རྫ་སྟོད་འབེ་ཚང་གི་བྱུང་རབས། ཞིང་རུ་སྐལ་བཟང་བཀྲ་ཤིས།

རྩོམ་པ་པོ།:ཞིང་རུ་སྐལ་བཟང་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-02-22 10:00:21 ཀློག་གྲངས།:

རྫ་སྟོད་འབེ་ཚང་གི་བྱུང་རབས་ངོ་སྤྲོད་མཐོང་བ་ཡིད་འཕྲོག
ཞིང་རུ་སྐལ་བཟང་བཀྲ་ཤིས། སུམ་པ་རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།

       འདིར་འབེ་ཚང་གི་བྱུང་རབས་བཤད་པ་ལ་གཙོ་བོ་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་རང་རྣམ(1718-1790)རྩོམ་འཕྲོ་ཅན་དང་རྫོང་གསར་མཁྱེན་བརྩེ་དབང་པོས(1820-1892)མཛད་པའི་འབེ་ལོའི་རྣམ་ཐར་གཉིས་ལ་གཞུང་བསྲངས་ཏེ་ཟུར་མང་ཆོས་འབྱུང་སོགས་གནད་ཡོད་ཡིག་ཚང་ཁག་གིས་ཁ་སྐོང་སྟེ་འབེ་ཚང་གི་བྱུང་རབས་ལོ་རྒྱུས་འཆད་པར་བྱ། འབེ་ལ་བྷེ་དང་བེེ་སོགས་འབྲི་ཚུལ་ཅི་རིགས་སྣང་ཡང་འདིར་འབེ་ལོའི་རང་རྣམ་དུ་འབེ་ཞེས་བྲིས་འདུག་པ་དེ་ལྟར་བཀོད་ཡོད།
       གཤམ་དུ་གོང་གི་རྣམ་ཐར་སོ་སོར་རང་རྣམ་དང་རྣམ་ཐར་ཞེས་འགོད་རྒྱུད་ཡིན། དེ་ཡང་འབེ་ཚང་གི་གནས་གཞི་ནི་རང་རྣམ་དུ་འཁོད་དོན་ལྟར་ན། བོད་ཆེན་པོའི་ས་ཆ་མདོ་ཁམས་སྒང་དྲུག་ལས་ཟལ་མོ་སྒང་དང་སྨར་ཁམས་ཀེ་རེ་སྒང་གི་བར་ནུབ་ཟླ་ཆུ(རྫ་ཆུ)ཀླུང་ཆེན་པོའི་གཡོན་འགྲམ་ངོགས་གདན་ས་ཆེན་པོ་འོག་མིན་ཀརྨའི་གཙུག་ལག་ཁང་ནས་ལེ་དབར་ཕྱེད་ཙམ་དང་བཀྲ་ཤིས་ཟུར་མང་དགོན་དང་ལེ་དབར་ཙམ་འགྱང་བའི་བར་ལག་འབེ་རྫ་ཉིན་དམ་ཐོབ་སྒང་ཞེས་ལྷའི་དགེ་བསྙེན་འབེ་རྒྱལ་ཆབ་ལྷ་རྫོང་ཁྲོམ་གྱིས་བདེ་བར་སྐྱོང་བའི་ཞོལ་དུ་ཡོད། དེང་སང་སྲིད་འཛིན་ལྟར་ན་ཆབ་མདོ་གྲོང་ཁྱེར་མཁར་རོ་ཆུས་ཀརྨ་ཤང་དམ་ཐོབ་སྲིད་འཛིན་དམ་ཐོབ་གྲོང་དུ་ཆགས་ཡོད། ཆོས་སྲིད་ཀྱི་ཆ་ནས་རང་རྣམ་ལྟར་ན་ཡོན་རྒྱལ་རབས་དང་ས་སྐྱའི་དུས་ནས་བཟུང་འབེ་པོ་རུའི་མཆོད་གཞིས་དང་དེ་ནས་འོག་མིན་ཀརྨ་དགོན་པའི་ལྷ་སྡེ། རྒྱལ་དབང་ལྔ་པ་ནས་བཟུང་འབེ་ལོ་རང་གི་དུས་དང་དམངས་གཙོ་བཅོས་བསྒྱུར་བར་སྟག་ལུང་རི་བོ་ཆེ་རྩེ་ཞབས་དྲུང་གི་མངའ་ཞབས་མི་སེར་ཡིན་པ་བཅས་ལོ་རྒྱུས་དང་མཐུན། གསལ་བཤད་དུ་ཀམ་ཚང་གི་བརྒྱུད་པ་ལས་ཟུར་མང་གི་ཆོས་བརྒྱུད་བྱུང་བ་དང་སྦྲགས་འབེ་ཚང་གི་མི་སྡེ་དང་ཟུར་མང་ལ་འབྲེལ་བ་ཆེ་སྟབས་རིམ་པར་ཟུར་མང་ཆོས་བརྒྱུད་ཀྱི་ལྷ་སྡེ་ལྟ་བུར་གྱུར་ཡོད།
       འབེ་ཚང་གི་རུས་ཁུངས་ནི་བོན་དཔེ་དབུ་ནག་མིའུ་འདྲ་ཆགས་སུ་འགྲུ་རྭ་ཅོ་ཅན་ལ་བཅོ་བརྒྱད་ཡོད། འགྲུ་རྗེ་དཀར་པོའི་གདུང་རྒྱུད་ཡིན། བྷེ(འབེ)ཇིར་མང་ཐང་པོས་རྒྱལ་ས་བཟུང་། དེ་གདན་ས་མི་ལ་མ་ཤོར་བ། ས་ཐེལ་ཁྲ་བོའི་རྒྱུད་པ་ལ། ཤར་ན་འགར་དང་རོང་པོ་གཉིས། སྒ་དང་སྐྱུར་ར་གཉིས་དང་བཞི། ཤར་མི་འགྱུར་གྱི་སྒྲོན་མེ་བཀྱག་མི་ཡིན་ཞེས་འཁོད་པ་ལྟར་ན་ཡུལ་ཤུལ་རྫོང་གི་མངའ་ཁོངས་རྣམ་ཤར་ཕྱོགས་བྱས་པའི་ནུབ་ངོས་འབེ་ཇིར་མང་ཐང་པོའི་གནས་གཞི་ནི་དེང་ནང་ཆེན་མོ་གྲོང་ཤང་གི་ཕྱོགས་སུ་ཡིན་ཚོད་ཆེ་ལ་དྲུང་རྨ་སེས་ཟུར་མང་དགོན་བཏབ་པ་ནས་བཟུང་ཇིར་མང་ལ་ཟུར་མང་གི་སྒྲ་འགྱུར་བ་དོགས་གནད་ཤིན་ཏུ་ཆེ། རྒྱུ་མཚན་གཞན་ཞིག་ནི་མོ་གྲོང་ཤང་ཟུར་མང་དགོན་ཆགས་སའི་ཡོས་གཞུང་ལུང་པའི་ཕུ་མདར་མཁར་ཤུལ་དང་གནའ་ཤུལ་ཆེས་མང་ལ་ཕལ་ཆེར་སུམ་པའི་རྒྱལ་ཕྲན་སྐབས་སུ་རིགས་འདེད་ནུས་ལ་འབེ་ཚང་ནི་སྐབས་དེར་སུམ་པའི་སྟོང་སྡེ་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་མིན་ནམ་དཔྱད་བྱར་འོས། འབའ་རོང་ཆོས་འབྱུང་ལས་ཤོ་ཕུ་གསེར་ཕྲེང་ནང་འབེ་བྱང་ཆུབ་མགོན་པོ་ཞེས་ལུས་མེད་རྡོ་རྗེའི(1227-1292)བཀའ་བབ་ཀྱི་སློབ་མ་ཡིན་ལ་ནང་ཆེན་ཁྲི་རབས་ཞི་པ་ཡང་ཡིན་པ་གསལ། སྣག་དབོན་ཡོན་ཏན་དཔལ་ལ་ནང་ཆེན་བཟུང་བའི་བཀའ་ཤོག་གནང་། རྗེས་སོར་ནང་ཆེན་འགྲུ་རྗེའི་རྒྱལ་རབས་བྱུང་ཚུལ་སོགས་གསལ་བས། འབེ་ཚང་དང་ནང་ཆེན་འགྲུ་རྗེའི་བར་འབྲེལ་བ་ངེས་ཅན་ཡོད་ཀྱང་གནས་སྐབས་དཔྱད་བྱར་ལུས། འབྲི་གུང་གླིང་ལོག་སྐབས་ཀྱི་མདོ་ཁམས་དཔོན་ཆེན་རྣམ་བཞི་ལས་འགྲུ་རྗེ་ཐར་པ་རྒྱལ་མཚན་ནི་འབེ་བྱང་ཆུབ་མགོན་དང་དུས་མཉམ་ཡིན་པ་བོན་གྱི་ཁྱུང་རབས་ལོ་རྒྱུས་དང་ཤོ་ཕུ་གསེར་ཕྲེང་དུའང་གསལ། འདི་རུས་འབེ་ཡིན་མིན་དཔྱད། རང་རྣམ་དུ་འབེ་ཚང་གི་རུས་ཁུངས་ནི་བོད་མིའུ་གདུང་དྲུག་ལས་ཨ་ལྕགས་འབྲུ་ཡི་བྱེ་བྲག་གནམ་འབེ་དཀར་པོ་དང་ས་འབེ་ཁྲ་བོའི་རྒྱུད་པ་ལས་བྱུང་བར་གསུངས་པ་ནི་གོང་གསལ་བོན་དཔེ་དབུ་ནག་མིའུ་འདྲ་ཆགས་ཀྱི་དོན་ཐོག་ཏུ་གནས། བོད་སིལ་བུའི་དུས་བོད་ཀྱི་ཡུལ་ལུང་ཁག་ཏུ་ཆོས་སྲིད་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་ཐོག་མར་འབེ་ཚང་གི་གནས་གཞི་གཙོ་བོ་ཇིར་མང་ངམ་ཟུར་མང་ཕྱོགས་ནས་དེང་གི་འབེ་རྫ་ཉིན་དམ་ཐོབ་ཏུ་འཕོས་པ་མིན་ནམ་བསམ། དེང་སང་ལྟར་ན་རྩི་ཟླ་སྒང་གི་སྟོད་སྨད་ཙམ་དུ་སྤྱི་ལེ30ཡས་མས་ལས་མི་འགྱང་། རང་རྣམ་དུ་ཡོན་རྒྱལ་རབས་ཀྱི་ས་སྐྱའི་དུས་ནས་བཟུང་ད་ལྟའི་བར་ཕལ་ཆེར་གནས་གཞི་གཙོ་བོ་ནི་འབེ་རྫ་ཉིན་དམ་ཐོབ་ཏུ་ཡིན་པའི་ལོ་རྒྱུས་འཁོད་ཡོད། གཞན་ལྷོ་རོང་ཆོས་འབྱུང་ནང་དུས་རབས12མཇུག་དང13འགོར་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རྡོ་སོལ་བའི(1187-1229)ཡོན་བདག་ཏུ་ཆབ་མདོའི་མར་ཐང་དུ་ཡོན་ཆེན་འབེ་ཁྲོ་རྒྱལ་ཞེས་ཡོད་པས་འབེ་ཚང་དང་འབྲེལ་བ་གང་ཡོད་མིན་དཔྱད་གཞིར་ལུས།
       སྔ་ཕྱིར་སུམ་པ་དང་བོད་བཙན་པོའི་དུས་འབེ་ཚང་གི་མི་རབས་དང་དཔོན་རབས་གང་བྱུང་སོ་སོར་ཤོད་ཐབས་བྲལ་ནའང་རང་རྣམ་དུ་ས་སྐྱའི་དུས་ནས་བཟུང་འབེ་དཔོན་ཨ་བ་ནག་རོང་དང་འབེ་དཔོན་ཀརྨ་དཔལ་ལྡན་སོགས་ས་གྲུ་རེའི་བདག་པོ་ཡིན་པ་རགས་རིམ་འཁོད་ཡོད། ས་གྲུ་རེ་ཞེས་སྲིད་དབང་འགྱུར་ལྡོག་དབང་གིས་ཕྱིས་བྱུང་གི་མངའ་ཁོངས་ཙམ་སྨོས་པར་འདུག དེ་ཡང་དེང་སང་ལྟར་ན་ཀརྨ་ཤང་གི་འབེ་རྫ་ཉིན་དམ་ཐོབ་སྲིད་འཛིན་དང་མདའ་ནགས་སྲིད་འཛིན། གྱམ་བདེ་སྲིད་འཛིན། འབེ་སྟོད་ནང་ཆེན་ཉག་ལའི་ས་ཁོངས་ཁག་གཅིག་ཡིན། དུས་རབས16མཇུག་ཙམ་ནས་འབེ་དཔོན་ཀརྨ་དཔལ་ལྡན་ཞེས་པ་བྱུང་ཞིང་དེ་རྗེས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་ཡབ་ནས་བཟུང་འབེ་དཔོན་ཚང་གི་མི་རབས་རྒྱུད་རིམ་རྣམས་ཟུར་ཙམ་བཀོད་ན། འབེ་སྒྲོལ་མ་མགོན། དེའི་སྲས་འབེ་དབང་རྒྱལ། དེའི་སྲས་འབེ་ཀ་ཆོས། དེའི་སྲས་འབེ་ལྷུན་གྲུབ། དེའི་སྲས་འབེ་རབ་བཟང་། དེའི་སྲས་ཀ་རབ། དེའི་སྲས་འབེ་མཁྱེན་རབ(1925-1986)དང་རྡོ་རྗེ་གཉིས། རྡོ་རྗེ་ད་ལྟ་དགུང་ལོ85སྟེང་བཞུགས་བཞིན་ཡོད། དེའི་སྲས་པད་མ་དགེ་འདུན་དང་ཀརྨ་ཀུན་ཁྱབ་སྒྲ་དབྱངས། ཨོ་རྒྱན་སེང་གེ་གསུམ་བཞུགས་ཡོད། པད་མ་དགེ་འདུན་གཞིས་སྡོད་དང་ཀརྨ་ཀུན་ཁྱབ་སྒྲ་དབྱངས་ནི་ཀརྨ་སྒར་བྲིས་ལྷ་བཟོ། ཨོ་རྒྱན་སེང་གེ་ནི་ཡབ་མེས་ཀྱི་གདན་སར་སེར་མོ་བའི་རྣམ་ཐར་སྐྱོང་བཞིན་ཡོད། ས་སྐྱ་ནས་འགོ་བཙུགས་ཏེ་བོད་ཁམས་ཡོངས་ཆོས་སྲིད་ཟུང་འབྲེལ་གྱི་དབང་བསྒྱུར་སོང་ཙང་འབེ་དཔོན་ཚང་གི་ཁྱིམ་རྒྱུད་དུ་བྱུང་བའི་མཁས་གྲུབ་ཀྱི་སྐྱེས་ཆེན་མང་པོ་ཞིག་བྱུང་འདུག་པ་རང་རྣམ་དུ་འཁོད་པ་བཞིན་དུས་རབས་སྔ་ཕྱིའི་གོ་རིམ་ལྟར་ཡིག་ཚང་ཁག་གཅིག་དང་འབྲེལ་ནས་རགས་ཙམ་ངོ་སྤྲོད་ཞུས་ན།
       དང་པོ། ས་སྐྱའི་ཏི་ཤྲི་ཀུན་དགའ་རྒྱལ་མཚན(1310-1358)གྱི་ཐུགས་སྲས་འབེ་དབང་ཕྱུག་རྡོ་རྗེ་ཡིན། གཙང་ས་སྐྱའི་ཆོས་གྲྭར་ཞུགས་ཏེ་མཁས་པ་ཆེན་པོར་གྱུར། ཡོན་གོང་མ་དང་མཆོད་ཡོན་གྱུར་བར་བཤད། ཞིབ་ཕྲའི་གནས་ཚུལ་དེང་སང་གོ་རེག་མ་བྱུང་རུང་ཏི་ཤྲི་འདས་རྗེས་ཀྱི་ལོ་བཞི་པ་སྟེ1362ལོར་མུན་གུང་གུང་གི་ཆོ་ལོ་བསྩལ་བའི་སྐོར་བོད་ཀྱི་ཐམ་དེབ་དུ་གསལ་བས་དེ་ཡིན་ནམ་དཔྱད། གསུང་འབུམ་སོགས་གང་ཡོད་ཁ་གསལ་མ་བྱུང་།
       གཉིས་པ། རང་རྣམ་དུ་འབེ་པོ་རུ་བྱམས་ཆོས་པའམ་འབེ་བྱང་ཆུབ་རྒྱལ་མཚན་ཉིད་དུས་རབས་བཅུ་བཞི་སྨད་ཙམ་དུ་འབེ་ཚང་གི་གདུང་ལ་འཁྲུངས། ས་སྐྱ་དང་བོ་དོང་ཨེ། མཚུར་ཕུ། ཀརྨ་དགོན། སྤོ་བོ་ཕུ་ལུང་སོགས་ཆོས་གྲྭར་ཐོས་བསམ་གྱི་ལས་ལ་ཞུགས། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན(1312-1375)དང་བོ་དོང་པཎ་ཆེན(1375-1450)སོགས་བསྟེན་ནས་བྱམས་ཆོས་ལ་ཤིན་ཏུ་མཁས། གཞན་ཀརྨ་པ་རོལ་པའི་རྡོ་རྗེ(1340-1383)ཡང་བསྟེན། མིང་གོང་མས་དབུ་བླར་བསྐུར་ཞིང་འཇའ་ས་སོགས་ཀྱིས་བསྔགས་པར་གསུངས། དེང་སང་ཁོང་གི་གསུང་འབུམ་པོ་ཏི་གཅིག་བཞུགས་འདུག་པར་ས་སྐྱ་བླ་མ་བསོད་ནམས་རྒྱ་མཚོའིམཛད་པ་ཐ་མའི་རྣམ་ཐར་གཙང་ས་སྐྱར་བྲིས་པ་དང་ཏ་མིང་རྒྱལ་པོར་གདམས་པ་ཞེས་པའི་ནང་གོང་མའི་གསེར་ཡིག་པ་བློ་གྲོས་བརྒྱུད་ནས་བཀའ་ལུང་གནང་སྤྱིན་འབྱོར་བ་ཐུགས་ལ་བཏགས་པ་གསུངས་ཤིང་ཕྱིར་རྒྱལ་པོའི་ཞབས་བརྟན་དུ་བལ་ཡུལ་ཤིང་ཀུན་མཆོད་སྡོང་སངས་རྒྱས་རིང་བསྲེལ་ཅན། བྱམས་པ་དང་འཇམ་དབྱངས་ཐང་སྐུ་སྤུས་ལེགས་གཅིག ཀརྨ་པཀྴིའི་དངུལ་སྐུ་སྤུས་ལེགས་གཅིག རྒྱ་འགྱུར་གཟུང་འབུམ་པོ་ཏི་གཅིག བྱང་ཆུབ་ཤིང་གི་ལོ་མ་གཅིག་བཅས་ཕུལ་བ་དང་གོང་མར་ཆོས་སྐྱོང་བའི་རྒྱལ་པོ་ཞེས་བསྔགས་བརྗོད་གནང་བ་འཁོད་འདུག ཞབས་བརྟན་ཕུལ་སྐབས་མདོ་ཁམས་པོ་རུ་བྲག་ཕུག་གྲུབ་གནས་ལྷ་ཡི་ཕོ་བྲང་ནས་བྱི་བ་ལོའི་ཟླ་བརྒྱད་ཚེས་ཉི་ཤུ་ཡིན་པ་གསུངས་ཞིང་དེ་ནི་ཕལ་ཆེར་ཁོང་གི་སྐུ་ཚེ་མཐའ་མཇུག་གི་སྐབས་འཁེལ་འདུག་བསམ་ལ། མིང་གོང་མ་ཡུང་ལི་རྒྱལ་པོའི་དུས་ལྕགས་བྱི་སྟེ་སྤྱི་ལོ1420ལོར་ཡིན་པར་སྣང་བ་དཔྱད། ས་སྐྱ་བདག་ཆེན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས(1597-1659)ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་དུ་ཁོང་གི་དངོས་སློབ་ཏུ་ཀརྨ་བྱམས་ཆོས་པ་བྱང་ཆུབ་རྒྱལ་མཚན་ཞེས་འཁོད་ལ་རྣམ་ཐར་མཛད་པ་སོགས་གོང་གསལ་གསུང་འབུམ་ནང་བཞིན་འཁོད་འདུག ད་དུང་ཏྭ་མིང་གོང་མའི་དབུ་བླ་ཆེ་བཞི་ནང་ཚན་ས་སྐྱའི་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན(1349-1425)ཉིད་ཀྱི་སློབ་ཚོགས་སུ་ཀརྨ་བྱམས་ཆོས་པ་ཡོད་པའང་འཁོད། ཁོང་ལ་གོང་མའི་གནང་བའི་བཀའ་ལུང་ཡང་དུས་དེར་ཡིན་སྙམ། དྲུང་རྨ་སེའི་བློ་གྲོས་རིན་ཆེན(1386-1428)རྣམ་ཐར་དུ་སྤྱི་ལོ1412ནས1420བར་རྨ་སེས་སྔ་ཕྱིར་ཐེངས་གསུམ་ཙམ་མཇལ་ནས་ཆོས་འབྲེལ་རྒྱུད་ལུང་མང་པོ་ཞུས་པ་འཁོད་ཡོད། དེའང་ཁོང་ཉིད་སྐུ་ཚེ་མཐའ་མའི་སྐབས་ནང་ཆེན་སྤྲེལ་ཚྭ་ཤང་ཁོངས་སུ་པོ་རུ་དགོན་བཏབ་ནས་སྒྲུབ་པ་བསྐྱངས་ཏེ་སྐུ་ཚེ་རྫོགས་པར་བཤད་ཀྱིན་ཡོད། མཐར་འབེ་པོ་རུ་བྱམས་ཆོས་པ་ཞེས་གྲགས་པ་ཆེ་བར་བྱུང་། ད་དུང་ཟུར་མང་ཆོས་འབྱུང་དང་ཀམ་ཚང་གསེར་ཕྲེང་ནང་འཁོད་ཅིང་དེང་སང་གསུང་འབུམ་པོ་ཏི་གཅིག་ལས་མ་མཇལ།
       གསུམ་པ། འབེ་རོང་སྒོ་བ་ཆོས་སྐྱོང་རྒྱལ་མཚན་ཞེས་རང་རྣམ་དུ་འཁོད་ཀྱང་ཞིབ་ཕྲའི་ལོ་རྒྱུས་གཞན་མ་བརྙེད། ཁོང་གི་རི་ཁྲོད་ཤུལ་ནི་དེང་འབེ་རྫ་ཉིན་དམ་ཐོབ་གྲོང་གི་རྫ་ཀེ་སུམ་མདོར་འབེ་རོང་ཞེས་འབེ་རྒྱལ་ཆབ་ལྷ་རྫོང་ཁྲོམ་གྱི་གཤམ་དུ་མཐོང་རྒྱུ་འདུག །
       བཞི་པ། འབེ་ས་རུ་གཅོད་པ་ཡབ་སྲས་ཞེས་གཅོད་བརྒྱུད་འཛིན་པ་ཤིན་ཏུ་སྐད་གྲགས་ཆེ་བར་བྱུང་། ས་རུ་བསོད་ནམས་དཔལ་འབྱོར(1506-1559)ནི་ཡབ་འབེ་དོན་འགྲུབ་བཟང་པོ་དང་ཡུམ་དབང་འཚོའི་སྲས་སུ་འཁྲུངས། ས་སྐྱ་གླེ་མདའ་དགོན་དུ་བཞུགས་ནས་སྔགས་གསར་རྙིང་དང་ལམ་འབྲས། གསོ་རིག་རྒྱུད་བཞི་ལ་མཁས་པར་སྦྱང་། རབ་ཏུ་བྱུང་ནས་སྐྱོ་མདའ་ཆོས་རྗེའི་མདུན་བསྙེན་རྫོགས་ཞུས། རྟོགས་ལྡན་སེང་གེ་འབལ་བའི་སློབ་མ་རུ་མདའི་གཅོད་པ་དབང་ཕྱུག་རྡོ་རྗེའི་སློབ་བརྒྱུད་གཅོད་པ་ཆོས་ཀྱི་རིན་ཆེན་མདུན་ནས་གཅོད་གསན་ནས་རྩལ་རྫོགས། གཞུང་པོད་དུ་མ་མཛད། རྗེས་སུ་ཡུམ་སྲས་རྒྱུད་བཅས་བྱུང་། སྲས་ཀྱི་མཚན་ལ་ཀུན་དགའ་དཔལ་འབྱོར་ཞུ། སློབ་མ་རྟ་གསར་བླ་མ་བློ་གྲོས་བཟང་པོ། རིགས་སྲས་ཀུན་དགའ་དཔལ་འབྱོར་སོགས་བྱུང་། ཟུར་མང་གཅོད་བརྒྱུད་ལས་ཨ་གྲོ་བླ་མ་དོན་འགྲུབ་བཀྲ་ཤིས་ཀྱིས་ས་རུ་ཡབ་ལ་གཅོད་དབང་དང་སྲས་ལས་གཅོད་ཁྲིད་ཞུས། ཕྱིས་བཞུགས་གནས་གཙོ་བོ་ཟུར་མང་རྡོ་དགོན་ལོ་ཆེ་སྒྲུབ་གནས་ཡིན། མཐར་ས་རུ་ཡབ་སྲས་གང་ཞིག་འཇའ་ལུས་གཤེགས་ས་ནི་འབྲོང་པའི་གནས་རི་པད་མ་ཡིན་པ་གསུངས། འདིའི་སྐོར་རང་རྣམ་དང་ཟུར་མང་ཆོས་འབྱུང་། ཟུར་མང་གཅོད་བརྒྱུད་བེའུ་བུམ་སོགས་ལས་གསལ་ཞིང་འབེ་ཚ་བཀྲ་དགའ་ལགས་ནས་རྒྱུ་ཆ་སྣ་ཚོགས་མཁོ་འདོན་བྱུང་བ་བཅས་སོ། །
       ལྔ་པ། རྟ་ནག་ཐུབ་བསྟན་མཁན་པོ་ངག་དབང་བརྟན་པའི་རྡོ་རྗེ་ནི་འབེ་ཚང་གི་རུས་ལ་དུས་རབས་བཅུ་བདུན་སྟོད་ཙམ་དུ་འཁྲུངས། གཙང་རྟ་ནག་དགོན་པའི་གདན་རབས་དང་རྟ་ནག་ཆོས་འབྱུང་ལྟར་ན་ཁོང་ཉིད་ཐོག་མར་གཅང་རྟ་ནག་དགོན་དང་ས་སྐྱ་དགོན། ངོར་ཨེ་ཝམ་ཆོས་སྡེ་སོགས་ལ་གཞུང་ཆེན་ཁག་ལ་ཐོས་བསམ་སྦྱང་ནས་མཁས་པར་གྱུར། རྟ་ནག་ཐུབ་བསྟན་གླིང་གི་མཁན་རབས་བཅུ་བདུན་པའི་ཁྲིར་ལོ་བཅུ་གཉིས་བཞུགས། གཞན་རྩེ་གདོང་དགོན་དང་གྱེར་རེ་སྲག་རྩེ་དགོན། རྐྱང་ཕུ་ཚྭ་ཐོག་དགོན་པའི་གདན་ས་མཛད། ཨེ་ཝམ་ཆོས་སྡེར་འཕྲིན་ལས་ཀྱང་སྐྱོང་། གསུང་འབུམ་པོད་བཅུ་གཉིས་ཙམ་ད་ལྟ་བཞུགས་པ་འཁོད་ཡོད། གཞན་སློབ་རྒྱུད་སོགས་མང་རུང་འདིར་མ་བཀོད། རང་རྣམ་དང་རྟ་ནག་ཐུབ་བསྟན་གླིང་གི་གདན་རབས། རྟ་ནག་ཆོས་འབྱུང་སོགས་ནས་ཁོལ་དུ་ཕྱུང་སྟེ་བཀོད་པ་ཡིན།
       དྲུག་པ། ཟུར་མང་ཆེ་ཚང་སྐུ་ཕྲེང་ལྔ་པ་འབེ་ཀརྨ་འགྱུར་མེད་སྙིང་པོ(1607-1659)ཉིད་འབེ་རྫ་ཉིན་དམ་ཐོབ་ཏུ་འབེ་ཚང་ལ་ཡབ་འབེ་དཔོན་ཀརྨ་དཔལ་ལྡན་གྱི་སྲས་སུ་འཁྲུངས། གར་དབང་སྐུ་ཕྲེང་གསུམ་པ་ཀརྨ་བསྟན་སྐྱོང་དང་ཆུང་ཚང་སྐུ་ཕྲེང་བཞི་པ་ཀརྨ་རྣམ་རྒྱལ་སོགས་བསྟེན་ནས་ཟུར་མང་ཆོས་སྐོར་ཞུས། དབུས་ཟུར་རི་གྲྭ་སར་ལོ་མང་བཞུགས། བེ་རིས་བཙོན་དུ་བཟུང་བར་གྲུབ་པའི་མཚན་མ་བརྙེས། འབེ་དམ་ཐོབ་ཏུ་བེ་དམག་བཟློག ཨོ་རོད་གུ་ཤྲི་རྒྱལ་པོས་དད་པ་དང་བསྐུར་བཟོས་རྒྱ་ཆེར་མཛད། འབེ་རྒྱལ་ཆབ་ལྷ་རྫོང་ཁྲོམ་སོགས་གཞི་བདག་དུ་མས་གུས་པས་བཏུད། སྤྱི་ལོ1642ཡས་མས་སུ་རྩི་དགའ་ལྡན་དགོན་ཉམས་གསོ་ལེགས་པར་བྱས་ཏེ་ཟུར་མང་གི་ཆོས་བརྒྱུད་གྱུར། ཁོང་གི་རྣམ་ཐར་སྐོར་རང་རྣམ་དང་ཟུར་མང་གཅོད་བརྒྱུད་བེའུ་བུམ། ཟུར་མང་ཆོས་འབྱུང་སོགས་ལས་གསལ། གསུང་འབུམ་རྣམས་དུས་འགྱུར་གྱི་དབང་དུ་སོང་བས་ད་ལྟ་གང་ཡོད་གསལ་ཁ་མ་བྱུང་། །
       བདུན་པ། འབེ་འཇམ་དབྱངས་སངས་རྒྱས་རིན་ཆེན(1684-1740)ཉིད་འབེ་རྫ་ཉིན་དམ་ཐོབ་ཏུ་འབེ་ཚང་ལ་འཁྲུངས། སོག་པོ་རས་ཆུང་ལ་གཙུག་ཕུད་ཕུལ། ལོ་མང་གསན་བསམ་མཛད་ནས་དབང་ལུང་ཞུས། མདོ་སྔགས་གནས་ལ་སྒྲོ་མདོགས་བཅད། ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཚོ་ལས་མདོ་རྒྱུད་རིག་གནས་བཅས་ལ་གསན་བསམ་མཛད་པས་མཁས་པའི་གྲགས་པ་རྒྱས། ཚེ་བྷྲུམ་ཀརྨ་བསྟན་འཕེལ་ལས་གསོ་རིག་རྒྱུད་བཞི་གསན། ཟུར་མང་གཏེར་ཆེན་རོལ་པའི་རྡོ་རྗེ་ལས་གཏེར་ཆོས་ཞུས། ཟུར་མང་ཕོ་བྲང་བླ་མ་རྫོང་གསར་བཞེངས་པའི་ཐུགས་འགན་དང་རྡོ་དགོན་པའི་་ཆོས་སྲིད་ཀྱི་འགན་ཡུན་རིང་བཞེས། རྡོ་དགོན་དབུ་ཆེ་བཅུ་གསུམ་གྱི་ཐོག་མ་རུ་གྲགས་པ་བྱུང་། ཟུར་མང་དང་རྡོ་དགོན་དུ་རིག་གནས་ཆེ་ཆུང་ཁག་ལས་སྒྲ་དང་རྩིས་དཀར་ནག གསོ་རིག་རྒྱུད་བཞི་ཆ་ལག་དང་བཅས་པ། སྙན་ངག སྡེབ་སྦྱོར། ཟུར་གཅོད་བཅས་བཀའ་གསར་རྙིང་གི་དབང་ལུང་སྣ་ཚོགས་སྤེལ། རྡོ་དགོན་རས་ཆུང་བླ་བྲང་གི་སྨན་ཁང་བཙུགས་ནས་ཕྱག་ལེན་མཛད། སློབ་མའི་གཙོ་བོ་འབེ་ལོ་ཚེ་དབང་ཀུན་ཁྱབ་དང་དབང་རྒྱལ་སྐུ་མཆེད། རྗེ་སྟོད་ལྷ་ཆེན་ཚེ་དབང་གྲགས་པ་སོགས་མང་། ཁོང་ནི་ལྔ་རིག་སྨྲ་བའི་པཎ་ཊི་ཏ་ཆེན་པོའི་མཚན་གྱི་བསྔགས་ཤིང་རྣམ་ཐར་དང་གསུང་འབུམ་སྐོར་རིག་གསར་སྐབས་གཏོར་བརླགས་ཐེབས། ཁོང་གི་རྣམ་ཐར་ནི་རང་རྣམ་དང་ཟུར་མང་རྡོ་དགོན་པའི་ལོ་རྒྱུས། ཟུར་མང་ཆོས་འབྱུང་བཅས་ནང་གསལ། །
       བརྒྱད་པ། འབེ་ལོ་ཚེ་དབང་ཀུན་ཁྱབ(1718-1790) སྤྱི་ལོ1718ལོར་འབེ་རྫ་ཉིན་དམ་ཐོབ་ཏུ་ཡབ་འབེ་སྒྲོལ་མ་མགོན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ཀྱི་རུས་ཁུངས་གོང་དུ་ཞུས་ཟིན་ལ་ཡུམ་ནི་གྲུབ་ཐོབ་ཉག་རེ་སེ་བོའི་དབོན་རྒྱུད་རྗེ་སྟོད་སྤྲུལ་པའི་ལྷ་བཟོ་ཆོས་བཀྲ་ཤིས་དང་ཚེ་དབང་གྲགས་པ་ཞེས་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་གྱི་ལུང་གིས་བསྔགས་པའི་སྐུ་མཆེད་ཀྱི་ལྕམ་སྲིང་མ་ཡིན། ཁམས་སྤྲུལ་ཀུན་དགའ་བསྟན་འཛིན(1680-1728)གྱིས་མཚན་གསོལ་བ་ཀརྨ་རྡོ་རྗེ་ཞེས་གནང་། ལོ་བདུན་ཐོག་ཟུར་མང་ཀརྨ་བསྟན་འཛིན་གྱི་མདུན་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་མཚན་ཀརྨ་ཀུན་ཁྱབ་ཏུ་གསོལ། དེ་ནས་བཟུང་མེས་འབེ་སངས་རྒྱས་རིན་ཆེན་ནམ་འབེ་འཇམ་དབྱངས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་ཀར་ལུགས་ཀྱི་ཆོ་ག་ཆོས་ཕྱོགས་ཕལ་ཆེར་བློ་ལ་ངེས་པ་སྦྱངས། ལོ་བཅུ་གཉིས་སྟེ་སྤྱི་ལོ1729ལོར་ཁུ་བོ་འབེ་འཇམ་དབྱངས་མདུན་ནས་བྱེད་རྩིས་དང་གྲུབ་རྩིས་བསླབ་ནས་ལི་ཐུ་བརྩམས། ལོ་བཅུ་གསུམ་སྟེ་སྤྱི་ལོ1730ལོར་མུ་མཐུད་ཁུ་བོའི་མདུན་ནས་ཞ་ལུའི་སྒྲ་ཀ་ལཱ་པི་བསླབས་པས་བྱང་ཆུད། ཞར་བྱུང་དུ་སྡེབ་སྦྱོར་ཡང་བསླབས། དེ་ལོར་བྱེད་གྲུབ་ཀྱི་ལི་ཐུ་དང་ཉ་སྟོང་གི་གཟའ་ལྔ་བཅས་གཞུང་ལྟར་བཟོས། སྐུ་ཞང་རྗེ་སྟོད་ལྷ་ཆེན་ཚེ་དབང་གྲགས་པ་ནས་སྨིན་གླིང་སྐར་རྩིས་བསླབས། ཟུར་མང་བསྟན་འཛིན་སྤྲུལ་སྐུ་མདུན་ནས་གཞུང་དང་རིག་གནས་བསླབ་གཉེར་གནང་། དགུང་ལོ་བཅོ་ལྔ་སྟེ་སྤྱི་ལོ1732ལོར་ཟུར་མང་བདུད་རྩི་དིལ་དུ་སི་ཏུ་ཆོས་འབྱུང(1700-1774)མཇལ། དེ་ནས་རྡོ་ནང་སྒོམ་སྒྲུབ་བྱས་ཏེ་བཞུགས། ཐུན་མཚམས་སུ་ཨ་རཱ་གའི་གཏོ་སྐོར་གྱི་ལུང་ཞུས། ཁུ་བོའི་དྲུང་ནས་དཀྱིལ་འཁོར་ཐིག་རྩ་བསླབ་ཅིང་ཟུར་ལུགས་གཅོད་ཁྲིད་ཞུས། གཞན་དབང་ལུང་གང་མང་ཞུས། རྩིས་དང་གཏོ་བཅོས་ཀྱི་ལག་ལེན་རྒྱུན་འཁྱོངས་བྱས་ཤིང་ཕུག་ལུགས་སྐར་རྩིས་ལ་དཔྱད་པའི་འགོ་ཚུགས། ཟུར་མང་དབོན་བླ་བདེ་མཆོག་སྐྱབས་ནས་མདོས་ཆེན་བརྒྱད་ཅུ་སོགས་བསླབ་ནས་འདྲ་འབག་བཅས། གཅོད་ཁྲིད་ཀྱང་ཐོབས། ཁུ་བོའི་མདུན་ནས་བོད་མཁས་པའི་སྙན་འགྲེལ་དང་རྒྱལ་དབང་ལྔ་པའི་སྙན་འགྲེལ་སྐོར་བཤད་པ་གནང་། དེའི་སྐབས་ཞང་པོ་ཚེ་དབང་གྲགས་པའི་མདུན་ནས་འབྲི་གུང་ལི་ཐུ་བསླབས། ཁུ་བོའི་དྲུང་ནས་ཆགས་མེད་ནག་རྩིས་བསླབས་ཤིང་དགག་བཞག་ཀྱང་མཛད།  ལྔ་པའི་སྙན་འགྲེལ་ལ་དགག་པ་བྱས་པས་ཀུན་གྱིས་འཁང་ར་བྱས། ཡང་བསྐྱར་སྐུ་ཞང་རྗེ་སྟོད་ལྷ་ཆེན་ཚེ་དབང་གྲགས་པའི་མདུན་ནས་དབྱངས་འཆར་དང་ནད་པའི་ཐང་ཤིང་སོགས་རྩིས་དཀར་ནག་བསླབས། སྐབས་དེར་ཕུག་ལུགས་རྩིས་ལ་དཔྱད་པའི་གསུང་རྩོམ་གྲགས་ཅན་དེའང་འགོ་བརྩམས། ཞང་པོའི་མདུན་ནས་གཏོ་མཅོས་དང་སུམ་རྟགས་བསླབས། ཡང་ཁུ་བོ་སོགས་ཀྱི་དྲུང་ནས་གསོ་དཔྱད་སྐོར་དང་ཡི་དམ་ཁག་གི་སྒྲུབ་གཞུང་གི་དབང་ལུང་སོགས་ཞུས། 1733ལོར་སི་ཏུ་ཆོས་འབྱུང་ཀརྨ་ལྷ་ལྟེང་དུ་ཕེབས་པར་དབང་ལུང་ཞུས། ཟུར་མང་ཁྲི་སྤྲུལ་བློ་བཟང་རྣམ་རྒྱལ་གཉིས་ཕན་ཚུན་བར་སྒྲ་རིག་པ། རྩིས་རིག་པ་བསླབས། ཟུར་མང་གི་འདུ་ཁང་ནང་ལྷ་སྐུ་ལྡེར་བཟོ་བྱས་པར་ཞབས་ཕྱི་ཞུས། རྡོ་དགོན་ནང་འདུ་ཁང་གསར་བཞེངས་ཀྱི་ལས་དཔོན་བྱས། ཕྱི་ནང་གི་རྟེན་དང་བརྟེན་པ་ཐམས་ཅད་འབེ་ལོ་ཚེ་དབང་ཀུན་ཁྱབ་ནས་ཐིག་རྩ་བཟོ་བཀོད་གནང་། སྐུ་ཞང་རྗེ་སྟོད་ལྷ་ཆེན་ཚེ་དབང་གྲགས་པས་ལོགས་བྲིས་བྱས་པ་སོགས་ཟུར་མང་རྡོ་དགོན་ལོ་རྒྱུས་ནང་གསལ་བ་ཡིན། ཀར་དགོན་ཁྲ་འགུ་དགོན་ནས་དབང་ལུང་དང་རིག་གནས་ཅི་རིགས་བསླབས། དགོན་པའི་འདུ་ཁང་གི་ཀམ་ཚང་སྐྱེ་རབས་འབྲི་བའི་རོགས་དན་ཡང་བྱས། དྲན་ཐང་གི་གནས་བཤད་བརྩམས། དཔལ་སྤུངས་དུ་བྱོན། རྗེ་དབོན་བླ་མ་ནས་དབང་ལུང་ཁྲིད་དང་རྩིས་སྙན་ངག སི་ཏུའི་སུམ་རྟགས་འགྲེལ་ཆེན་སོགས་ལ་སྦྱངས། རང་ལོ21སྟེ་སྤྱི་ལོ1738ལོར་དཔལ་སྤུངས་དུ་ཕྱིན་ནས་སི་ཏུ་ཆོས་འབྱུང་མདུན་བསྙེན་རྫོགས་ཞུས། མཚན་ཀརྨ་ཚེ་དབང་ཀུན་ཁྱབ་གསོལ། སྐབས་དེར་སྒྲ་སྙན་ངག་ལ་བརྡར་ཤ་བཅད་ཅིང་ཀར་ལུགས་དབང་ལུང་སོགས་གང་མང་ཞུས། སྤྱི་ལོ1739ལོར་རྒྱལ་རོང་ཚ་ཁོ་རྒྱལ་པོས་གདན་འདྲེན་ལྟར་སི་ཏུའི་སྐུ་ཚབ་ཏུ་ལྷ་རྗེ་ཚེ་རིང་དབང་རྒྱལ་དང་ལྷན་དུ་ཕེབས། རྒྱ་ནག་གི་རིག་གནས་དང་འབྲེལ་འདྲེས་བྱུང་བར་རྒྱ་རྩིས་གསར་མར་མཁས་པ་གྱུར། སི་ཏུ་ཆོས་འབྱུང་ལས་རྒྱ་ཡི་ལི་ཐུ་ཞུས། ཕུན་ཚོགས་རྫོང་དུ་སླེབས། ཚ་ཁོ་རྒྱལ་པོས་ཇོ་ནང་བསྟན་པ་འཛུགས་བཞིན་པར་བཤད། དེ་ནས་ལྕོག་རྩེ་ཕོ་བྲང་དང་སོ་མང་མཁར་དུ་འབྱོར། སོ་མང་རྒྱལ་པོ་བསྙུན་ཚབས་ཆེ་བར་ལྷ་རྗེས་སྨན་བཅོས་དང་འབེ་ལོས་ཚེ་དབང་བསྐུར་བས་བསྙུན་དྭངས། ཟླ་བ་དགུར་བཞུགས། ལྗགས་རྩོམ་འགའ་ཤས་མཛད། རྒྱལ་པོར་ཕྱག་ཆེན་དང་སྐྱབས་འགྲོ་སེམས་སྐྱེད་ཀྱི་ཁྲིད་གནང་། དེ་ནས་འབར་ཁམས་བསམ་གཏན་དགོན་དང་ཁྲོ་ཆུ་ཤུ་བྷ་དགོན་དུ་ཕྱིན། བཙུན་ཁྲལ60སྐོར་བསྡུས། ཀར་ལུགས་ཀྱི་འདོན་ཆོག་བསླབས། རྒྱལ་རོང་སོ་མང་རྒྱལ་པོ་སོགས་སྨིན་གྲོལ་ལ་བཀོད། ཐང་སྐུ་བཞེངས་ཏེ་རྒྱབ་ཡིག་བྲིས། ཀ་དཔལ་གྱི་འགལ་བ་ཞི། བསྙེན་བཀུར་རྒྱ་ཆེར་བྱུང་། དེ་ནས་རྫི་འགག་རྒྱལ་པོ་དཀོན་མཆོག་སྐྱབས་དང་མཇལ། ཕྱིར་ལོག་པའི་ལམ་བར་མགོ་ལོག་སྨད་བརྒྱུད་རྡོ་སྨད་ཀ་ནང་སི་ཏུ་ཆོས་འབྱུང་དང་མཇལ། ཝ་རྟུའི་པར་བྱས་པའི་རླུང་རྟའི་པར་ཤིང་བསྒྱུར། སི་ཏུ་ཆོས་འབྱུང་གིས་བསྔགས་བརྗོད་བྱས། པཎྡི་ཏ་ཚེ་དབང་ཀུན་ཁྱབ་ཅེས་པའི་མིང་གནང་། ཕ་ཡུལ་དུ་ལོག ཡང་དཔལ་སྤུངས་སུ་ཕེབས། ཁམས་སྤྲུལ་ཆོས་ཉི་དང་སི་ཏུ་ཆོས་འབྱུང་བར་སྐུ་ཡོན་དབུ་བརྙེས། སྒྲ་དང་སྙན་ངག་གི་བཤད་ཁྲིད་སྤེལ་བར་ཟིན་བྲིས་བཏབ་ཅིང་སྒྲ་ཙནྡྲ་པའི་ས་རིས་ཞུས། རྗེ་དབོན་ཀརྨའི་དྲུང་ནས་གཡུ་ཐོག་བླ་སྒྲུབ་སོགས་ཀྱི་དབང་ལུང་ཞུས། སི་ཏུའི་མདུན་ནས་སྒྲ་དང་རྩིས་ཀྱི་དོགས་གཅོད་ཞུས། སི་ཏུ་ཆོས་འབྱུང་ཐུགས་ཤིན་ཏུ་བཏགས་པས་གང་ཞུས་བྱས། ཀ་ལཱ་པའི་བྱིངས་མདོའི་འགྲེལ་པ་རིག་འཛིན་ཆེན་པོས་གནང་བའི་རྒྱ་དཔེ་བསྒྱུར་བ་ཞུས་ཏེ་དཀའ་གནད་ལེགས་པར་བསླབས། འདི་བུ་སྟོན་གྱིས་བསྒྱུར་མ་མཁྱེན་པ་གསུངས། ཡང་སྒྲ་པཱ་ཎི་པའི་འགྲེལ་བ་རིག་བྱེད་སྒྲ་སྒྲུབ་ཀྱི་ལེའུ་རྒྱ་དཔེ་བོད་སྐད་དུ་བསྒྱུར། བྱ་བྱེད་ལས་གསུམ་གྱི་བསྟན་བཅོས་རྒྱ་དཔེ་བོད་སྐད་དུ་བསྒྱུར། པཎྡི་ཏ་དཔལ་ལྡན་མགོན་པོ་ནས་བྱས་པའི་འབྲས་རྩིས་ཤྲི་བྷྲྭ་བྷོ་དྷ་རྒྱ་དཔེ་བོད་སྐད་དུ་བསྒྱུར་ནས་བསླབས། རྩིས་རིག་འདི་རྣམ་ལོ་ཙཱ་ཡིན་པ་ཙམ་གྱིས་མི་རྟོགས་གསུངས། བལ་པོས་ཕུལ་བའི་སྐར་རྩིས་རདྣ་མཱ་ལཱི་མགོ་ནས་བྱང་བུ་བརྒྱད་དགུ་ཙམ་བསྒྱུར། སྡེབ་སྦྱོར་དམར་སེར་གྱི་འགྲེལ་བ་ཕལ་ཆེར་བསྒྱུར། སྡེབ་སྦྱོར་ཐོས་ཆུབ་ཀྱི་རྩ་འགྲེལ་མདོ་མཁར་བས་བསྐུལ་བ་ལྟར་བསྒྱུར། གཞན་ཡང་གཞུང་མང་པོ་བསྒྱུར་ཞུས་བྱས་པ་གསུངས། སི་ཏུ་ཆོས་འབྱུང་མདུན་ནས་མདོ་སྔགས་དབུ་ཚད་བྱམས་ཆོས་བཅས་པའི་བཀའ་ལུང་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཞིང་སྒྲོ་འདོགས་བཅད། གཏེར་ཆོས་འགའ་ཞིག་ཞུས། སྐབས་དེར་ཕུག་ལུགས་ནག་རྩིས་ཀྱི་ལོ་འགོ་དང་ཟླ་ཞག་དུས་ཀྱི་བཀག་པ་དེ་བརྩམས་པར་ལབ་བླ་མ་མདོ་རྒྱུད་རྒྱ་མཚོས་རྒོལ་ལན་ཚིག་ངན་རང་བཞིན་ཅན་ཞིག་ལས་མ་བྱུང་བར་བཤད། དེ་ནས་ཡི་གེ་དེ་ཨ་ཀྱ་ཧུ་ཐུ་ཐུ་རྒྱུད་གོང་མའི་ཕོ་བྲང་ནས་རྒྱ་ཡི་རྩིས་མཁན་རྣམས་ཁ་འགྲིམ་པར་བདེན་ལེན་གནང་སྐད། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་མཁྱེན་དཔྱོད་ལ་རྒྱ་ནག་གོང་མ་ཆན་ལུང་ཤིན་ཏུ་མཉེས་ནས་གུས་པའི་གཙུག་ཏུ་བཀུར། རྡོ་དགོན་ལ་བཀའ་ཡིག་ཚེམ་གྲུམ་མ་གནང་བ་སོགས་རྡོ་དགོན་ལོ་རྒྱུས་ནང་འཁོད་ཡོད། དེ་ནས་རྡོ་དགོན་དང་ཁྲ་འགུ་དགོན་བཅས་ལ་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ། འདན་གཞུང་ཤོས་པ་དཔོན་གྱིས་མེ་རི་དགོན་ཕུལ་ནས་བདག་རྐྱེན་མཛད། སྐབས་དེར་སྤྱི་ལོ1752ཡས་མས་ལ་སླེབས་ཡོད། དཔལ་སྤུངས་ནས་བླ་མ་འགའ་ལས་དབང་ལུང་ཅི་རིགས་ཀྱིས་སྨིན་པར་ཞུས། ཡང་སི་ཏུས་བཀའ་མངགས་ལྟར་རྒྱལ་རོང་དུ་བྱོན། ཕལ་ཆེར་སྤྱི་ལོ1758ཡས་མས་ཡིན། རྒྱལ་རོང་ཚ་ཁོ་སོགས་ལ་ཆོས་སྦྱིན་གྱིས་ཚིམས་པར་བྱས། ཚ་ཁོ་རྣམ་རྒྱལ་སྟེང་གི་ཀར་དགོན་བཙུགས། བཙུན་ཁྲལ་བརྒྱ་བསྡུས། ཀར་ལུགས་ཆོས་སྤྱོད་ཀྱི་སྒྲིག་གཞི་བཟོས། གཏེར་ཆོས་འགའ་ཡང་ཞུས། དཔལ་སྤུངས་སུ་ཕྱིར་སླེབས། ཁྲ་འགུ་དྲན་ཐང་། མེ་རི་དགོན་སོགས་ལ་ཆོས་ཀྱི་མཛད་པ་མསམ་ལས་འདས་པར་གནངས། དཔལ་སྤུངས་སུ་སི་ཏུ་མཇལ། རྒྱ་རྩིས་གསར་འགྱུར་གྱི་སྐོར་རགས་པ་བསླབས། རྗེས་ཧྭ་ཤང་གི་སློབ་དཔོན་ཐར་མཆོག་མདུན་ནས་ཞིབ་ཆ་ཞུས། རྒྱ་རྩིས་ཁག་གཅིག་བསྒྱུར་ཞུས་བྱས། རྒྱ་ཡི་མཁས་པ་ཆེན་པོ་རོ་ཕུ་གསན་གསིན་གྱིས་བསྒྲིགས་པའི་ས་དཔྱད་པོ་ཏིགཅིག་བསྒྱུར། ས་དམིགས་སྐོར་པོ་ཏི་གཅིག་མཛུབ་ཁྲིད་གནང་། རྒྱ་ནག་གི་རྒྱལ་རབས་གཅིག་འདུག་པར་ཐོག་མར་གནམ་དང་ས་གཉིས་ཀྱང་བཟོས་ཚུལ་བོན་པོས་བཤད་པ་དང་འདྲ་བས་བསྒྱུར་བར་མ་ཞུས་པ་གསུངས། དེ་ནས་ཞྭ་དམར་བཅུ་པའི་ཡོངས་འཛིན་དུ་དབུས་སུ་ཕེབས། འདིའི་སྐོར་རང་རྣམ་དུ་གསལ་ཁ་མེད་ཡང་མཁྱེན་རྩེ་དབང་པོས་མཛད་པའི་རྣམ་ཐར་དུ་འཁོད་པར་ཡངས་ཅན་དཔེ་མཛོད་མཇལ། ཀརྨ་པ་བདུད་འདུལ་རྡོ་རྗེ་དང་དཔའ་བོ་གཙུག་ལག་དགའ་བའི་ཆོས་འབྲེལ་གསན། གཙང་ཕྱོགས་སུ་ཕེབས་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཇལ། ཞ་ལུ་དང་ཇོ་ནང་སོགས་མཇལ། གྲ་ནང་སོགས་སུ་ཕེབས་ནས་རྙིང་ཆོས་དང་ཇོ་ནང་ལུགས་ཀྱི་དབང་ལུང་གསར་རྙིང་གང་མང་ཞུས། ཁམས་སྤྲུལ་ཆོས་ཉི་དང་ལྷན་ཡར་ཀླུང་དུ་གནས་གཟིགས་ལ་ཕེབས། སི་ཏུའི་བྱིན་བརླབས་འདུག་ཅེས་བསྔགས་བརྗོད་ཕུལ། འབྲུག་བདེ་ཆེན་ཆོས་འཁོར་ནས་འབྲུག་ལུགས་ཀྱི་དབང་ལུང་འགའ་ཞུས་ཤིང་ཕར་ཡང་དབང་ལུང་འགའ་ཕུལ། ཁམས་སྤྲུལ་ཆོས་ཉི་ལས་དུས་འཁོར་གྱི་དབང་སོགས་ཞུས། ཡངས་པ་ཅན་དུ་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་མཇལ། སྐུ་མདུན་དུ་དབུ་མ་དང་གྲུབ་མཐའ་སོགས་ལ་བགྲོ་གླེང་གནད་ལ་འཁེལ་བ་བྱས་པའི་ཟིན་བྲིས་བཏབ་པ་དེང་སང་བཞུགས། མཚུར་ཕུར་ཀརྨ་པ་བདུད་འདུལ་རྡོ་རྗེར་གཞན་སྟོང་དབུ་མ་དང་རྒྱ་རྩིས་གསར་འགྱུར་སོགས་ཀྱི་ལུང་ཕུལ་བར་དགྱེས་ཚོར་མཛད། དེ་ནས་ཁམས་སུ་ཕེབས་ཟུར་མང་དང་རྩི་དགའ་ལྡན་དགོན་སོགས་ལ་དབང་ལུང་ཞུ་ཕུལ་བྱས་པ་མང་། དགུང་ལོ46སྟེ་སྤྱི་ལོ1763ལོར་དཔལ་སྤུངས་སུ་ཕེབས། སྡེ་དགེ་ནས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་དབང་ལུང་འགའ་ཞིག་ཕན་ཚུན་ཕུལ། གླིང་ཚང་ཚབ་ཚ་སོགས་ལ་ཆོས་ཀྱི་ཕྲིན་ལས་བསྐྱངས། སྨིན་གླིང་གི་གཏེར་ཆོས་འགའ་གསན། འཇང་གྲྭ་འགའ་ལ་དབང་ལུང་ཕུལ། ཁམས་སྤྲུལ་ཆོས་ཉི་ལ་དབུ་མ་རྒྱན་དང་བདེ་མཆོག་ནག་པོའི་ཕྱག་ལེན་ཕུལ། རི་བོ་ཆེར་གདན་དྲང་ལྟར་ཕེབས། ཡང་དགོན་རྗེ་དྲུང་ལ་སྒྲ་དང་རྩིས། སྡེབ་སྦྱོར་སྙན་ངག་གི་བཤད་པ་ཕུལ། དེས་བསྐུལ་ནས་ཀ་ལཱ་པའི་འགྲེལ་ཆེན་བརྩམས། ཚུར་ཡང་སྟག་ཤམ་ཆོས་སྐོར་སོགས་གསན། གནས་མདོ་དཔལ་རི་རྩེ་མཇལ། རྩི་དགའ་ལྡན་དགོན་དུ་སྤྲུལ་སྐུ་རྣམ་གཉིས་ལ་གཡུ་ཐོག་སྙིང་ཐིག་དང་རྒྱུད་བཞིའི་དབང་ལུང་སོགས་གནང་། དེ་ནས་དཔལ་སྤུངས་སུ་ཕེབས། སི་ཏུའི་དྲུང་ནས་རྒྱའི་རྩ་གསར་འགྱུར་དང་རྒྱ་སྨན་ཁ་ཤས་དང་སྨན་གྱི་དོགས་གཅོད་དུ་མ་ཞིག་ཞུས་པར་གསོ་རིག་སྐོར་སྔ་ན་མེད་པའི་ལེགས་བཤད་ཐོབ། ཧྭ་ཤང་ཐར་མཆོག་ལས་རྒྱའི་ཚེ་རྩིས་དང་གཟའ་བདུན་གྱི་འགྱུར་ཞུས། མདོར་ན་ཁོང་གིས་སི་ཏུ་གཙོས་པའི་མཁས་གྲུབ་མང་པོའི་དབང་ལུང་ཡོངས་རྫོགས་ཞུས་ཤིང་མཁས་པའི་རྩེར་སོན། རྒྱུད་སྡེ་མང་པོའི་བྲིས་ཐང་གི་དཀྱིལ་འཁོར་བཞེངས། སྤྱི་ལོ1774ལོར་སི་ཏུའི་དགོངས་རྫོགས་ཀྱི་རྟེན་ཆེན་པོ་གཉིས་བཞེངས་པའི་འགན་བཞེས་ཆ་ཚང་གནང་། གསུང་རྩོམ་འཕྲོ་ཅན་གྱི་ཁ་སྐོང་། གསུང་རབ་པར་དུ་མ་འཁོད་པ་ཆ་ཚང་བརྐོས། དཔལ་སྤུངས་སུ་གསེར་གྱི་རྒྱ་ཕིབས་ཆེ་ལེགས་བཞེངས། གཞན་དཔལ་སྤུངས་སུ་དུས་འཁོར་ཇོ་ལུགས་དང་བདེ་མཆོག་སྟོད་འགྲེལ་གྱི་སྒྲུབ་མཆོད་གསར་དུ་བཙུགས། རིག་གནས་ཀྱི་བཤད་པ་དང་རྒྱད་སྡེའི་དབང་ལུང་གི་ཕྱག་བཞེས་སྐུ་ཚེ་ཧྲིལ་པོར་མཛད། མདོར་ན་ཁོང་གི་མཛད་པ་གཙོ་བོར་སི་ཏུ་ཆོས་འབྱུང་གི་ཕྲིན་ལས་པ་གཙོ་བོ་གནང་ཞིང་། རྩིས་དང་། སྒྲ་རིག་པ། རིག་ལམ། གསོ་རིག བཟོ་རིག་གཞུང་ལུགས་སོགས་ལ་ལྷག་པར་མཁས། གསུང་རྩོམ་སྐོར་ལ། ཀམ་ཚང་ཆོས་འབྱུང་དང་ཆོ་གའི་རྣམ་བཤད་སྣ་ཚོགས། གྲུ་མཐའི་རྣམ་བཤད། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་གླེང་མོལ་བྱས་པའི་ཟིན་བྲིས། ཟུར་མང་གཅོད་བརྒྱུད་ཀྱི་ལོ་རྒྱུས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བཀོད་ཡིག་ནི་དེང་གི་ཀརྨའི་བྲིས་གསར་རམ་སྒར་བྲིས་ཀྱི་རྩ་ཚིག་ལྟ་བུ་ཡིན་པར་སི་ཏུའི་དགོངས་བཞེད་དང་མཐུན་པར་བརྩམས་པས་སྒར་བྲིས་ཀྱི་འཕེལ་འགྱུར་ཁྲོད་ཆེས་ཕྱི་མོ་དང་གསར་བཏོད་མཁན་ཞིག་ཀྱང་ཡིན་པར་སྙམ། གསུང་རྩོམ་འདི་ཚོ་ནི་རིག་གཞུང་གི་རིན་ཐང་བྲལ་བ་བཞུགས། ལྷག་དོན་དུ་ཕུག་ལུགས་རྩིས་ཀྱི་དགག་ལན་དང་གསོ་རིག་ཁོག་དབུབ་སོགས་ནི་དུས་ད་ལྟའང་འབུམ་རམས་པ་མང་པོས་མགྲིན་གཅིག་ཏུ་གལ་ཆེའི་དཔྱད་གཞིར་བྱེད། གཞན་སྒྲ་དང་རྩིས་སོགས་ཀྱི་རྒྱ་དཀར་ནག་གི་གཞུང་མང་པོ་བསྒྱུར་བ་གོང་དུ་འཁོད་པ་ལྟར་ཡིན། ད་དུང་སློབ་བརྒྱུད་སོགས་མང་བར་འདིར་ཟོར་ཡངས་བ་ཡིན། ཕལ་ཆེར་ཁོང་ནི་རྒྱ་དཀར་ནག་གཉིས་ཀྱི་སྐད་ཡིག་མཁྱེན་པ་བཤད་ཐུབ། ཞིབ་ཕྲ་རྣམ་ཐར་ཁག་ནང་གསལ། མཐར་ཁོང་ཉིད་ཕལ་ཆེར་དགུང་ལོ73ཐོག་སྤྱི་ལོ1790ལོར་དཔལ་སྤུངས་ཀྱི་ཆུ་འགོ་གོང་གི་མཚམས་ཁང་དུ་སྐུ་གཤེགས་པར་གདུང་ཟུར་མང་རྡོ་དགོན་དུ་གདན་དྲངས། སྐུ་གདུང་མཆོད་རྟེན་བཞེངས་པ་ཤུལ་དེང་སང་བར་ཡོད། གསུང་འབུམ་ཁག་ཟུར་མང་དགོན་དང་རྡོ་དགོན དཔལ་སྤུངས་དགོན་སོགས་ལ་བཞུགས་པར་སྣང་། གང་ལྟར་ཁོང་ཉིད་མི་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་དུས་འདའ་བར་བཤད་མི་དགོས་སོ། །
       དགུ་པ། འབེ་ཀརྨ་ཚེ་དབང་ཞེས་པ་དུས་རབས19སྟོད་ཙམ་ནས་བྱུང་བ་ཟུར་མང་རྡོ་ནང་བླ་མ་བདེ་གསལ་གྱི་སློབ་མ་ཕུར་པའི་སྒྲུབ་པ་དང་སྙན་བརྒྱུད་ཀྱི་སྒྲུབ་པ་ཕལ་ཆེར་བྱས་པ་རིག་གནས་རྩིས་སྨན་མཁྱེན་པ། སྙན་ངག་མེ་ལོང་མའི་མཆན་འགྲེལ་དང་ཞལ་གདམས་བསླབ་བྱ་ནེ་ཙོའི་མགྲིན་གླུ་ཞེས་པའི་ཞུ་བ་པོ། བླ་མའི་ཉེ་གནས་ལ་འཁོད་དེ་རྫོང་ལ་གསེར་འཕྲུ་རང་ལུས་མཐོ་བཅུ་གཅིག་ཅན་བཙུགས།  ཟུར་མང་རྡོ་དགོན་དུ་མགོན་པོའི་སྒྲུབ་པ་བཙུགས། ལྟུང་བཤགས་ལྷ་སོ་བདུན་གྱི་གསེར་སྐུ་ཆེ་ལེགས་བཞེངས་མཁན་ཡིན་པ་ཟུར་མང་རྡོ་དགོན་འཇམ་མགོན་ཀརྨ་བསྟན་འཕེལ(1773-1847)གྱི་གསུང་རྩོམ་ཕྱོགས་བསྒྲིགས་ནང་འབེ་ཀརྨ་ཚེ་དབང་ལ་གནང་བའི་ཞལ་གདམས་ཀྱི་མཇུག་བྱང་དུ་འཁོད་པ་ལྟར་རོ། །
       བཅུ་པ། ཆོས་དབོན་སྤྲུལ་སྐུ་སྐྱེ་ཕྲེང་གཉིས་པ་ཀརྨ་བསྟན་འཛིན་ཉིད་འབེ་རྫ་ཉིན་དམ་ཐོབ་ཏུ་ཡབ་འབེ་རབ་བཟང་དང་ཡུམ་ཨ་གྲོ་ཚེ་དབང་གཉིས་ཀྱི་སྲས་སུ་དུས་རབས19ཡི་མཇུག་ཙམ་དུ་འཁྲུངས། ནང་ཆེན་ཉག་ལ་དཀྲིག་བསྭོ་དགོན་པའི་སྤྲུལ་སྐུ་ཡིན།
       བཅུ་གཅིག་པ། འབེ་ཚང་གི་ཚ་བོའི་སྐོར་སྐྱེས་ཆེན་ཁག་གཅིག་ནི། ནང་ཆེན་རྒྱལ་པོ་ཁྲི་རབས་གཉིས་པ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནི་ཡབ་ཏྲེ་བོ་ཨ་ཀླུ་དང་ཡུམ་འབེ་བཟའ་དཀར་མོ་གཉིས་ལ་དུས་རབས13སྨད་ཙམ་དུ་འཁྲུངས་བར་སྲས་སྐུ་མཆེད་བདུན་གྱི་ཡ་གྱལ་ཡིན་པ་ནང་ཆེན་རྒྱལ་རབས་ནང་གསལ། འབེ་ཚང་དང་ནང་ཆེན་རྒྱལ་རབས་བར་གྱི་འབྲེལ་བའི་སྐོར་ད་དུང་དཔྱད་གཞིའི་སྟོང་ཆར་ལུས་ཡོད། གཞན་ཟུར་མང་རྡོ་དགོན་རས་ཆུང་སྤྲུལ་སྐུ་སྐྱེ་ཕྲེང་དྲུག་པ་ཤེས་རབ་རྒྱ་མཚོ(1763-1804)དང་རྩི་དགའ་ལྡན་དགོན་པའི་ལྷ་བྲིས་མཁས་པ་འབྲོང་པ་བློ་བཟང་བསམ་གཏན(ཝ་བསམ་གཏན་ཡང་ཟེར། སྤྱི་ལོ1768ལ་འཁྲུངས་བར་བཤད། འདས་ལོ་མི་གསལ)ཡང་འབེ་ཚ་ལ་དུས་རབས18ནང་འཁྲུངས། ཆབ་མདོ་དགོན་པའི་ཆོས་གྲྭར་ཞུགས་མྱོང་ལ་ཁོང་རྣམ་གཉིས་ནི་འབེ་ལོའི་སློམ་མ་ཡང་ཡིན། འབེ་ཚ་བློ་བཟང་བསམ་གཏན་གྱི་གསུང་འབུམ་ཁག་གཅིག་ཟུར་མང་རྡོ་དགོན་དུ་ཡོད་ལ་ལྷག་པར་དུ་ཁོང་ཉིད་ཀྱིས་བྲིས་པའི་ཐང་ཁ་སྤུས་ལེགས་དེང་སང་རྩི་དགའ་ལྡན་དགོན་དུ་བཞུགས།
ཀྲུང་གོ་གསར་པའི་སྐབས་འབེ་ཚང་གི་རྒྱལ་གཅེས་ལས་དོན་སྐོར།
       སྤྱི་ལོ1950ལོའི་ཟླ10པའི་ཚེས6ནས26གི་བར་མཚམས་སུ་ཀྲུང་གོའི་བཅིངས་འགྲོལ་དམག་དམག་ཤོག18པའི་ཐུན155དང156ཡི་རུ་ཤོག52པ་འཇོ་མདའ་རྫོང་འདན་ཁོག་ནས་གཏེར་སྟོན་རྒྱུད་ཀེ་རེ་གཞུང་གི་སྲིབ་མདའ་རུ་འབྱོར། དེའི་བར་ནས་ཇག་ཚོགས་ཁ་ཤས་གཏོར་ཕམ་བཏང་ནས་སྨན་མདའ་ཤང་རྩི་ཀེ་སུམ་མདོར་འབྱོར། སྐབས་དེར་འབེ་ཚང་མཁྱེན་རབ་དང་ཨ་གྲོ་འཆི་མེད་གཉིས་འབེ་རྫ་ཉིན་སྲིབ་ཀྱི་ཚབ་ཞུས་ཏེ་རྩི་ཀེ་སུམ་མདོར་དམར་དམག་དགའ་བསུ་སྣེ་ལེན་གང་ལེགས་བྱས། དེ་ནས་དམར་དམག་འབེ་རྫ་ཉིན་དམ་ཐོབ་ཏུ་བསུས། ཡུལ་སྡེ་མགོ་འབུལ་ཞུས། དམག་དཔོན་འབེ་ཚང་དུ་བཞུགས། དམག་དམངས་འབེ་ཡར་ཐང་དུ་སྒར་བརྒྱབ། འབེ་ཚང་བཀྲ་དགའ་ལགས་ཀྱིས་སྐབས་དེའི་དམག་དཔོན་དེར་ཝང་ཆི་མིན་ཞུ་བ་ཤོད་རུང་མ་དག་པ་ཨེ་ཡིན་བསམ་ཏེ་རུ52པའི་རུ་དཔོན་ལ་ཝུ་ཀྲུང་དང་ཁྲེན་ཙེ་ཀྲི་ཞུ་བ་མིན་མན་བསམ། སྐབས་དེར་འབེ་ཚང་གིས་གཡག་གཅིག་བཤས་ནས་དམར་དམག་ལ་རྒྱབ་སྐྱོར་བྱས་པ་བཤད། དེ་ནས་རྫ་ཆུའི་ཚྭ་ལའི་གྲུ་བརྒལ་སྟེ་རྗི་སྟོད་ལ་བརྒལ་ནས་མདའ་ནགས་རྒྱུད་ཀརྨར་ཕྱིན། ཀརྨ་དགོན་ཞི་བདེ་ངང་བླངས་རྗེས་དམར་དམག་ཁག་གཉིས་བགོས་ཏེ་ཁག་གཅིག་ཀརྨའི་གདོང་གྲོང་གྲུ་ཁ་བུད་དེ་ཆབ་མདོར་དཔུང་འཇུག་བྱས་པ་དང་ཁག་གཅིག་གླེ་ཐུའི་ལ་བརྒལ་ནས་རི་བོ་ཆེའི་ཕྱོགས་ལ་དཔུང་འཇུག་བྱས་པ་བཤད་རྒྱུན་འདུག གོང་གསལ་གྱི་གནས་ཚུལ་འབེ་ཚང་བཀྲ་དགའ་ལགས་ཀྱིས་གསུང་རྒྱུན་དང་དམག་ཤོག18པས་ཆབ་མདོ་བཅིངས་འགྲོལ་གཏོང་སྐབས་ཀྱི་ལོ་རྒྱུས་གཉིས་མཐུན་ཤས་ཆེ་བར་སྣང་། དེང་སང་འབེ་ཚང་དུ་སྐབས་དེར་དམར་དམག་གིས་ཤུལ་དངོས་ཅ་ལག་ཡིན་པ་སྐར་ལྔའི་དམག་རྟགས་དང་ཀང་ཙི་སོགས་མཐོང་ཆོས་འདུག འབེ་ཚང་མཁྱེན་རབ་ལ་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་སྐབས་སུ་གྲལ་རིམ་འཐབ་བརྩོད་ཀྱི་ཞྭ་གྱོན་ཕོག་ནས1959-1975བར་བསྒྱུར་བཀོད་ནང་ཞུགས་དགོས་བྱུང་།
       མདོར་ན། འབེ་ཚང་ནི་གནའ་རབས་ཀྱི་རུས་རྒྱུད་སུམ་པ་འགྲུའི་རིགས་ལས་བྱུང་བའི་ཆེས་ལོ་རྒྱུས་རིང་བའི་རྒྱུད་པ་ཞིག་ཡིན་པ་དང་། ལྷག་པར་དུ་ཅུང་གསལ་ཁ་ཡོད་ལ་གཏན་འཁེལ་བ་ནི་ཡོན་རྒྱལ་རབས་ཀྱི་དུས་ནས་བཟུང་འབེ་ཚང་གིས་བོད་ཀྱི་ཚོས་སྲིད་ལ་འགོག་ཏུ་མེད་པའི་བག་ཆགས་ཆེན་པོ་བཞག་ཡོད་ཅིང་ས་སྐྱའི་དུས་ནས་བཟུང་ཀྲུང་གོ་གསར་པའི་བར། ཡོན། མིང་། ཆིང་། ཀྲུང་གོ་གསར་པའི་དུས་སྐབས་སོ་སོར་འབེ་ཚང་གི་སྐྱེས་ཆེན་ཁག་གཅིག་གིས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྲུང་སྐྱོབས། མི་རིགས་མཐུན་སྒྲིལ་དང་ཤེས་དཔལ་བརྗེ་རེས། རྒྱལ་གཅེས་ཆོས་གཅེས་སོགས་གང་སར་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་བཅས་ཡིན། ང་ཚོ་ཕྱི་རབས་པས་ལོ་རྒྱུས་འདི་ཚོ་ལ་ནམ་ཡང་སློབ་སྦྱོང་དང་དྲན་གསོ་དགོས་ལ་ནམ་ཡང་བརྗེད་མི་རུང་བ་ཡིན་པ་བསྙོན་མེད་དོ། །

༢༠༢༣ལོའི་ཟླ༡༠ཚེས༡༥ལ་ཆབ་མདོར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།