ངོས་དང་པོ > ལོ་རྒྱུས། > རྒྱལ་རབས་ལོ་རྒྱུས། > བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོའི་ཟིན་བྲིས།
བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོའི་ཟིན་བྲིས།
རྩོམ་པ་པོ།:ལྡོང་ཡོན་ཏན་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-02 12:07:00
ཀློག་གྲངས།:
སྔོན་འགྲོའི་གསལ་བཤད།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ་ནི་ལོ་རྒྱུས་ཀྱི་གཞུང་སྐད་གྲགས་ཆེ་བ་ཞིག་སྟེ། ཟོལ་གྱིས་བཅོས་པའི་སྨིན་མ་མི་གཡོ་ཞིང་། །ཕྱོགས་སུ་ལྷུང་བའི་ཟུར་མིག་མི་ལྟ་བ། །རང་བཞིན་གཤིས་ཀྱིས་འཛུམ་པའི་མེ་ཏོག་འདིས། །དཔྱོད་ལྡན་སྐྱེ་བོའི་ཡིད་དབང་ཅིས་མི་འཕྲོག །ཅེས་གསུངས་པ་ལྟར་རིགས་ཞེན་གྱི་མེ་ལྕེ་དགོང་དུ་མཆེད་བཞིན་པའི་དུས་སྐབས་འདིར་ལྷག་པར་དུ་དོ་སྣང་དང་གཙིགས་འཛིན་ཆེན་པོ་བྱེད་པའི་ཡུལ་དུ་གྱུར་ཡོད་ལ། སློབ་ཆེན་པའི་ལོ་རྒྱུས་སློབ་དེབ་ཀྱང་དེབ་དཀར་ཀྱིས་བྱེད་བཞིན་པ་སོགས་འཕྲིན་ལས་ཡར་རྒྱས་ཀྱི་དུས་སུ་སླེབས་འདུག གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཀྱང་ལོ་རྒྱུས་ཀྱི་ཁྲིད་གཞིར་དེབ་དཀར་གཏན་འཁེལ་བྱས་པ་བཞིན་སྐབས་གཉིས་པའི་བོད་ཡིག་ཆེས་མཐོའི་འཛིན་གྲྭར་བདག་གིས་དཔེ་ཁྲིད་ཀྱི་གཟུགས་བརྙན་ཙམ་འཛིན་ཁུལ་བྱས་ཚེ། དཀའ་གནས་དང་བརྡ་རྙིང་སོགས་མང་བོ་ཞིག་ལ་མཆན་འགྲེལ་རེ་མི་འགོད་ཐབས་མེད་དུ་འདུག་པས།ཉིན་རེའི་དཔེ་ཁྲིད་ཀྱི་འགྲོས་དང་བསྟུན་ནས་སྒོ་སམ་ངོས་ལ་ས་སྨྱུག་གིས་བྲིས་པ་རྣམས་སློབ་བུ་དོན་གཉེར་ཅན་ཚོས་ཡི་གེར་བཀོད་པས་འདིར་སྣོན་འཕྲི་ཅུང་ཟད་དང་བཅས་གླེགས་བམ་དུ་བསྡེབས་པ་ཡིན། གླེགས་བམ་འདི་དོན་ཚན་བདུན་གྱིས་གྲུབ་པ་ལས་གཙོ་ཆེར་མཆན་འགྲེལ་གྱི་སྐོར་ཡིན་ཏེ། འབྲུ་འགྲེལ་ཙམ་མ་ཡིན་པར་ཅུང་རྒྱས་པར་འགྲེལ་ཁུལ་བྱས་ཡོད་ལ། ལོ་ཚིགས་སོགས་དོགས་གནས་ཅན་རེ་འགའ་འདུག་པ་ལ་འང་རང་གི་ལྟ་ཚུལ་ལྷུག་བརྗོད་བྱས་ཡོད། འགྲིག་མིན་གཟུར་གནས་དཔྱོད་ལྡན་ཚོས་ཞིབ་པར་གསུང་འདུན་ཆེ། སྤྱིར་ལོ་རྒྱུས་ནི་གལ་འགང་ཆེ་ཞིང་རྙོག་འཛིང་ཆེ་བ་ཞིག་ཀྱང་ཡིན་པས་ཇི་བཞིན་བཤད་མི་ཐུབ་པའམ་མི་ཕོད་པའི་གནས་མང་དུ་མཆིས་མོད། རང་གི་རྣམ་དཔྱོད་ཀྱིས་མ་འདང་བ་ནི་དེ་ག་རང་དུ་ཟད་པ་ལས་གཞན་ཇི་བཞིན་བརྗོད་པའི་ལས་ལ་སྤོབས་པ་ཆེན་པོས་བརྩོན་པ་བསྟེན་ཡོད།དེབ་དཀར་ཁྲིད་པའི་ཞོར་ལ་འབྲེལ་ཡོད་ལོ་རྒྱུས་པོད་བརྒྱ་ཕྲག་ལྷག་ལ་ཞིབ་མཇལ་བྱེད་སྐལ་ལྡན་ཞིང་མཆན་འགྲེལ་རྒྱས་ཤོས་ཀྱི་གླེགས་བམ་ཞིག་ཀྱང་ཟས་རིན་ཙམ་དུ་མི་ཡུལ་ལ་འཇོག་ཐུབ་སོང་བ་ནི། བཀའ་དྲིན་འཁོར་མཐའ་བྲལ་བའི་སློབ་དཔོན་རྣམ་པ་དང་དཔེ་ཁྲིད་བྱེད་ཡུལ་གྱི་སློབ་མ་ཚོའི་ཐུགས་རྗེ་དང་འབྲལ་ཐབས་མེད་པ་ཡིན་ན། འདིར་ཆེད་དུ་བཀའ་དྲིན་ཚོར་བའི་གུས་འདུད་ཞུ་བཞིན་ཡོད། ཅེས་ལྡོང་ཡོན་ཏན་རྒྱ་མཚོས་རྔ་ཡུལ་སྒོ་མང་དགོན་ནས་སྤྱི་ལོ་༢༠༡༠.༦.༣ཉིན་བྲིས།
བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོའི་ཟིན་བྲིས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་ཞེས་བྱ་བ།
གངས་ཀྱི་རི་ཚོམ་བསྟར་བའི་དཀྱིལ་འཁོར་ན། །གངས་སེང་དཀར་མོའི་དཔུང་ལ་བཀའ་བགོ་བའི། །
རིགས་གསུམ་མགོན་པོ་དྲག་པོའི་སྐུར་བཞེངས་པ། །
ཆོས་རྒྱལ་མེས་དབོན་རྣམ་གསུམ་ཕྱོགས་ལས་རྒྱལ། །
ཁྲི་འབུམ་ལོ་ཡིས་གཏུགས་པའི་བསྐལ་བ་ནས། །
འཁྱར་འཁྱོར་གོམ་པ་ད་དིག་བརྡ་ཆད་ཀྱིས། །
སྲིད་ལ་གཏམ་རྒྱུད་བཞག་པའི་གདོང་དམར་བ། །
གནམ་ནས་མ་བབས་ས་ལས་སྐྱེས་པ་མིན། །
རུས་ཆེན་རུས་ཆུང་གྱེས་པའི་བྱུང་བ་རིང་། །
སྡེ་ཚོ་རྒྱལ་ཕྲན་སིལ་མའི་རྣམ་པ་མང་། །
གཅིག་གྱུར་བོད་ཁམས་ཆེན་པོའི་རྔམ་ཟིལ་བརྗིད། །
ཆོས་སྲིད་དཔལ་འབྱོར་དར་བའི་སྒང་བ་བོད། །
བཙན་པོའི་རྒྱལ་རབས་མུ་ཏིག་བསྟར་བ་འདྲ། །
སིལ་བུའི་དུས་རབས་འབྲུ་ཚོམ་བརྡལ་བ་འདྲ། །
འཛམ་གླིང་སུམ་ཆར་དབང་བའི་ལོ་རྒྱུས་ཡོད། །
རང་རྐྱ་འཕེར་བའི་ཁུངས་དང་དན་རྟགས་ཡོད། །
སྲིད་ལུགས་གཙོ་བོར་བཏོན་པའི་དེབ་ཀྱི་ཐེར། །
དྲན་དབང་དགེ་ཆོས་མཆོག་གི་ཐུགས་ལས་འཁྲུངས། །
མཆན་འགྲེལ་དཔྱོད་ལྡན་སྨྲ་བའི་འབབ་སྟེགས་ཤིག །
བདག་གིས་ཐོས་དཔྱད་བརྩོན་པས་བསྐྲུན་པར་མོས། །
བརྗོད་དོན་ཟབ་ཅིང་བརྡ་རྙིང་མང་དྲགས་པས། །
ནོར་འཛོལ་གང་བྱུང་གཟུར་གནས་མཁས་པས་ཆོས། །
གངས་རིའི་བསྟན་སྲིད་གདུགས་དཀར་འདེགས་པ་ལ། །
མཐུན་པའི་རྐྱེན་གཅིག་འཁྱོངས་ན་གློ་བ་དགའ། །
འབྲེལ་ཡོད་གཞུང་ལུགས་མ་བཀླགས་བསམ་པ་མེད། །
དཔྱད་བསྡུར་ཞིབ་མོ་མ་བྱས་བསམ་པ་མེད། །
ལོ་རྒྱུས་རིག་པའི་སྨྲ་ལྕེ་ལ་དགའ་བའི། །
གཞོན་སྐྱེས་རེ་འགར་ཕན་བསྐྱེད་འབྱུང་ཡང་སྲིད། །
དགྲ་འདུལ་གཉེན་སྐྱོང་སྲིད་པའི་གཏམ་རྒྱུད་འདིས། །
བྱང་ཆེན་བགྲོད་པའི་ཐེམ་སྐས་མི་ནུས་ཀྱང་། །
ཕ་ཤུལ་བུ་ཡིས་འཛིན་འདོད་དཔའ་བོ་ལ། །
ཁ་ཕྱོགས་གསལ་བོར་སྟོན་པའི་དེད་དཔོན་ཡིན། །
དེ་ལ་འདིར་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ་ས་བཅད་བདུན་གྱི་སྒོ་ནས་མདོ་ཙམ་འཆད་པ་ལ།
དང་བོ། སློབ་གཉེར་བྱེད་ཡུལ་ཕྱོགས་ཙམ་བསྟན་པ།
ཇི་སྐད་དུ།འཇམ་མགོན་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོའི་ཞལ་ནས།མཁས་གང་ཤེས་བྱའི་གནས་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པར་འདོད། །ཅེས་གསུངས་པ་ལྟར་རང་རང་གི་བློ་གྲོས་དང་རྣམ་དཔྱོད་ཀྱིས་ལོངས་ན་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཤེས་བྱ་རིག་པའི་གནས་མཐའ་དག་ལ་ཐོས་བསམ་ཕྱོགས་སུ་མ་ལྷུང་བ་ཞིག་བྱས་ཏེ་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཇི་བཞིན་དུ་རྟོགས་པ་ལ་འབད་དགོས་ཤིང་། དབང་བོ་ཅུང་ཙམ་རྟུལ་བའམ་ཡང་ན་དགའ་ཁ་འཁྱེར་ཕྱོགས་སོགས་ཀྱི་དབང་གིས་སྦྱང་བྱ་རིག་པའི་གནས་དག་ལས་བྱེ་བྲག་པ་རེར་དམིགས་བཀར་གྱིས་ལེགས་པར་སྦྱངས་ཏེ་ཤེས་པར་བྱས་ནའང་མཆོག་ཏུ་གྱུར་བའི་ཡན་ལག་དང་བསྔགས་པའི་འོས་སུ་ཆེ་སྟེ། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས།ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་རིགས། །ཞེས་གསུངས་པ་ལྟར་རོ། །
འོན་ཀྱང་སྤྱིར་ད་ལྟ་མི་རྣམས་སྒྱིད་ལུག་ཆེ་ཞིང་རྣམ་གཡེང་ལ་སྤྲོ་བ།དཀའ་སྤྱད་སྡུག་རུས་བྱེད་མི་ཐུབ་པ། ལེགས་ཉེས་ཅི་རིགས་ཀྱིས་བསྡུས་པའི་སྦྱང་བྱའི་གནའ་དེང་གི་གཞུང་ལུགས་ཀྱང་གྲངས་མེད་པ་དང་།ཁྱད་པར་དུ་ཁྱེད་ཅག་༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་གཉིས་པའི་བོད་ཡིག་ཆེས་མཐོའི་འཛིན་གྲྭ་དང་ཟུར་ཞུགས་དགེ་རྒན་རྣམས།༽ལ་མཚོན་ནའང་སྦྱང་བྱ་གཞན་མང་བོ་ཡོད་ཅིང་སློབ་གྲྭ་འདིར་སློབ་ཡུན་ལོ་ཁ་ཤས་ལས་མེད་པ།ང་ཡང་སྔོན་སྦྱངས་ཡོན་ཏན་གྱིས་དབུལ་བ་སོགས་ཀྱིས། རྒྱ་ཆེན་གཏིང་ཟབ་ཀྱི་གཞུང་ལུགས་ཤིག་འཁྲིད་རྒྱུ་ཧ་ཅང་ཁག་པོ་ཡིན་མོད། ཐམས་ཅད་ཀྱི་རེ་བ་ལྟར་བོད་གངས་ཅན་གྱི་ལོ་རྒྱུས་སྟོན་པའི་གཞུང་མང་བོ་ལས། རང་གི་སྔོན་རབས་ལོ་རྒྱུས་གཞུང་ལུགས་ཀྱི་ཉིང་བཅུད་འདུས་ཤིང་། ཏུན་ཧོང་ཡིག་ཆ་དང་ཐང་ཡིག་གསར་རྙིང་སོགས་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆས་ཟུར་བརྒྱན་པ།གངས་རིའི་སྣོད་བཅུད་ཀྱི་བྱུང་འཕེལ་གསལ་བ།ལོ་ཚིགས་དག་པ།༼ལོ་ཚིགས་སོགས་དཔྱད་དགོས་པའི་གནས་ཀྱང་མང་མོད་འོག་ཏུ་རིམ་བཞིན་འཆད་ཆོག༽བཙན་པོ་རིམ་བྱུང་སྐབས་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། དམག་དོན། རིག་གནས། གོམས་སྲོལ། སྟོབས་ཤུགས། མངའ་ཁོངས་ཀྱི་རྒྱ་ཁྱོན་སོགས་ཕྱོགས་ཡོངས་ལ་ཞིབ་འཇུག་ཟབ་པ། བན་བོན་ཆོས་ལུགས་ཀྱི་བྱུང་བ་དང་ངོ་བོ་སོགས་ཟུར་དུ་བཞག་སྟེ་འཇིག་རྟེན་སྲིད་ལུགས་གཙོ་བོར་སྟོན་པ། རབ་བཏགས་དང་འུད་བརྗོད་ཀྱིས་མ་སྤྲས་པར་དངོས་ཡོད་འཚོ་བའི་ལོ་རྒྱུས་གསལ་བ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ་འདི་ཉིད་ཁྲིད་གཞིར་བདམས་སོ། །
གཉིས་པ། ལོ་རྒྱུས་ཀྱི་ངེས་ཚིག་དང་དབྱེ་བ།
དེ་ཡང་སྣོད་བཅུད་གང་ཡིན་གྱི་ལོ་རེའི་བྱུང་བའམ་གནས་ཚུལ་རྣམས་རྟགས་སམ་རི་མོར་བཀོད་པའི་ཁྲམ་ཡིག་དག་བསགས་ཏེ་འབྲངས་བུས་བསྟར་ལ་རྒྱུས་སྲོལ་ཡོད་པའི་ཆ་ནས་ལོ་རྒྱུས་སམ། ཡང་ན་ལོ་དུ་མ་ལོན་ཡང་རྒྱུས་ད་ལྟའི་མི་བཞིན་དུ་ཡོད་པ་ཞིག་ལ་ལོ་རྒྱུས་ཞེས་ཀྱང་གྲགས་སོ། །དེ་ལ་རྣམ་པའམ་ངོ་བོའི་ཆ་ནས། ༡དེབ་ཐེར་དང་། ༢ ཆོས་འབྱུང་། ༣ བསྟན་རྩིས། ༤ དཀར་ཆག ༥ རྣམ་ཐར། ༦ རྟོགས་བརྗོད། ༧ རྒྱལ་རབས། ༨ བླ་རབས། ༩ ཁྲི་རབས། ༡༠ མཁན་རབས། ༡༡ གདན་རབས། ༡༢ བཀའ་ཐང་། ༡༣ རུས་མཛོད། ༡༤ ཁྱིམ་རྒྱུད་སོགས་མང་དུ་ཡོད་དོ། །
འདིར་དེ་དག་གི་གོ་དོན་མདོ་ཙམ་བརྗོད་ན། ༡ བྱུང་བ་སྤྱིར་བརྗོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་ལས་མཆོག་གམ་དྭངས་མ་ཐེར་ཏེ་རབ་ཀྱི་སྒོ་ནས་དེབ་ཐེར་རམ། ཡང་ན་གསེར་ཐང་ལས། དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་རབས་ཀྱི་ཡེ་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོགས་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་། དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ནས་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ། །ཞེས་ཀྱང་གསུངས་སོ། །
༢ ཆོས་ལུགས་དར་རྒྱས་ཆེ་བའི་ས་གནས་དང་ཡུལ་ལུང་སོ་སོར་ཆོས་ལུགས་རིག་གནས་བཅས་ཀྱི་བྱུང་ཚུལ་གཙོ་བོར་བཤད་པ་ཞིག་ལ་ཆོས་འབྱུང་ཟེར། དེ་ཡང་ཐོག་མར་ཆོས་ལུགས་དེ་གསར་གཏོད་མཛད་མཁན་གྱི་ལོ་རྒྱུས་དང་། གསར་གཏོད་བྱེད་དགོས་པའི་རྒྱུ་རྐྱེན། དེའི་གོ་རིམ། སློབ་རྒྱུད་རིམ་བྱུང་། ཆོས་ལུགས་སྐོར་གྱི་གསུང་རབ་གང་དང་གང་ཡོད་པ། ཆོས་ལུགས་དེ་དར་རྒྱས་དང་ཉམས་རྒུད་བྱུང་ཚུལ། རྗེས་འབྲང་མཁས་པ་སོ་སོའི་ལོ་རྒྱུས་དང་གསུང་རྩོམ་གང་དང་གང་ཡོད་པ་བཅས་གསལ་བོར་བཤད་པ་ཞིག་ཡིན། དེ་ལ་ནང་གསེས་ཀྱི་དབྱེ་ན། ༡ ཆོས་ལུགས་སྤྱིའི་ཆོས་འབྱུང་། ༢ ཆོས་ལུགས་སོ་སོའི་ཆོས་འབྱུང་། ༣ ས་གནས་སོ་སོའི་ཆོས་འབྱུང་། ༤ རིག་གནས་ཆེ་ཆུང་སོ་སོའི་ཆོས་འབྱུང་བཅས་བཞི་ཡོད་ཚུལ་མཁས་དབང་དུང་དཀར་རིན་པོ་ཆེས་གསུངས་སོ། །
༣བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་དང་དེའི་བསྟན་འཛིན་སྐྱེས་བུ་རིམ་བྱོན་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་དང་། ཆོས་ཀྱི་མཛད་སྒོ་ནམ་སྤེལ། དགོན་སྡེ་ནམ་བཙུགས། བསྟན་པའི་གནས་ཚད་སོགས་ཀྱི་ལོ་ཚིགས་གསལ་བོར་སྟོན་པ་ཞིག་ལ་བསྟན་རྩིས་ཟེར།
༤ ཉིན་མོར་གཟུགས་ཀྱི་ཁྱད་ཆོས་རྣམས་མ་འདྲེས་པར་གསལ་བོར་མཐོང་བ་ལྟར་འགོད་བྱའི་དོན་དེ། གསལ་བོར་བཀོད་ཅིང་རྩྭའི་ཆུན་པོ་བསྡམས་པ་ལྟར་འགོད་བྱའི་དོན་དེའི་སྡེ་ཚན་མ་འདྲེས་པར་སོ་སོར་ཕྱེ་ནས་གསལ་བོར་སྟོན་པ་ཞིག་ལ་དཀར་ཆག་ཟེར། དེར་ལྷ་ཁང་དང་དགོན་པ། མཆོད་རྟེན་དང་གསུང་རབ། གནས་ཡིག་གི་དཀར་ཆག་བཅས་རིགས་ལྔ་ཡོད། ད་ལྟའི་དཔེ་དེབ་ཚོའི་དཀར་ཆག་ལ་ལོ་རྒྱུས་ཀྱི་རྣམ་པ་མེད་ཀྱང་སྔོན་བོད་ཀྱི་དཀར་ཆག་དག་ནི་དེ་དང་དེའི་ལོ་རྒྱུས་གསལ་བའི་མེ་ལོང་ལྟ་བུ་ཞིག་ཡིན།
༥ གང་ཟག་ཕལ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་སྐྱེས་བུ་དམ་པ་ཞིག་གི་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ཁྱད་པར་དུ་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་སོགས་ཀྱི་སྒོ་ནས་བསྟན་འགྲོར་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་རྒྱས་ཚུལ་ངག་གི་ཕྲེང་བར་སྤེལ་ཏེ། མཐོང་ཐོས་ཀྱི་གདུལ་བྱའི་རྒྱུད་ལ་བཅོས་མིན་དད་པ་སྐྱེ་ཞིང་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན་ཐུབ་པ་ཞིག་ལ་རྣམ་ཐར་ཞེས་བྱའོ། །
༦ སྐྱེས་བུ་དམ་པ་ཞིག་གི་ནང་གི་མངོན་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་གཙོ་བོར་བརྗོད་པའི་ཆ་ནས་རྟོགས་བརྗོད་ཅེས་བྱའོ། །དེའི་ཕྱིར་སྐྱེ་བོ་ཕལ་བའི་ལོ་རྒྱུས་ལ་རྣམ་ཐར་དང་མི་དབང་རྟོགས་བརྗོད་སོགས་སུ་བཏགས་པ་ནི་རྣམ་ཐར་དང་རྟོགས་བརྗོད་ཀྱི་ངོ་བོ་མ་གཏོགས་པའི་ནོར་འཁྲུལ་ཞིག་གོ། །
༧ ཡུལ་ལུང་གང་ཞིག་གི་མི་རིགས་དང་རྒྱལ་བརྒྱུད་རིམ་པའི་བྱུང་བ་གཙོ་བོར་བརྗོད་པའི་ཞར་ལ་སྐབས་སོ་སོའི་རྒྱལ་བོ་ཚོའི་ཆོས་སྲིད་ཀྱི་མཛད་པ་བསྐྱངས་ལུགས། ཆབ་འབངས་སྤྱིའི་བསམ་བློའི་གནས་བབ་དང་འཚོ་སྤྱོད་གོམས་གཤིས། དཔལ་འབྱོར། དམག་དོན། ཤེས་རིག་གི་འཕེལ་ཚད་སོགས་གསལ་བའི་ངག་རྒྱུན་དང་ཡིག་ཐོག་ཏུ་བྲིས་པའི་གཞུང་ལུགས་ཤིག་ལ་རྒྱལ་རབས་ཟེར་ཞེས་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་གི་འགོ་བརྗོད་དུ་གསུངས་སོ། །
༨ ཆོས་ལུགས་སྤྱིའམ་བྱེ་བྲག་གྲུབ་མཐའ་དང་དགོན་སྡེ་སོགས་ཀྱི་སྐྱེས་བུ་དམ་པ་བླ་མའི་མཚན་ཐོབ་ཡོད་པ་དག་གི་སྐུ་འཕྲེང་རིམ་པའི་མཛད་རྣམ་གཙོ་བོར་བརྗོད་པ་ལ་བླ་རབས་ཞེས་བྱའོ། །ཡང་ན་ཆོས་བརྒྱུད་ཅིག་རིམ་པར་འཛིན་སྐྱོང་སྤེལ་གསུམ་བྱས་པའི་སྐྱེས་བུ་དམ་པ་དག་གི་མཛད་རྣམ་བརྗོད་པ་ཞིག་ལ་བླ་རབས་སམ་བླ་བརྒྱུད་ཅེས་བྱ་སྟེ། དཔེར་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་རྣམ་པར་ཐར་བ་རྒྱལ་བསྟན་མཛེས་པའི་རྒྱན་མཆོག་ཕུལ་བྱུང་ནོར་བུའི་ཕྲེང་བ་ལྟ་བུའོ། །
༩ སྤྱིར་ཁྲི་རབས་ཞེས་པ་དགོན་སྡེ་གང་རུང་གི་གདན་ཁྲི་རིམ་པར་སྐྱོང་མཁན་དག་གི་ལོ་རྒྱུས་དང་འབྲེལ་ཏེ་གདན་ཁྲི་དེ་ཉིད་ཇི་ལྟར་བསྐྱངས་ཚུལ་གཙོ་བོར་སྟོན་པ་ཞིག་ལ་གོ་དགོས་ཏེ། དཔེར་ན་དགའ་ལྡན་ཁྲི་རབས་དང་བླ་བྲང་ཁྲི་རབས་ལྟ་བུའོ། །འོན་ཀྱང་སྐབས་འགར་ཁྲི་བ་ཞེས་པ་བཀའ་བློན་ཁྲི་བ་སོགས་ལ་གོ་བའི་སྐབས་ཀྱང་ཡོད།
༡༠ སྤྱིར་མཁན་པོ་ཞེས་པ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་མཁན་དང་དགེ་སློང་གི་སྡོམ་པ་གནང་མཁན་ལ་གོ་དགོས་ཏེ། འདུལ་བའི་གཞུང་སོགས་སུ་དེ་གཉིས་ལ་རབ་བྱུང་གི་མཁན་པོ་དང་བསྙེན་རྫོགས་ཀྱི་མཁན་པོ་ཞེས་ཟེར་རོ། །འོན་ཀྱང་ས་གནས་ལ་ལར་དགོན་པའི་ནང་གི་ཆོས་ཁྲིད་གནང་མཁན་གཙོ་བོར་བསྐོས་པ་ལ་མཁན་པོ་དང་དེ་དག་རིམ་བྱོན་གྱི་རྣམ་ཐར་དང་འབྲེལ་ཏེ་ཆོས་ཁྲིད་ཀྱི་མཛད་སྒོ་བསྐྱངས་ཚུལ་གཙོ་བོར་བརྗོད་པ་ལ་མཁན་རབས་ཞེས་ཟེར་རོ། །
༡༡ ཆོས་ལུགས་གྲུབ་མཐའ་ཁག་མི་འདྲ་བ་སོ་སོའི་དགོན་སྡེ་རྣམས་ལས་རང་རང་གི་ཆོས་ལུགས་སློབ་སྦྱོང་བྱེད་སའི་ལྟེ་གནས་གཙོ་བོ་ལ་གདན་ས་ཞེས་ཟེར་ཞིང་། གདན་ས་དེ་འདྲ་ཆོས་སྲིད་གཉིས་ཆ་ནས་འཛིན་སྐྱོང་གནང་མཁན་རིམ་བྱོན་གྱི་མཛད་འཕྲིན་གཙོ་བོར་བརྗོད་པ་ཞིག་ལ་གདན་རབས་ཞེས་བྱའོ། །
༡༢ པདྨ་བཀའ་ཐང་ངམ་ཐང་ཡིག་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་པ་ཞིག་སྟེ། ཞུ་བ་བོ་མི་འདྲ་བའི་ཆ་ནས་པདྨ་བཀའ་ཐང་དང་རྒྱལ་བོ་བཀའ་ཐང་། བློན་པོ་བཀའ་ཐང་། བཙུན་མོ་བཀའ་ཐང་། ལྷ་འདྲེ་བཀའ་ཐང་བཅས་རིགས་ལྔ་ཡོད། འདི་དག་གི་ནང་དུ་སློབ་དཔོན་རང་ཉིད་ཀྱི་སྐུ་ཚེ་སྔ་ཕྱིའི་རྣམ་ཐར་དང་ལུང་བསྟན། དུས་སྐབས་དེའི་གནས་ཚུལ་སོགས་ཤིན་ཏུ་གསལ་བས་ལོ་རྒྱུས་ཀྱི་གཞུང་གལ་ཆེན་ཞིག་ཡིན།
༡༣ མི་རིགས་དང་ཡུལ་ཁམས། རུ་སྡེ་དང་ཁྱིམ་ཚང་སོགས་ཀྱི་རིགས་རུས་ཀྱི་ཁྱད་པར་དང་དེ་དག་གི་བྱུང་འཕེལ་སོགས་གང་ལ་གང་མཁོའི་ཚུལ་གྱིས་ལེགས་པར་བརྗོད་པས་ན་རུས་མཛོད་ཅེས་བྱ་སྟེ་དཔེའི་སྒོ་ནས་མིང་བཏགས་པའོ། །དཔེར་ན་མགོ་ལོག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལྟ་བུའོ། །
༡༤ ཁྱིམ་ཚང་ཞིག་གི་མི་རབས་མི་རྒྱུད་ཀྱི་བྱུང་འཕེལ་དང་བདེ་སྡུག་ལེགས་ཉེས་གཙོ་བོར་བརྗོད་པ་ཞིག་ལ་ཁྱིམ་རྒྱུད་ཅེས་བྱའོ། །འདི་ནི་ལོ་རྒྱུས་ཀྱི་མེ་ལོང་གལ་ཆེན་ཞིག་ཡིན་ཡང་བོད་ལ་མཚོན་ན་ཁྱིམ་རྒྱུད་གསལ་ཞིབ་ཏུ་བྲིས་ཡོད་པའི་དཔེ་ཆ་ཧ་ཅང་ཉུང་ངོ་། །
གསུམ་པ། ལོ་རྒྱུས་ཤེས་མིན་གྱི་དགེ་སྐྱོན།
དེང་སྐབས་ལོ་རྒྱུས་རིག་པ་འདི་ནི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་བསྡུས་ཏེ་ཆེས་གདེང་འཇོག་དང་དོ་སྣང་བྱེད་བཞིན་པའི་སྒང་ཡིན། དོན་གྱིས་ཀྱང་འདས་ཟིན་པའི་ལོ་རྒྱུས་ཤེས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་སྟེ། རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་བརྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། ཡབ་མེས་ཀྱི་ཆེ་གེའི་ཡིག་ཚང་མ་ཤེས་ན་མོན་ཕྲུལ་ཡལ་བོ་དང་འདྲ། ཞེས་དང་། མགོ་ནག་བོད་པའི་གཏམ་དཔེ་ལའང་། ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན། །ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས། །ཞེས་ཟེར་བ་ལྟར་ལོ་རྒྱུས་ལ་རྨོངས་ན་རང་གི་རུས་རྒྱུད་དང་དེའི་འབྱུང་ཁུངས། མེས་པོ་གོང་མ་དག་གིས་དགའ་སྐྱོའི་འཚོ་བ་ཇི་ལྟར་བསྐྱལ་ཚུལ། རང་མི་རིགས་དང་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་ཇི་ལྟར་འཕེལ་ཞིང་རྒྱས་པ། ཕྱི་ནང་གི་རྒྱུ་རྐྱེན་གང་ཞིག་གིས་ཉམས་རྒུད་དུ་གྱུར་ཚུལ། སྔོན་བྱོན་མེས་པོ་མཁས་མཛངས་ལྡན་པ་དག་གི་གསར་བཏོད་ཀྱི་བློ་གྲོས་དང་ཚུར་ལེན་གྱི་སྙིང་སྟོབས། རང་སྲུང་གི་ཐབས་ཇུས་དང་བརྟན་ཚུགས་ཀྱི་རང་གཤིས་སོགས་ལ་བརྟེན་ཏེ་ཡ་གླིང་ཤར་རྒྱུད་ན་བོད་མི་རིགས་ཞེས་པའི་གྲགས་སྙན་གྱི་གདུགས་དཀར་བསྐོར་ཚུལ། ཡང་རང་སྒེར་གཅེས་འཛིན་དང་བག་འཁུམ་གྱི་ལྟ་བ། རྙིང་ཞེན་དང་ཕྲག་དོག ལུང་ཆུང་ཕུ་ཐུང་འདྲ་བ་རེའི་ནང་གི་མཐོང་ཐོས་དང་བསམ་བློ་ཉི་ཚེ་བ་རེ་ཚད་མར་བཟུང་སྟེ་ཤེས་རིག་གི་སྒོ་མོ་བརྒྱབས་ཤིང་ཡར་རྒྱས་ཀྱི་སྲོག་རྩ་བཅད་པ། ནང་འཁྲུག་གི་འཁོར་ལོ་བསྐོར་ཞིང་བསམ་བློ་བ་གང་མང་ལྔ་ལམ་དུ་བཏང་བའི་ཡ་ང་བའི་སྐྱོ་གར་གྱི་མཇུག་འབྲས་སུ་གོང་ན་དཔོན་མེད་ཅིང་འོག་གི་འབངས་མི་སྐྱིད་པའི་ཚུལ་དག་ཀྱང་གསལ་ཞིབ་ཏུ་ཤེས་ཐབས་མེད་དོ། །
ཁ་ཅིག་གིས་ལོ་རྒྱུས་ནི་འདས་ཟིན་པའི་གནས་ཚུལ་ཞིག་ཡིན་པས་བཟང་ངན་གང་ཡིན་ཡང་དེ་ཤེས་པ་ལ་དགོས་གལ་ཆེན་པོ་མེད་དེ། ལོ་རྒྱུས་ལ་ངེས་ཆ་གཏོང་བ་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བྱེད་ཅིག་དང་ཉི་མ་མི་འཁྱོལ་བ་དག་གི་ལས་ཀ་ཞིག་ཡིན་སྣང་ཤར་ཞིང་དེ་ལྟར་རྗོད་མཁན་ཡང་མང་མོད། ང་ཚོས་ལོ་རྒྱུས་སྦྱངས་ཤིང་ཤེས་པའི་ཉིང་དགོས་ནི་དེ་ལྟར་མ་ཡིན་པར། འདས་ཟིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ཏེ་ད་ལྟའི་དུས་འདིར་མི་རབས་སྔོན་མ་དག་གི་མཛད་རྗེས་དང་ལུགས་སྲོལ་བཟང་བོ་རྣམས་ཉམས་མེད་གོང་འཕེལ་དུ་གཏོང་བ། ཟད་མེད་ཀྱི་བློ་གྲོས་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་། ནོར་འཁྲུལ་ཡོ་བསྲིངས་དང་ཐེར་འདོན་སོགས་ཀྱིས་རང་སྐྱིད་གཞན་སྨོན་གྱི་འཚོ་བ་གསར་བ་བསྐྲུན་པ། ཡང་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ཏེ་མ་འོངས་པའི་དམིགས་འབེན་དང་ཁ་ཕྱོགས་ཡང་དག་པ་འཚོལ་བ་སོགས་ལོ་རྒྱུས་ཤེས་པའི་དགེ་མཚན་མཐའ་མེད་པ་ཡོད་པས། ལོ་རྒྱུས་སྨྲ་བའི་དབང་བོ་བྲག་དགོན་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས་མཆོག་གིས། བོངས་ཚོད་རགས་པ་སྤྲང་བོའི་འབོག་ཁྲེས་བཞིན། །ནོར་ཉན་དངོས་པོ་མེད་སྙམ་འདོར་མི་རིགས། །གོ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར། །འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། ཞེས་དང་། ཚལ་བ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་བོ་ལས། མཁས་པའི་མདུན་སར་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། །ཆེན་པོའི་བློ་ཡིས་ཆེན་པོའི་གོ་འཕང་ཐོབ་བྱའི་ཕྱིར། །ལོ་རྒྱུས་སྣ་ཚོགས་ལོ་རྒྱུས་ཡིག་ཚང་བསྡེབས་པ་འདི། །ཀུན་དགའི་སླད་དུ་ཀུན་དགའི་མིང་ཅན་དེ་ཡིས་བྱས། །ཞེས་གསུངས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།