཡོད། ཕར་སོང་ན་འགག་འཕྲང་ཡིན་པ་དང་ཕྱོགས་འདི་ཚང་མ་ནི་རི་ཡིན་པས་དཀྱིལ་གྱི་ས་དེ་དཀར་ཡོལ་ཞིག་དང་འདྲ” ཞེས་གསུངས་མོད། འོན་ཀྱང་ཕྱོགས་བཞིར་རིས་བསྐོར་བའི་བདེ་ཐང་དེ་ལྟ་བུར་བོད་ཀྱིས་ལུང་ཁོག་དང་། དགུ་རོང་མཐིལ། ལུང་གསུམ་ཁུག་ལྟ་བུའི་ས་མིང་བཏགས་ཡོད་པ་ལས། མགུལ་དང་སྐྱོང་དང་འབྲེལ་བའི་ས་མིང་ནི་མི་འདུག མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས་ལས་མཚོ་ཤར་གླེགས་བམ་དུ་མགུལ་སྐྱོང་ཞེས་པ་ནི་བོད་ཀྱི་ཚོ་བ་ཞིག་ཡིན་པར་བྲིས་ཡོད་དེ། “བཤད་རྒྱུན་ལ་བོད་བཙན་པོའི་སྐབས་སུ་དབུས་གཙང་སྟོད་མངའ་རིས་ནས་ཡོང་ཟེར། ས་འཛིན་གྱི་དང་པོ་དེ་རེབ་གོང་འཕྲང་ཡར་ནང་མགོན་ཤུལ་མགུལ་སྐྱོང་ཚོ་བ་ནས་མཆེད། དཔྱི་སའི་གྲམ་པའི་ཆུ་ཕ་རོལ་མགུལ་སྐྱོང་ཐང་ནས་ཆགས། དེ་ནས་ཟམ་འབིགས་ཐང་ནས་ཆགས་ཏེ་རྨ་ཚུར་རོལ་ནས་ཞིང་ལས་དང་རྨ་ཕ་རོལ་ནས་འབྲོག་ལས་བྱས་ཏེ་འཚོ་བ་རོལ”ཞེས་བྲིས་ཡོད་པ་བཞིན་དུ་ལ་ལུང་ཁར་གནས་པའི་བོད་མི་རྣམས་དང་རེབ་གོང་འཕྲང་ཡར་ནང་གི་རྒན་རབས་པ་རྣམས་ལ་དེའི་སྐོར་གྱི་དྲན་ཤེས་གསལ་པོར་ཡོད་དེ། “མགུལ་སྐྱོང་ནི་མགོན་ཤུལ་ནས་ཡིན་པ་དང་རེབ་གོང་འཕྲང་ཡར་ནང་གི་དཔྱི་སར་མགུལ་སྐྱོང་ཞེས་པའི་ཐང་ཞིག་ཡོད་པ་དང་དུས་ད་ལྟའང་མཁར་ཤུལ་དང་ཞིང་སའང་མཐོང་རྒྱུ་འདུག མགོན་ཤུལ་དུ་མགུལ་སྐྱོང་ཞེས་པའི་ཚོ་བ་ཞིག་ཡོད་པ་དང་གནས་དེ་ནས་གཞན་དང་མ་མཐུན་པར་དཔྱི་སར་འོང་། དེ་ནས་ཀྱང་འདུག་ཏུ་མ་བཅུག་པར་ལྡོམ་ནས་མགུལ་སྐྱོང་ནས་བསྡད” ཅེས་ཟེར་བ་དང་། “དཔྱི་སའི་ཡར་ནང་དུ་མགུལ་སྐྱོང་ཞེས་པའི་ས་ཆ་ཞིག་ཡོད་པ་དང་དེ་ནས་མགོན་ཤུལ་ནང་ཡོང་བའི་རྒན་རྒོན་ཞིག་ལོ་མང་པོར་བསྡད་པ་དང་རྗེས་སུ་གང་སར་འཐོར་ཏེ་ལ་ལ་མར་ནང་དུ་སོང་།”ཟེར་བ་བཞིན་མགུལ་སྐྱོང་ནི་བོད་ཀྱི་ཚོ་བ་ཞིག་ཡིན་པ་དང་ཚོ་མིང་སྡེ་མིང་དུ་ཐོགས།ཞུན་ཧྭ་ས་ཁུལ་དུ་ཚོ་བའི་མིང་སྡེ་མིང་དུ་ཐོགས་པའི་དཔེ་མང་པོ་ཡོད་དེ། དཔེར་ན། ཨ་སྡེ་ཚོ་བ་དང་ཨ་སྡེ་སྡེ་བ། འབར་ཚོ་བ་དང་འབར་གཙང་མོ་སྡེ་བ། རྐང་ཚ་ཚོ་བ་དང་རྐང་ཚ་སྡེ་བ། ཀི་ལང་ཚང་དང་བརྡ་ཚང་ལས་ཀི་བརྡ་སྡེ་བ། དོ་བོ་ཚང་དང་དོ་བོ་སྡེ་བ། འོ་སྐོལ་ཚང་དང་འོ་སྐོལ་སྡེ་བ། འཇའ་མོ་ཚང་དང་འཇའ་མོ་སྡེ་བ། རོང་བོ་ཚང་དང་རོང་བོ་སྡེ་བ་སོགས་མང་ངོ་། །
གསུམ། བོད་ཀྱི་མགུལ་སྐྱོང་ཚོ་བ་ནས་ཟ་ལར་གྱི་མགུལ་སྐྱོང་སྡེ་བར་འགྱུར་བའི་རྒྱུ་རྐྱེན།
ས་མིང་ལ་རྒྱལ་ཁབ་ཀྱི་དར་རྒུད་དང་རྒྱལ་རབས་ཀྱི་བརྗེ་སྤོ། མངའ་ཁོངས་ཀྱི་འགྱུར་ལྡོག མི་རིགས་ཀྱི་གནས་སྤོ། གསར་བརྗེའི་རྒྱལ་ཕམ། སྤྱི་ཚོགས་རང་བཞིན་གྱི་འགྱུར་ལྡོག ཚན་རིག་ལག་རྩལ་དང་དཔལ་འབྱོར། རིག་གནས་སོགས་ཀྱི་འཕེལ་རྒྱས་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་འགྱུར་ལྡོག་འབྱུང་སྲིད། མགུལ་སྐྱོང་གི་གནས་ཡུལ་དང་ས་མིང་ལ་མཚོན་ནའང་མི་རིགས་གནས་སྤོའི་དབང་གིས་འགྱུར་ལྡོག་བྱུང་ཡོད་དེ། དེ་ལྟ་བུའི་འགྱུར་ལྡོག་ལ་ཀྲའོ་ཆིན་མིན་གྱི་ཧྲང་ཀྲུའུ་དུས་སྐབས་ཀྱི་རིགས་རྒྱུད་ཀྱི་གནས་སྤོ་དང་ས་མིང་གི་འགྱུར་ལྡོག་ཅེས་པའི་དཔྱད་རྩོམ་ནང་དུ“མི་རིགས་དང་ས་མིང་མཉམ་སྤོས”ཞེས་པའི་གཞུང་ལུགས་ཤིག་བཏོན་ཡོད། དེ་ལའང་མི་རིགས་དང་ས་མིང་མཉམ་སྤོ་བྱེད་པའི་ཕྱོགས་ཡོངས་རང་བཞིན་གྱི་མཆེད་སྤོ་དང་། མཆེད་ཡུལ་གྱི་ས་མིང་ལ་སྟོད་སྨད་གསར་རྙིང་སོགས་ཀྱི་ཚིག་སྦྱར་ཏེ་ཁྱད་པར་དགར་བའི་མཆེད་སྤོ། མཆེད་ཡུལ་དང་སྤོ་ཡུལ་གྱི་ས་མིང་གཉིས་ལས་གྲུབ་པའི་མཉམ་འདུས་རང་བཞིན་གྱི་མཆེད་སྤོ་བཅས་རིགས་གསུམ་དུ་བཀར་འདུག བོད་ཀྱི་སྡེ་བ་མགུལ་སྐྱོང་གི་མཆེད་སྤོ་ནི་རིགས་འདི་གསུམ་ལས་གང་ལའང་མི་གཏོགས་པར། ཀ་རིང་ཡུལ་གྱི་ལ་ལུང་ཁ་ཞེས་པའི་སར་གནས་སྤོས་རྗེས་ས་དེའི་མིང་སྡེ་མིང་དུ་གསར་དུ་ཐོགས། ཟ་ལར་རིགས་ཀྱི་མགུལ་སྐྱོང་སྡེ་བས་ནི་གོང་གི་མཆེད་སྤོ་རིགས་དང་པོ་སྟེ་མི་རིགས་དང་ས་མིང་མཉམ་སྤོ་བྱེད་པའི་ཕྱོགས་ཡོངས་རང་བཞིན་གྱི་མཆེད་སྤོ་བྱས་འདུག མགུལ་སྐྱོང་ཞེས་པ་ནི་བོད་ཀྱི་ཚོ་བ་དང་སྡེ་བའི་མིང་ཞིག་ཡིན་པས་དེར་སྡོད་ཀྱི་ཟ་ལར་རྣམས་ཀྱིས་ས་མིང་ཞིག་གསར་དུ་མ་བཏགས་པར་བོད་ཀྱི་ས་མིང་དེ་ཉིད་རྒྱུན་འཛིན་བྱས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ས་མིང་ལ“ཡུལ་མིང་བདག་པོ་ལ་བསྟུན་པའི”རྩ་དོན་ཞིག་ཡོད་ཅིང་། མིང་བདག་པོར་བསྟུན་པ་ཞེས་པ་ནི་བྱ་དངོས་ཀྱི་མིང་ནི་སྔར་གྱི་བདག་པོས་བཏགས་ཡོད་པའི་མིང་དེ་འཛིན་དགོས་པ་སྟེ་ས་གནས་དེའི་གཉུག་མའི་སྡོད་དམངས་ཀྱིས་བཏགས་ཡོད་པའི་མིང་དེ་ས་དེ་གའི་མིང་དུ་བྱས་པ་ཞིག་ཡིན། མགུལ་སྐྱོང་གི་བོད་མི་རྣམས་གནས་གཞན་ལ་སྤོས་རྗེས་ཤུལ་དུ་ཟ་ལར་གྱི་སྡེ་བ་ཞིག་ཆགས་པ་དང་ཁོ་ཚོས་བོད་མིང་དེ་སོར་འཇོག་བྱས། དེ་ནས་ཁོ་ཚོ་མགུལ་སྐྱོང་དུ་སྡོད་མ་ཐུབ་པར་གནས་སྤོ་བྱེད་དུས་སྡེ་མིང་ཡང་མཉམ་སྤོར་བྱས་འདུག བོད་མི་རྣམས་ཀྱིས་མགུལ་སྐྱོང་ཞེས་པའི་མིང་དེ་ཅིའི་ཕྱིར་རྒྱུན་འཛིན་མ་བྱས་པ་ཡིན་ནམ་ཞེ་ན། ཁོ་ཚོ་མགུལ་སྐྱོང་ནས་ལ་ལུང་ཁར་སྤོས་རྗེས་བིས་ཐང་སྡེ་བའི་རྒན་རབས་པ་རྣམས་ཀྱིས་མགུལ་སྐྱོང་ཁ་ཞེས་འབོད་ལ། ཁོ་ཚོ་རང་ཉིད་ཀྱིས་ཀྱང་མགུལ་སྐྱོང་ཞེས་པའི་མིང་དེ་སྤྱད། འོན་ཀྱང་དེ་ལྟར་བྱས་ན་མིང་གཅིག་གིས་ས་ཆ་གཉིས་སྟོན་དགོས་པ་དང་ས་མིང་མ་གཏོགས་གནས་ཡུལ་ལ་གསལ་ཆ་མེད་པའི་མི་ཞིག་ཡིན་ཕྱིར་ས་དེ་གཉིས་བར་ནོར་འཁྲུལ་འབྱུང་སླ་བའི་ཉེན་ཁ་ཡོད་དེ། དཔེར་ན། “སྔོན་ཆད་གོང་རིམ་གྱི་ལས་བྱེད་མི་སྣ་ལ་ལུང་ཁར་རྟོག་ཞིབ་ཏུ་ཡོང་བ་དང་། དེ་དུས་སྡེ་མི་རྣམས་ཀྱིས་མགུལ་སྐྱོང་ནས་ཡིན་ཚུལ་དང་དེ་ནས་སྡོད་མ་ཐུབ་པར་འདིར་ཡོང་ཚུལ། གནས་འདིའི་ས་བཅུད་མི་ལེགས་ཚུལ། རྒན་རྒོན་རྣམས་ཀྱིས་རང་ཡུལ་དྲན་ནས་བཟོད་ཀྱིན་མེད་པ། ལ་ལུང་ཁར་སློབ་གྲྭའང་མེད་པ་སོགས་ཀྱི་གནས་ཚུལ་བཤད་པ་ན་གོང་ནས་མགུལ་སྐྱོང་ལ་སློབ་གྲྭ་ཞིག་ཆོག་མཆན་བཀོད་པ་དང་། རྫོང་གི་ལས་བྱེད་མི་སྣས་མགུལ་སྐྱོང་ཞེས་པའི་མིང་དེ་མཐོང་དུས་ཟ་ལར་གྱི་མགུལ་སྐྱོང་སྡེ་བ་ཡིན་པར་བསམ་ནས་དེར་སློབ་གྲྭ་བསྐྲུན། རྗེས་སུ་བོད་ཡིག་གི་དཔེ་ཆ་ཡོད་པ་མཐོང་དུས་ད་གཟོད་ལ་ལུང་ཁར་ཁས་བླངས་པའི་སློབ་གྲྭ་དེ་ཤུལ་དུ་ཟ་ལར་གྱི་མགུལ་སྐྱོང་སྡེ་བར་བསྐྲུན་པ་ཤེས། ”ས་མིང་ལ་སྤྱི་ཚོགས་འབྲེལ་འདྲིས་ཀྱི་རང་བཞིན་ལྡན་པས་དེ་ལྟ་བུའི་རྙོག་འཛིང་ལ་གཡོལ་ཅི་ཐུབ་བྱེད་དགོས། །
མཆན། འདྲེན་རྟགས་སུ་བཀོད་པའི་ཁ་བརྡ་དག་ནི་ས་གནས་ཀྱི་བོད་རིགས་དང་རྒྱ་རིགས། ཧུའེ་རིགས་སོགས་རྒན་པའི་སྐོར་ལ་བཅར་འདྲི་བྱས་པའི་ནང་དོན་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།