བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས། སྟོད་ཆ།

རྩོམ་པ་པོ།:མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཡོང་ཁུངས།:དྲ་རྒྱ་ལས་བཏུས། དུས་ཚོད།:2015-03-17 09:15:00 ཀློག་གྲངས།:
     དེ་ཡང་རྒྱལ་བོ་གླང་དར་མར་གྲགས་པ་འདི་ཉིད་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་རབས་མཐའ་མ་ཞེ་གཅིག་པ་དེ་ཡིན།རྒྱལ་བོ་འདིས་ཆབ་སྲིད་ཐོག་ནས་མངའ་བསྒྱུར་བ་ནས་བཟུང་དུས་རབས་བཅུ་གཅིག་མ་ཤར་བར་བོད་ཀྱི་རྒྱལ་རབས་སྐོར་དཔྱད་གཞིའི་ཡིག་ཆ་ཧ་ཅང་ཉུང་བ་དང་།ཕྲན་བུ་ཡོད་ཀྱང་ཤིན་ཏུ་ཟང་ཟིང་ཡིན་པར་བརྟེན་ལོ་རྒྱུས་ཞིབ་ཚགས་ཅིག་རྩོམ་འབྲི་བྱེད་པ་ཆེས་དཀའ་བར་འདུག དེ་མ་ཟད་རང་རེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་ཤ་སྟག་ཏུ་སོང་སྟབས་རྩོམ་པ་པོའི་མཐོང་སྣང་གཙོ་ཆེ་བ་ནི་སངས་རྒྱས་ ཆོས་ལུགས་ཀྱི་ཆེ་བ་དང་དེའི་སྦྱིན་བདག་བྱེད་མཁན་གྱི་རྒྱལ་བློན་སོ་སོས་ཆོས་སྤྱོད་ཚུལ་གྱི་གཟི་བརྗིད་ཙམ་ལས་དེའི་དུས་སྐབས་ཀྱི་རྒྱལ་རབས་ལོ་རྒྱུས་དངོས་གནས་དང་དུས་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྐོར་ཕལ་ཆེར་རྩ་བ་ནས་བྲིས་ མེད་པ་ལྟ་བུ་རེད། སྤྱིར་བཏང་ལོ་རྒྱུས་ཞེས་པའདི་མི་ཞིག་གི་རང་གི་དུས་སྐབས་ སུ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་སྤྱི་ཚོགས་ནང་དུ་མི་དམངས་ཀྱི་འཚོ་བའི་འཕོ་འགྱུར་དང་ཆབ་སྲིད་ཐོག་འགྱུར་ལྡོག་གང་བྱུང་བ་དང་རང་འདོད་དང་ཕྱོགས་ཞེན་གྱིས་མ་བསླད་པར་ཇི་མ་ཇི་བཞིན་དུ་བྲིས་པ་ཞིག་ཡིན་ལ་བྱེད།ལོ་རྒྱུས་དེ་འདྲ་བྲིས་པ་ཡོད་ན་དེ་ཚན་རིག་གི་ཐོག་ནས་ཞིབ་འཇུག་ཆེར་མ་བྱས་ཀྱང་དོན་དངོས་སུ་ཁས་ལེན་པའམ་ ཡིད་ཆེས་བྱེད་ཡུལ་དུ་འཇོག་ཐུབ། དེ་ལྟར་མིན་པར་ལོ་རྒྱུས་དང་རྒྱལ་རབས་ཡིན་ཞེས་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་དུ་བྱུང་བའི་དུས་སྐབས་སུ་འཕོ་འགྱུར་ག་རེ་བྱུང་བ་བྲིས་པ་རྣམས་དཔྱད་གཞིའི་ ཡིག་རིགས་མང་པོ་ཞིག་བསགས་ཏེ་ཞིབ་འཇུག་རྒྱུན་རིང་དུ་བྱས་རྗེས་གཞི་ནས་བདེན་ཆ་ག་པར་ཡོད་མེད་བརྟགས་རྒྱུ་ལས་གཞན་ཆ་འཇོག་བྱེད་པ་དཀའ། འདི་་ལྟར་བྱས་ཚེ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་རིགས་གཉིས་སུ་འདུས་ཡོད། དང་པོ་ནི། དུས་རབས་བཅུ་བའི་སྔོན་དུ་བཙན་པོ་རྣམས་ཀྱི་སྐུ་རིང་དུ་བཙུགས་པའི་རྡོ་རིང་ཁག་དང་ཁོང་ཚོས་བཞག་པའི་བཀའ་གཙིགས་ཆེ་ཆུང་དང་དེ་དུས་སུ་བྲིས་བའི་ལོ་རྒྱུས་གནའ་རབས་ཀྱི་ཡིག་ཆ་དཔེར་ན། རྒྱ་ཤ་ཅུའམ་དེང་སང་ཡོངས་གྲགས་སུ་ཏུན་ཧོང་ཞེས་འབོད་པའི་ཡུལ་ནས་ཐོན་པའི་བོད་ཀྱི་བརྡ་རྙིང་ཡིག་ཆ་རྣམས་དང་།ཡུལ་དེ་དང་ཉེ་བ་ནས་བྱུང་བའི་ཤིང་གི་བྱང་བུར་བྲིས་པའི་ཁྲམ་ཤིང་ཞེས་པ་རྣམས་ཡིན། གཉིས་པ་ནི། དུས་རབས་བཅུ་གཅིག་པའམ་ཕལ་ཆེ་བ་དེའི་རྗེས་སུ་བྲིས་པའི་རྒྱལ་རབས་དང་ཆོས་འབྱུང་ཁག་ཡིན། ཕྱི་མ་འདིའི་གྲས་སུའང་རྒྱལ་རབས་ཚད་ལྡན་འགའ་ཤས་ཡོད་པ་དཔེར་ན། ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་དཔའ་བོ་གཙུག་ལག་ཕྲེང་བས(1504–1566)སྤྱི་ལོ1564ལོར་བྲིས་པའི《ལྷོ་བྲག་ཆོས་འབྱུང》ངམ《མཁས་པའི་དགའ་སྟོན》ཞེས་གྲགས་པ་དེ་ནི་དེང་སང་འཛམ་གླིང་ཐོག་བོད་ཀྱི་ལོ་རྒྱུས་མཁན་ཚང་མའི་མགྲིན་གཅིག་ཏུ་ཚད་གཞིར་འཇོག་པའི་ཡིག་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་རྩོམ་པ་པོས་སྔོན་ཡོད་ཆོས་འབྱུང་རྣམས་སུ་བྲིས་པའི་གཏམ་རྒྱུད་དང་ལོ་རྒྱུས་འདྲེས་མར་ཡོད་པ་རྣམས་ཧ་ཅང་སྐྱར་ཟློས་མ་བྱས་པར་གནའ་རབས་ལོ་རྒྱུས་སྐོར་རྡོ་རིང་དངོས་སུ་མཇལ་ནས་ཇི་མ་ཇི་བཞིན་བཤུས་པ་དང་།བསམ་ཡས་སུ་ཕེབས་ནས་དེར་ཡོད་དཔེ་མཛོད་རྙིང་པའི་གྲས་ནས་བྱུང་བའི་བཀའ་གཙིགས་རྣམས་དངོས་སུ་མཇལ་ནས་དཔྱད་གཞིར་མཛད་ཡོད། དེར་བརྟེན་ད་རེས་འདིར་གནའ་རབས་ཀྱི་ཡིག་རྙིང་ནང་དུ་རྒྱལ་པོ་དར་མར་གྲགས་པའི་སྐོར་ཅུང་ཟད་ཐ་ཐོར་ཡོད་པ་གཙོར་བྱས་ནས་དེ་དང་ཆབས་གཅིག་ཏུ་ཕྱིས་སུ་བྱུང་བའི་ཡིག་ཆ་ཁག་ཏུ་ཡོད་པའི་དངོས་དོན་ཁས་ལེན་དུ་རུང་བ་རྣམས་ཀྱིས་ཟུར་བརྒྱན་ཏེ་ལོ་རྒྱུས་ཉུང་བསྡུས་ཤིག་འབྲི་རྒྱུ་ཡིན།
     དེ་ལ”གླང་དར་མ”ཟེར་ བའི་མིང་འདི་ཉིད་ཕྱིས་བྱུང་གི་ཆོས་འབྱུང་རྣམས་སུ་ཆེས་གྲགས་ཀྱང་དུས་རབས་བཅུ་གཅིག་པའི་སྔོན་དུ་བྱུང་བའི་ཡིག་ཆ་ད་ཕན་མཐོང་བ་རྣམས་སུ་མི་འདུག་ལ། ཡིག་རྙིང་རྣམས་སུ་བཙན་པོ་འུའི་དུམ་བརྟན་ནམ་དུན་བརྟན་དང་ལྷ་སྲས་དར་མར་འབོད། ཁོང་ནི་ཡབ་འཕྲུལ་གྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ནམ་ཕྱིས་སུ་སད་ན་ལེགས་མཇིང་ཡོན(ཁྲི་ལོ800–836)དུ་གྲགས་པ་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་གཉིས་ལ་སྲས་གཉིས་འཁྲུངས་པའི་གཅེན་པོ་ཡིན་ལ། སྤྱི་ལོ་803ལོར་སྐུ་བལྟམས། 《སྦ་བཞེད》དུ་ཁོང་གཉིས་ལ་སྐུ་མཆེད་གཙང་མ་ཞེས་པ་ཞིག་རབ་བྱུང་གི་རྟེན་དུ་ཡོད་པར་མ་ཟད་གཞན་ དག་ཀྱང་ཡོད་པའང་བཤད་དོ༎ སྐུའི་གཅུང་པོ་འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན་ནམ་ཕྱིས་སུ་རལ་བ་ཅན་དུ་གྲགས་པ་སྤྱི་ལོ836ལོར་སྐུ་བཀྲོངས་ནས་ལྷ་སྲས་དར་མ་བོད་རྒྱལ་བོའི་གསེར་ཁྲིར་བཀོད།སྐབས་དེར་ཁོང་དགུང་ལོ་སོ་དྲུག་ལ་ཕེབས་ཡོད། སྣ་ནམ་བཟའ་དང་ཚེ་སྤོང་བཟའ་འཕན་གཉིས་མནའ་མར་བཞེས་ཞེས་གྲགས་ཀྱང་འདི་གཉིས་རྒྱལ་བོའི་ཁྲི་ལ་འཁོད་ནས་བཞེས་སམ་ཁྲི་ལ་མ་འཁོད་གོང་ནས་བཞེས་པ་གང་ཡིན་མི་གསལ།
     ཆབ་སྲིད་ཀྱི་བློན་ཆེན་གཙོ་བོ་དབའ་རྒྱལ་ཏོ་རེ་སྟག་གཉའ་ཞེས་པས་བྱས། རྒྱལ་པོ་ཁྲི་དར་མས་བོད་སྤྱི་ཙམ་ལ་མ་ཟད་བོད་ཀྱི་མངའ་འོག་ཏུ་ཡོད་པའི་རྒྱ་ཤ་ཅུ་དང་འཛམ་གླིང་ཤར་དཀྱིལ་དར་ལམ་དུ་ཡོད་པའི་རྒྱལ་ཕྲན་ཡུ་གུར་དང་ལི་བཅས་ལ་སྔར་བཞིན་ཆབ་སྲིད་དང་དམག་ཇུས་ཟུང་འབྲེལ་བྱས་ནས་མངའ་དབང་བསྒྱུར། སྐུའི་གཅུང་པོ་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་བོད་རྒྱ་གཉིས་བར་ཞི་བདེའི་ཆིངས་ཡིག་བཞག་ཡོད་ནའང་བོད་ཀྱི་མཐའ་མཚམས་ཚང་མ་དང་ལྷག་པར་བོད་བྱང་ཤར་དང་ཤར་ལྷོའི་མཐའ་ཁུལ་དུ་ད་དུང་བོད་ཀྱི་དམག་དཔུང་ཆེས་མང་བ་གནས་ཡོད། མཚོ་སྔོན་ཤར་རྒྱུད་དུ་བོད་བཙན་པོའི་མཐོང་ཁྱབ་ཁྲི་སྡེ་གཙོ་བོ་ཙོང་ཁ་བདེ་བློན་གྱི་ལས་ཁུངས་ཡོད། རྒྱལ་བོ་ཁྲི་དར་མའི་དུས་སྐབས་སུ་དེར་ཡོད་པའི་དམག་སྤྱི་ཆེན་པོ་ནི་དབའ་ཁྲོམ་བཞེར་ཡིན།
     སྔོན་བྱོན་བཙན་པོ་བཞིན་བོད་བཙན་པོའི་མངའ་ཐང་ད་དུང་རྒྱ་བསྐྱེད་བྱས་པའི་ལོ་རྒྱུས་མེད་ན་ཡང་བོད་ཀྱི་མངའ་འོག་ཏུ་ཡོད་བཞིན་པའི་ས་ཁུལ་རྣམས་ཆབ་སྲིད་ཀྱི་དབང་ཤུགས་དང་དམག་དོན་གྱི་དྲག་ཤུགས་ཐོག་ནས་ཐོགས་ཆག་མེད་པར་དབང་བསྒྱུར་བྱས་པར་མངོན། རྒྱལ་བོ་འདིའི་རིང་སྐུའི་ཡབ་མེས་རྣམས་ཀྱིས་བཞེངས་པའི་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་ཡོད་པ་དཔེར་ན་ཁྲ་འབྲུག་དང་བསམ་ཡས་དང་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་སྐུའི་གཅུང་པོ་ཁྲི་རལ་པ་ཅན་གྱི་དུས་སུ་བཞེངས་བའི་དེ་ག་གཡུ་ཚལ་གྱི་གཙུག་ལག་ཁང་ཞེས་པ་ཨ་མདོ་ཙོང་ཁའི་ཡུལ་དུ་ཡོད་པ་བཅས་ལྟ་བུ་ཡིན།གཙུག་ལག་ཁང་འདི་རྣམས་མང་ཆེ་བ་ཕྱིས་བྱུང་གི་དགོན་སྡེ་ཁག་གི་རྣམ་པ་དང་འདྲ་མཚུངས་སུ་ཡོད། འདི་དག་ཚང་མར་གྲྭ་པ་མི་ཉུང་ཞིག་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་ཡོད། ཁོང་ཚོར་རྒྱལ་པོའི་བླ་མཛོད་ནས་འཚོ་རྐྱེན་སྦྱར་བ་མ་ཟད་ལྷ་རིས་ཞེས་དུད་གྲངས་མང་པོ་དགེ་འདུན་གྱི་འཚོ་རྟེན་དུ་ཕུལ། ཁྲི་རལ་ཅན་གྱི་ དུས་ནས་གཙུག་ལག་ཁང་རྣམས་ལ་ལྷ་རིས་སམ་བླ་འབངས་ཡོད་བཞིན་པའི་ཐོག་ད་དུང་ས་ཞིང་ དང་སྒོ་ཕྱུགས་རྒྱ་ཆེར་སྤྲད་དེ་བོད་ཀྱི་སྤྱི་ཚོགས་ནང་སངས་རྒྱས་ཆོས་ལུགས་མི་སྣས་མཆོད་གཞིས་རྒྱ་ཆེར་བཟུང་བ་དང་དེ་རྣམས་སུ་ཡོད་པའི་བླ་འབངས་སམ་མི་སེར་ལ་རྒྱལ་པོའི་ཕོ་བྲང་དང་སྲིད་གཞུང་ལྟོས་མེད་ཐོག་དབང་བསྒྱུར་བྱས་པའི་འགོ་ཚུགས། བླ་འབངས་རྣམས་ཀྱིས་རྒྱལ་པོར་དཔྱ་ཁྲལ་འཇལ་མི་དགོས་པ་དང་སྲིད་གཞུང་ལ་དམག་ཁྲལ་རྒྱུགས་མི་དགོས་པའི་དམིགས་བསལ་གྱི་ཁྲིམས་ཡིག་གཏན་འབེབས་བཟོས་ཡོད།དེར་བརྟེན་གཙུག་ལག་ཁང་རྣམས་སུ་ཡོད་པའི་གྲྭ་པ་ལ་རྒྱལ་པོའི་བླ་མཛོད་ནས་འཚོ་རྟེན་མུ་མཐུད་ནས་སྦྱར་བ་དང་གཅིག གྲྭ་པ་ཚོར་དབང་བའི་མི་སེར་གྱིས་དཔྱ་ཁྲལ་འཇལ་བ་དང་དམག་ཁྲལ་རྒྱུགས་མི་དགོས་པའི་རྐྱེན་དང་གཉིས། ཕྱི་རོལ་དུ་བོད་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་དང་བོད་རྒྱའི་ས་མཚམས་སུ་བོད་ཀྱི་དམག་དཔུང་ཆེན་པོ་ཕྱོགས་ཐ་དད་དུ་མུ་མཐུད་ནས་ཉར་དགོས་པ་དང་གསུམ་བཅས་མདོར་ན་རྒྱལ་བོ་ཁྲི་དར་མའི་སྲིད་གཞུང་དང་མི་དམངས་ལ་དཔལ་འབྱོར་ཐོག་ནས་དཀའ་ཚེགས་ཆེན་པོ་བྱུང་ཡོད་པ་མངོན་དུ་གསལ། སྔོན་བྱོན་བཙན་པོ་རྣམས་ཀྱི་སྐུ་རིང་ལ་དྲག་ཤུགས་ཀྱི་དམག་དོན་གཙོ་ཆེར་བྱས་ཡོད་ཀྱང་རྒྱལ་པོ་ཁྲི་དར་མའི་རིང་དུ་སངས་རྒྱས་ཆོས་ལུགས་དར་བས་ཆོས་ཀྱི་མཐུན་རྐྱེན་དང་དམག་དོན་གྱི་འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།