གསར་རྩོམ་གྱི་ལོ་ཟླ། ཆོས་དབྱིངས་རྒྱ་མཚོ།

རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-02-18 11:00:42 ཀློག་གྲངས།:
གསར་རྩོམ་གྱི་ལོ་ཟླ།
                             ——འདས་ཟིན་པའི་ལོ་ངོ་གཅིག་ལ་ཕྱིར་ལྟ་བྱས་པ།
ཆོས་དབྱིངས་རྒྱ་མཚོ།
 
       ད་ལྟ་ངས་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་དེ་ཅུང་ཙམ་འགྱུར་བཞིན་ཡོད་པ་འདྲ། སྔོན་ཆད་ཡིན་ན་རྩོམ་ལུས་གང་ཞིག་ལ་བརྗོད་པ་ཅི་ཞིག་སྤེལ་རུང་། དེ་ཉིད་གཞུང་སྒེར་གྱི་ཚགས་དེབ་དང་ཐ་ན་འཕྲིན་སྟེགས་སོགས་སུ་བཀོད་རྒྱུར་སྔ་འཕྱི་ལངས་ཏེ། བརྗོད་བྱ་རྗོད་བྱེད་དང་སྒྱུ་རྩལ་མཚོན་ཐབས་སོགས་གང་ལའང་བསམ་གཞིག་ནན་ཏན་མི་བགྱིད་པར་བྱ་ཕོས་བྱ་བྲུན་གཏོང་བ་ལྟར་གང་སར་བསྐུར་སྲིད་མོད། ད་ལྟ་གཅིག་ཏུ་རྩོམ་ལུས་སྣ་མང་ལ་འཇུག་པའི་གོམས་གཤིས་དོར་ནས་བརྩམས་སྒྲུང་འབྲི་སྦྱོང་ཁོ་ནའི་ལམ་ཁར་འཇུག་བཞིན་ཡོད་ལ། གཉིས་སུ་བརྩམས་ཆོས་ཤིག་གྲུབ་རྗེས་ཁྱིམ་ཚང་ཞིག་གི་བུ་མོས་གནས་མི་རྙེད་པར་དོགས་ནས་འགྲོ་ས་ཡོད་ཡོད་ལ་མངགས་འཇོག་པ་ལྟར་ཅི་མགྱོགས་གང་མྱུར་གྱིས་ཚགས་དེབ་སོགས་སུ་འགོད་ཐུབ་ན་ཅི་མ་རུང་སྙམ་པའི་དང་མའི་བསམ་བློར་འགྱུར་བ་བྱུང་སྟེ། བརྩམས་ཆོས་གཅིག་ཙམ་འགྲུབ་པ་ལའང་ཐོག་མའི་བློས་བསླངས་དང་བར་གྱི་ཞུན་བརྡར། ཐ་མའི་ཞུ་དག་སོགས་ལ་སེམས་ཞིབ་མོ་དང་བློ་དལ་མོས་འཇུག་བཞིན་ཡོད། དེ་ནི་རང་བློ་རང་ལ་ལྐོག་ཏུ་མི་འགྱུར་བ་ལྟར་རང་གི་བརྩམས་ཆོས་ལ་ཡིད་མི་ཆེས་པའི་ཚུར་སྣང་ཞིག་ཡིན་སྲིད་ལ། ཡང་ན་རྩོམ་རིག་སྒྱུ་རྩལ་ལ་བློ་ཇེ་དཀར་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་ཀྱང་ཡིན་ངེས། གང་ལྟར་སྔར་དང་མི་འདྲ་བའི་འགྱུར་ལྡོག་ཅིག་ཡིན་པ་ནི་ཐག་གིས་ཆོད།
       འདས་ཟིན་པའི་མི་ལོ་གཅིག་གི་རིང་ལ། ངས་རྩོམ་རིག་གི་ཕྱོགས་ནས་གཞན་ལ་ངོམ་རི་བའི་གྲུབ་འབྲས་ཅི་ཡང་མ་ལོན་མོད། དཔེ་ཀློག་གི་རྒྱུན་བསྐྱངས་ནས་ཕྱི་ནང་གི་རྩོམ་རིག་སྒྱུ་རྩལ་གྱི་གནས་བབ་ལ་རྒྱུས་ལོན་དང་བསམ་གཞིག རང་གི་རྩོམ་འབྲིའི་ནུས་པ་མཐོར་འདེགས་དང་ཤེས་བྱའི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་བར་འབད་བརྩོན་ལྷུར་ལེན་བྱས་པ་དང་། ཁྱད་པར་གསར་རྩོམ་གྱི་ཐད་ལ་སྔར་ལས་ལྷག་པའི་ནན་ཏན་དང་ཡིད་གཟབ་བགྱིས་པ་ཡིན་ཏེ། བརྩམས་ཆོས་རེ་རེའི་གཏམ་རྒྱུད་ཀྱི་སྒྲིག་གཞི་དང་སྒྱུ་རྩལ་མཚོན་ཐབས་སོགས་ལ་བསམ་གཞིག་དང་བློས་བསླངས་ཡུན་རིང་སོང་རྗེས་གཞི་ནས་བྲིས་པ་དང་། བརྩམས་སྒྲུང་ཞིག་གི་སྤྱི་ཁོག་ཙམ་གྲུབ་པ་ན་དེ་ལ་མགུ་ནས་མ་བསྡད་པར་ཡང་ནས་ཡང་དུ་བསྐྱར་བཅོས་དང་ཞུ་དག་བྱས་པ་ཡིན་ལ། བརྩམས་སྒྲུང་འགའ་རེ་བྲིས་ནས་ལོ་ངོ་གཅིག་ཙམ་འགོར་ནའང་ད་དུང་ཡང་ཡང་བཅའ་བཞིན་ཡོད།
       འདས་ཟིན་པའི་མི་ལོ་གཅིག་གི་རིང་ལ། ངས«ང་ཚོས་མི་ཚེའི་དོན་སྙིང་གླེང་སྐབས། ང་ཚོས་ག་རེ་གླེང་བཞིན་ཡོད»ཅེས་པ་དང«ཝ་ཁའི་བརྩེ་བ» «གདགས་སྲིབ» «བར་ཆད»ཀྱི་ཁག་དང་པོ་དང་གཉིས་པ། «འཁྲུལ་སྣང» «ཉིན་གཅིག་གི་གཉེན་འཐོར»སོགས་སྒྲུང་ཐུང་ཁག་ཅིག་དངོས་བྱུང་གཏམ་རྒྱུད་དང་དངོས་བྱུང་མིན་པའི་རྟོག་བཟོ་སོགས་རྒྱུ་ཆ་སྣ་ཚོགས་ལ་གཞི་བཅོལ་ཏེ་མཚོན་ཐབས་འདྲ་མིན་གྱིས་བརྩམས་པ་ཡིན་ལ། དེ་བཞིན་དུ་ལེ་མོང་ཏེ·ཁ་ཧྥོ་སོགས་ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་འགའ་རེའི་སྒྲུང་ཐུང་ཁར་ཁེར་ཡང་བོད་ཡིག་ཏུ་བསྒྱུར་ནས་ཁོང་ཚོའི་རྩོམ་འབྲིའི་ཐབས་རྩལ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་དང་། རྒྱའི་རྩོམ་པ་པོ་ཡུས་ཧཱ་ཡི«ཉིན་བདུན་པ»དང་བོད་ཀྱི་རྩོམ་པ་པོ་གངས་དབང་གི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»སོགས་ཞིབ་ཀྱིས་བཀླགས་ཏེ་དཔེ་ཀློག་མྱོང་ཚོར་བྲིས་པ་དང་། གཞན་སྐབས་བབ་ཀྱི་སེམས་ཚོར་ཏེ་དཔེར་ན་བོད་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་སྐུ་གཤེགས་པ་སེམས་ཀྱིས་མ་བཟོད་པའི་སྡུག་བསྔལ་ཡིག་རིས་སུ་ཕབ་པ་སོགས་དགའ་སྐྱོ་ཆགས་སྡང་གང་གི་སྐབས་སུ་ཡང་རྩོམ་རིག་ཅེས་པའི་ཡིད་འོང་མ་གང་དེར་བློ་སེམས་གཏད་པ་ཡིན། ཁྱད་པར་ལོ་འདིར་རང་ཉིད་ཀྱིས་ཆེས་དོན་སྙིང་ལྡན་པར་འདོད་པ་ཞིག་སྟེ། རང་དང་དགའ་ཕྱོགས་གཅིག་པའི་རྩོམ་གྲོགས་འགས་ཁྲིན་ཏུའུ་གྲོང་ཁྱེར་ནས་དགེ་རྒན་གངས་དབང་བཀྲ་ཤིས་ལགས་ཀྱི་མུ་འབྲེལ་རིག་གནས་ལྷུག་རྩོམ«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»གླེང་བ་ཞེས་པའི་རྩོམ་རིག་བགྲོ་གླེང་ཞིག་ཅུང་གཟབ་རྒྱས་ལྡན་པའི་སྒོ་ནས་སྤེལ་ཐུབ་པ་བྱུང་། སྤྱིར་ན་དེ་ལ་ཆེར་མཚར་རྒྱུ་མེད་ཀྱང་། ངའི་ཉེ་འཁོར་ན་རྩོམ་འབྲི་ལ་དགའ་མཁན་མང་ཡང་རྩོམ་རིག་གི་མཁའ་དབུགས་དེ་འདྲའི་ཉམས་དགའ་བ་ཞིག་མིན་སྟབས། འདི་དང་འདི་ལྟ་བུའི་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་འདྲ་མིན་བརྒྱུད་ནས་ཕན་ཚུན་ལ་སེམས་ཤུགས་སློང་བ་དང་། རྩོམ་རིག་གི་མཁའ་དབུགས་གཙང་མ་ཞིག་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བར་འདོད།
       མདོར་ན་རྩོམ་རིག་ཅེས་པ་འདི་རང་གི་བསམ་པའི་རྒྱགས་ཕྱེ་ལེགས་ཤོས་ཤིག་ཏུ་བསྒོམས་པ་ནས་བཟུང་། ངས་དགའ་ཕྱོགས་འདི་དགའ་ཕྱོགས་ཙམ་གྱི་སྟེང་ནས་མ་བཞག་པར། མི་ཚེའི་འོས་འགན་དང་རིན་ཐང་གཞལ་དུ་མེད་པའི་སྙེག་བྱ་ཞིག་ཏུ་བསམས་ཏེ་ཡུལ་དུས་གང་དུ་གནས་ཀྱང་འཚོ་བའི་རྒྱལ་ཕམ་གང་ལ་འཕྲད་ཀྱང་རྩོམ་རིག་ལ་བཟུང་བའི་དགའ་ཞེན་དོར་མ་མྱོང་ལ། འཚོ་བའི་ཁྲོད་ཀྱི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་ཐ་ན་དེའི་ཞིབ་འབྲི་བྱེད་ཐབས་དང་མཚོན་ཐབས་སོགས་ལའང་བསམ་གཞིག་སྣ་ཚོགས་གཏོང་བཞིན་ཡོད་ཅིང་། ནམ་རྒྱུན་རང་ཉིད་ལ་འབད་པ་ལྷོད་མེད་དགོས་པའི་སྙིང་ཕུར་ཡང་ཡང་འདེབས་བཞིན་ཡོད། རྒྱུ་ཅི་འདྲ་ཞིག་བསགས་ན་འབྲས་བུ་དེ་ལྟ་བུ་ཞིག་འཐོབ་པའང་སྨོས་མ་དགོས་ཏེ། ད་ལ་མ་ཐུག་གི་བར་དུ་ངས་རྩོམ་རིག་གི་དོན་དུ་མང་པོ་ཞིག་བློས་གཏོང་མྱོང་བ་ཇི་བཞིན་རྩོམ་རིག་གིས་ཀྱང་ང་ལ་རིན་ཐང་བྲལ་བའི་རྩིས་ཐང་དང་ཁྱད་དུ་འཕགས་པའི་གཟི་བརྗིད་གང་མང་ཞིག་གནང་བྱུང་ལ། ཁྱད་པར2018ལོར་བརྩམས་སྒྲུང་གསར་རྩོམ་ལ་ཞུགས་པ་ནས2022ལོའི་བར་དུ་བརྩམས་པའི་སྒྲུང་ཐུང་ལྔ་བཅུ་ལྷག་ལས་ལེགས་ཤོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དེབ«སྒེའུ་ཁུང»ཞེས་པ་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་ཐོན་བྱུང་ནས་ད་ལྟ་དངོས་སུ་སི་ཁྲོན་མི་རིགས་དཔར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་སོང་བས། དེ་ནི་ང་ལ་མཚོན་ན2022ལོ་ཡན་ཆོད་ཀྱི་གསར་རྩོམ་ལ་ཕྱོགས་སྡོམ་རྒྱག་སྟངས་ཡག་ཤོས་ཤིག་ཡིན་ལ། སྔར་ལས་ལྷག་པའི་སེམས་ཤུགས་བསྐྱེད་དེ་གསར་རྩོམ་ལ་འཇུག་པའི་སྒོ་འཕར་ཞིག་ཀྱང་ཕྱེ་བ་ཡིན་པས། དེ་སྔོན་འབད་འབུངས་བྱས་པའི་འབྲས་རྟགས་ཆུང་ཆུང་འདི་ལ་དགའ་བ་སྒོམ་བཞིན་ཡོད་ལ། མུ་མཐུད་དུ་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ལ་གོམ་གང་མདུན་སྤོས་ཀྱིས་འབད་བརྩོན་དགོས་པའི་ཆོད་སེམས་གཙང་མ་ཞིག་ཀྱང་རྙེད་སོང་ངོ་། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།