སྦ་བཞེད་ལས་སྦ་གསལ་སྣང་གི་བཞེད་པ།(ཚན་བཤུས།)

རྩོམ་པ་པོ།:སྦ་གསལ་སྣང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-02 09:10:00 ཀློག་གྲངས།:

赤松徳赞 桑耶寺内
བསམ་ཡས་དགོན་པ་རུ་བཞེངས་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་བརྙན།

       རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱིས། །ཤ་ཟ་གདོང་དམར་འདུལ་མཛད་པ། །
       མེས་དབོན་གསུམ་ལ་ཕྱག་འམཚལ་ཏེ། ། བཀའ་ཚིག་ཡི་གེ་ཞིབ་མོ་བྲི། །
  བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་མེས་སྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེ་འཆེམས(མཆིམས)ཕུའི་ཕྱག་མཛོད་ནས། བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ནས་སྦས་པ་དེ་བལྟས་པས། ངའི་དབོན་སྲས་ཀྱི་རིང་ལ་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ལྷ་ཆོས་འབྱུང་སྟེ་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བ་དབུ་རེག་དང་ཞབས་རྗེན། སྐུ་ལ་ངུར་སྨིག་གི་རྒྱལ་མཚན་གསོལ་བ། ལྷ་དང་མིའི་མཆོད་གནས་ཀྱང་མང་དུ་འབྱུང་ངོ། །དེ་ལས་རང་དང་གཞན་གྱི་ཚེ་འདི་དང་ཕྱི་མ་མཐོ་རིས་དང་ཐར་པ་ཐམས་ཅད་ཀྱི་བདེ་བ་འབྱུང་བས། ངའི་དབོན་སྲས་རྗེ་བློན་རྣམས་ཀྱིས་འཚོ་བ་སླད(བླ)ནས་སྦྱོར་ལ་ཆབ་འོག་ནས་འདུག་པ་དེ་གཟིགས་པས། ལྡེ་ཞེས་བྱ་བ་དེ་ང་ཡིན་པར་དགོངས་ནས། བྲན་ཀ་མུ་ལེ་ཀོ་ཤ་དང་། གཉགས་ཛྙ་ན་ཀུ་མ་ར་གཉིས་རྒྱ་གར་དུ་ཆོས་འཚོལ་དུ་བཏང་བས། པཎྚི་ཏ་དཔལ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་གངས་ཏི་སེ་ལ་བསྒོམ་མོ་ཞེས་ཐོས་ཏེ། དེ་གཉིས་སྤྱན་དྲངས་པས་མ་འདྲོངས་ཏེ་དེ་གཉིས་ཀྱི་ཐུགས་ལམ་མདོ་སྡེ་ལས་རྣམ་པར་འབྱེད་པ་དང་། གསེར་འོད་དམ་པའི་མདོ་། ཀྲི་ཡ་དང་། ཨུ་པ་ཡ་ཤས་ཙམ་ཞུས། གླེགས་བམ་སྤྱན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་ཕུལ། དེའི་བཞུགས་ཁང་ལྟ་བུར་ལྷ་ཁང་བཞེངས་ཏེ། ལྷ་ས་ན་མཁར་བྲག  བྲག་དམར་ན་མགྲིན་བཟང་། མཆིམས་ཕུ་ན་ན་རལ། བྲག་དམར་ན་ཀ་ཆུ། བསམ་ཡས་མས་གོང་གི་གཙུག་ལག་ཁང་དང་ལྔ་བཞེངས་པས། ཞང་བློན་ཀུན་རྩེ་བྲོ་ཆག་བྲལ་བས་མ་དགའ་ནས། ངེད་ཀྱི་བཙན་པོ་འདི་ནི་དད་པ་ཆེ་ལ་ཆོས་ལ་དགའ་བ། བྱད་མི་མཚར་བས་བྲམ་ཟེ་མིན་ནམ་ཞེས་གླེང་བ་དེ་རྗེའི་སྙན་དུ་གསན་པས། རྗེའི་ཞལ་ནས་ང་བྲམ་ཟེ་ཡིན་པར་གྱུར་ན་ངའི་ཁབ་ལྗང་མོ་ཁྲི་བཙུན་འདི་ལ་བུ་ང་བས་དད་པ་ཆེ་བ་བྱད་མི་སྡུག་པ་ཞིག་ཤོག་ཅིག  ང་བཙན་པོ་མ་ནོར་བ་གཅིག་ཡིན་ན། བུ་ཞང་བློན་རྣམས་ཀྱིས་བཅོས་མི་ཐུབ་པ་གཅིག་ཤོག་ཅེས་དམོད་བཙུགས་པས། ཁྲི་བཙུན་ལ་ལྷའི་བུ་ཕོ་འདྲ་བ། སྣའི་གཟེངས་མཐོ་བ། དཔྲལ་པའི་དབྱེས་ཆེ་བ། ཤིན་ཏུ་མཛེས་པ་ཞིག་བཙས་པས། ཞང་བློན་རྣམས་ན་རེ། བོད་ཀྱི་བཙན་པོ་འདི་རྒྱལ་པོ་ཡང་དག་པའོ་ཟེར། སྲས་ལ་འདི་མི་མིན་ལྷའི་དབོན་པོ་ཡིན་ཟེར་ནས་མིང་ཡང་ལྗང་ཚ་ལྷ་དབོན་དུ་གསོལ།
  དེ་ལ་ཁབ་རན་པར་གྱུར་ཙ་ན། བོད་ཀྱི་མི་ཐམས་ཅད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས་འདིའི་ཇོ་མོ་མི་འོས། འདི་ལ་རྒྱའི་བུ་མོ་ཞིག་སློང་བར་ཆད་དོ། །བོད་ཀྱི་རྒྱལ་པོ་ལ་བཟང་བ་མེས་སྲོང་བཙན་སྒམ་པོ་དེ་ཨརྱ་པ་ལོ་ཀེ་ཏའི་སྤྲུལ་པར་གྲགས། དེའི་བཙུན་མོ་ལྷ་གཅིག་ཀོང་ཇོ་ཡིན། ཀོང་ཇོའི་ཡུལ་རྒྱ་ནག་པོའི་གྲོང་ཁྱེར་ཀེམ་ཤིང་ཁྲི་སྒོ་ན་རྒྱལ་པོ་ཀོང་འཕྲུལ་བྱ་བ་འབྱོར་བ་རྒྱས་པ། མངའ་ཐང་རྒྱས་པ་ཞིག་ཡོད། དེ་ལ་གཙུག་ལག་ཁང་གི་གབ་ཚེ་སུམ་བརྒྱ་དྲུག་ཆུ་ཡོད་པས་རྒྱ་ནག་གཙུག་ལག་གི་རྒྱལ་པོར་གྲགས། མཚན་རྒྱ་རྗེ་འབྲོམ་ཤིང་ཧྭན་ཟེར། དེའི་སྲས་རྒྱ་རྗེ་སྤྱན་བཟང་། དེའི་སྲས་རྒྱ་རྗེ་ལི་ཁྲི་བཞེར་ལང་མིག་སེར་བྱ་བ། ད་ལྟ་བཞུགས་པ་དེའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བྱ་བ་དེ་སློང་བར་རིགས་སོ་འཆམས་ནས། གཉགས་ཁྲི་བཟང་ཡང་སྟོན་ལ་འཁོར་སུམ་ཅུ་དང་བཅས་པ་གཉེ་བོར་བཏང་ནས། ཕོ་ཉ་བ་དེ་དག་གིས་རྒྱ་རྗེ་ལ་སྒྲོམ་བུ་ཕུལ་པས། རྒྱ་རྗེས་བྱིན་པར་དགོངས་ནས་བུ་མོ་ལ་བསྒོ་བས། བུ་མོ་གོང་ཇོས་རང་གི་འཕྲུལ་གྱི་མེ་ལོང་སྲིད་གསུམ་མཐོང་བ་ཞིག་ཡོད་པ་དེ་ལ་བལྟས་པས། བོད་ཀྱི་ཡུལ་ཡར་ལུང་ཡུལ་བཟང་བ་དང་། རྒྱལ་བུ་དེ་བྱད་ལེགས་པ་ལྷའི་བུ་འདྲ་བ་དེ་མཐོང་ནས་འགྲོ་བར་བྱས། དེ་ནས་རྫོངས་ལ་སོགས་པ་བྱས་པ་དང་། གཉེ་བོ་དང་བཅས་པ་བོད་དུ་འོངས་སོ། །
  ཤུལ་དུ་རྒྱལ་བུས་མཚན་ལ་རྟ་བཅགས་པས། འཕང་ཐང་དགེ་རར་སྔགས་པས་ཟོར་མདའ་འཕངས་པ་ཕོག་སྟེ་གྲོངས་སོ། །བང་སོ་ཀེའུ་རྩིག་པའི་ཚེ་ན་ཀོང་ཇོ་འཕང་ཐང་གི་ཕོ་བྲང་དུ་བྱོན་པས། རྒྱལ་པོ་ཡིན་ཟེར་བའི་རྒད་པོ་ཨག་ཚོམ་ཅན་གཅིག་ལས་མ་གདའ་བས། བྱད་ཀྱི་བལྟ་བྱ་ཡིན་ནམ་མེ་ལོང་གི་བལྟ་བྱ་ཡིན་སྙམ་ནས་ཡིད་མ་དགའ་སྟེ། ཉིན་མོ་བཞིན་དངུལ་དཀར་གྱི་ཏམ་བུ་རས་རམ་བུ་བཏེག་ཅིང་སྡུག་གླུ་ལེན། མཚན་མོ་བཞིན་མཆུ་སྦྲང་གིས་རམ་བུ་བཏེག་ནས་གླུ་ལེན་པར། རྒྱ་གར་གྱི་ཡུལ་ན་དམ་པའི་ལྷ་ཆོས་ཡོད་དེ། ལམ་བལ་ཡུལ་དེ་ཚད་པ་ཆེ། དེ་ལ་བསམས་ནས་སེམས་ཐག་ཆད། རྒྱ་ནག་གི་ཡུལ་ན་ཇུ་ཞག་གི་རྩིས་ཡོད་དེ། ཕ་ཡུལ་ཤུལ་ཐག་རིང་། དེ་ལ་བསམས་ནས་སེམས་ཐག་ཆད། བོད་ཡུལ་གྱི་དབུས་ན་རྗེ་རྒྱལ་གྱི་བཙན་པོ་ཡོད་དེ། བློན་པོ་གདུག་པ་ཆེ། བོད་ཀྱི་བློན་པོ་སྡིག་པོ་ཆེ་ཟེར་ཞིང་གླུ་ལེན། དེ་བློན་པོས་རྗེའི་སྙན་དུ་གསོལ་པས། རྗེའི་ཞལ་ནས། འོ་ན་ད་མོ་རང་ལ་སྐྱེས་དྲག་ཏུ་སྐུར་ལ་ཕ་ཡུལ་དུ་སྐྱོལ་ཅེས་གསུངས། དེ་སྐད་ཀོང་ཇོ་ལ་གསོལ་པས། ཀོང་ཇོ་ན་རེ། རྒྱལ་བུ་བྱད་ལེགས་པ་ཞིག་ཡོད་པ་ལྟར་ན། ང་དང་ལས་མ་མཐུན་པ་ཡིན་པས་ང་ཕ་ཡུལ་དུ་མཆི་བ་མི་སྤྲོ་ཞིང་། ད་མེས་པོ་དང་འདུའོ་ཞེས་ཟེར། དུས་རིང་ཞིག་ཕྱིས་ཀོང་ཇོ་ན་རེ། ངའི་ནེ་ནེ་མོ་ཀོང་ཇོའི་མཆོད་གནས་གསེར་གྱི་ལྷ་ཤཱཀྱ་མུ་ནེའི་ཞལ་བལྟའོ་ཟེར་ནས། དབུ་རུ་ལྷ་སར་བྱོན་པ་དང་། རྒྱ་སྟག་ར་མོ་ཆེ་ན་ལྷ་མི་བཞུགས་ནས། དེ་ཀུན་ཏུ་མཆོད་པར་བྱེད་ཅིང་བཙལ་ཡང་མ་རྙེད་ནས། ར་སའི་ལྷ་ཁང་དུ་མཆོད་པ་བྱས་པས། གཙང་ཁང་སྒོ་ལྔ་ཕུད་རབས་འདུག་པ་ལ་བཞི་ལས་མེད་པས། འདི་ན་གཙང་ཁང་གཅིག་སྦས་ཡོད་པར་ངེས་ཞེས་གློ་འབུར་གྱི་ཡ་ལད་ཀྱི་འོག་ཏུ་བརྡུངས། སེར་ཁ་བྱུང་། དེ་བརྐོས་ནས་སྒོ་ཕྱེ་བ་དང་། གསེར་གྱི་ལྷ་ཤཀྱཱ་མུ་ནེ་སྦས་པ་མཐོང་ནས། ནེ་ནེ་མོའི་ལྷ་ལ་ཞལ་སྟོན་གཅིག་གསོལ་ཟེར་ནས་མཆོད་པ་བཙུགས། བློན་པོ་ཤི་ཚད་ལ་སྐལ་མེད་པས། ངེད་རྒྱ་ནག་ན་ཆོས་དར་བས་མི་ཤི་ཚད་ལ་བདུན་ཚིགས་ཡོད། བོད་ལ་ཆོས་མ་དར་བས་བློན་པོ་སྙིང་རེ་རྗེ་ཟེར་ནས་མི་ཤི་མ་ཐག་ཏུ་ལྷ་མི་སྟོང་ཙམ་ལ་མཚལ(འཚལ)མ་རེ་སྟོན་མོ་རེ་འཚལ། དེ་ལ་བོད་ཀྱིས་ཚེ་ཞེས་བྱའོ། །
  ཕྱིས་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་བལྟསམ། དེའི་དུས་ན་རྒྱལ་པོ་ནི་ཕོ་བྲང་བྲག་དམར་འོམ་བུའི་ཚལ་ན་བཞུགས། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་ལ་བབ་པ་ན། རྒྱའི་ཧྭ་ཤང་མངོན་ཤེས་ཡོད་པ་ཞིག་ན་རེ། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ལ་སྲས་བྱང་ཆུབ་སེམས་དཔར་ངེས་པ་གཅིག་བཙལ(བཙའ)བར་ངེས། དེ་ལ་རིམ་གྲོ་སྐྱེད་ཅིག་ཅེས་ཟེར། རྒྱལ་པོས་ནམ་ཕྱེད་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། འཇིམ་པའི་ལྷག་མ་ངའི་སྐུ་ཚབ་བྱེད་ཅེས་གསུངས་ནས་མཆོད་རྟེན་གྲེས་ཐག་ཅན་ཡང་བརྩིགས། ནང་པར་ཕོ་ཉ་བྱུང་སྟེ་ཀོང་ཇོ་ལ་སྲས་གཅིག་བལྟམས་སོ་ཞེས་ཟེར། རྒྱལ་པོས་ཡར་ལུང་འཕང་ཐང་དུ་སྲས་བལྟམས་པ་གཟིགས་སུ་བྱོན་པའི་ཚེ། ཀོང་ཇོའི་བུ་སྣ་ནམ་བཟའ་བཞི་སྟེངས་ཀྱིས་ཕྲོགས་ནས་འདི་ང་ལ་སྐྱེས་པ་ཡིན་ཟེར། དེར་བློན་པོ་ཀུན་གྱིས་བརྟག་པར་བྱ་བའི་ཕྱིར། ཐང་རྩིགས་ཀྱི་བུག་གར་བུ་བཞག་ནས་སུས་ཐོབ་བྱེད་དུ་བཅུག་པས། ཀོང་ཇོའི་སྔོན་ལ་ཟིན་པ་བཞི་སྟེངས་ཀྱིས་ཤི་ནའང་ཤི་སྙམ་ཏེ་ཕྲོགས་པས། ཀོང་ཇོས་བུ་ཤི་དོགས་ནས་ལྷོད་བཏང་སྟེ། ཡིན་དང་ངའི་ཡིན་ཏེ་དྲི(དྲེ)མོ་ཁྱོད་ཟེར་ནས་བཏང་། བུ་ཀོང་ཇོའི་ཡིན་པར་ཤེས། ལོ་གཅིག་སོང་ཙ་ན། ཞབས་ཚུགས་ཀྱི་དགའ་སྟོན་བྱས་ཏེ། སྣ་ནམ་པས་བེར་ཆུང་ངུ་ལག་ན་ཐོགས་ནས་ཞང་པོའི་པང་དུ་ཤོག་ཟེར། རྒྱལ་བུ་ན་རེ། ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ལགས། སྣ་ནམ་ཞང་གི་ཅི་བགྱི་འཚལ། གསུངས་ནས་རྒྱའི་པང་དུ་སོང་ནས་མིང་ཡང་རང་གིས་བཏགས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།