བྲག་བསྐོས་རི་མོ་ལས་མཐོང་བའི་ལོ་རྒྱུས་རིག་གནས།
བྲག་བསྐོས་རི་མོ་ལས་མཐོང་བའི་ལོ་རྒྱུས་རིག་གནས།
ཁམས་སྟོད་ཡུལ་ཤུལ་ཁུལ་སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས་ནས་སྤྱི་ལེ༢༠ཡས་མས་སུ་ཕྱིན་ཚེ་འབིས་ཁོག་ཅེས་པའི་ལུང་པ་ཞིག་མཆིས་ཤིང་། དེ་ནི་དཔལ་ཆུའི་སྟོད་རྒྱུད་ཀྱི་ལུང་པ་ཁ་ལྷོ་ལྟ་ཅན་ཞིག་རེད་འདུག་ལ། ཡུལ་དེའི་མི་རྣམས་ཀྱིས་ལུང་པ་དེར་འབིས་ཁོག་ཅེས་འབོད་ཀྱིན་ཡོད་ནའང་མིང་གཞན་ལ་བེེ་ཁོག་གམ། འབུམ་ཁོག་ཅེས་ཀྱང་ཟེར་ཞེས་ས་གནས་ལོ་རྒྱུས་ལ་མཁས་པ་ཞིག་གིས་བཤད་དེ། ལུང་ཁོག་དེར་འབིས་རྣམ་པར་སྣང་མཛད་ཀྱི་ལྷ་ཁང་ཞིག་ཡོད་པ་རྐྱེན་བྱས་ཏེ་ཡུལ་སྐད་ཀྱིས་འབིས་ནང་ཞེས་ཀྱང་འབོད་ཀྱིན་ཡོད་འདུག
ལུང་ཕུག་གཏིང་རིང་ཞིང་དེའི་ཕུ་ན་འབིས་སྟོད་ཞེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཡོད་ལ། ས་དེར་འཛེ་ནད་ལ་ཕན་པའི་རང་བྱུང་ངོ་མཚར་ཅན་གྱི་ཆུ་ཚན་ཡོད་ཅིང་། དབྱར་དུས་སུ་སྤྲོ་སངས་གཏོང་སའི་གནས་ཡིད་དུ་འོང་བ་ཞིག་ཀྱང་ཡིན་པར་བཤད། ལུང་བའི་མདུན་ཕྱོགས་སུ་དཔལ་ཐང་བྱ་བའི་རྩྭ་ཐང་གོར་མོ་ཞིག་ཡོད་པ་ལ་སྔོན་མྰ་པུ་ཧྥང་གི་དུས་ཀྱི་གནམ་གྲུ་འབབ་ཐང་རྙིང་བ་ཞིག་ཡོད་པ་ད་ལྟ་བསྐྱར་འཛུགས་ཀྱིས་གནམ་གྲུ་འབབ་ཐང་ཆེན་པོ་ཞིག་ཆགས་ཡོད།
འབིས་ཁོག་གི་མདོ་རུ་སྐྱུ་རའི་སྒྲོལ་མའི་བྲག་རྩ་ཞེས་སྒྲོལ་མའི་སྐུ་རང་བྱོན་ཅན་དང་འབྲི་གུང་སྐྱུ་རའི་གདན་ཤུལ་གྲགས་ཅན་དུ་འབོད་པའི་གནས་ཤིག་མཆིས་ཤིང་། དེང་ནི་གནས་དེར་མཆོད་རྟེན་རྙིང་གོག་ཅིག་ལས་མེད་ནའང། དེ་ནི་དཔལ་ཐང་དུར་ཁྲོད་ཅེས་ཡུལ་དེའི་དུར་ཁྲོད་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག གནས་དེ་ནི་བཙན་པོའི་རྒྱལ་རིང་གི་ཇོ་བོའི་གདན་ལམ་བྱ་བ་ཡིན་པས་བོད་བློན་འགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་བསུས་པའི་ལམ་ཡིན་འདུག་ལ། ཤོད་རྒྱུན་དུ་རྒྱ་བཟའ་ཀོང་ཇོ་རྒྱ་ནག་གི་ཁྲང་ཨན་ནས་ཉི་ཟླ་རི་བོ་དང་། དེ་ནས་རིམ་བཞིན་འ་ཞ། ཀོང་ཇོ་ལྷ་ཁང་དང་མཚོ་སྐྱ་རེངས། འབྲོང་ལུང་རྟ་ཟམ་བཅས་བརྒྱུད་དེ་འབྲི་ཆུ་བརྒལ་ཞིང་ལེབ་པ་ཁོག་གི་རི་གྲོག་བརྒྱུད་ནས་འབིས་ཁོག་ཏུ་ཕེབས་པར་བཤད།
འབིས་ཁོག་ཏུ་སླེབས་རྗེས་གནས་འདི་ཀར་རྣམ་པར་སྣང་མཛད་ཀྱི་སྐུ་འཁོར་དང་བཅས་པའི་སྐུ་བརྙན་བྲག་ལ་བརྐོས་པ་རྗེས་སུ་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་ལྷ་ཁང་ཞིག་བཞེངས་པའི་ནང་རྟེན་དུ་དྲངས་པར་བཤད་ལ། དེང་ནི་ཞིག་གསོ་གྲངས་མང་བྱས་རྗེས་ཀྱི་ལྷ་ཁང་གཟི་མདངས་བཀྲ་བ་ཞིག་འདུག། དེའི་ནང་དུ་གཙོ་སྐུ་རྣམ་སྣང་ཆེན་མོའི་སྐུ་བརྙན་དང་བཅས་སྐུ་བརྙན་དགུ་ཙམ་འདུག་སྟེ། རྣམ་སྣང་ཆེན་མོའི་སྐུ་བརྙན་དེའི་ཆ་ཚད་ནི་དགུང་ལོ་བཅུ་གཉིས་པའི་ཕྱག་གི་ཁྲུ་ཚད་དེ། རྒྱ་ལུགས་ལོངས་སྐུའི་ཆ་བྱད་ཀྱིས་ཕྱག་གཉིས་མཉམ་བཞག་ཞབས་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་དབུས་སུ་བཞུགས་ཤིང་། དབུ་ལ་འདབ་གསུམ་དབུ་རྒྱན་གསོལ་བ་དང་། ལུས་ལ་འབྲུག་དང་སྤྲིན་རིས། ནོར་བུའི་ཕྲེང་བ་མེ་ཏོག་སྒོར་འཁྱིལ་གྱིས་བརྒྱན་པའི་སྟོད་ཐུང་ཐུ་བ་ཁ་སྤྲོད་གོང་བ་ཕྱིར་སློག་གི་ན་བཟའ་གསོལ་བ་ཞིག་འདུག
སྐུ་བརྙན་དེའི་གཡས་གཡོན་གོང་འོག་ཏུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན་བཞེངས་ཤིང་། སྐུ་བརྙན་དག་གི་ཕྱག་མཚན་མ་གཏོགས་པའི་ན་བཟའ་སོགས་གཙོ་སྐུའི་ཆས་ལུགས་དང་འདྲ་བར་འདུག་པས། འབུར་བརྐོས་ལྷ་སྐུ་དེ་དག་གི་བཟོ་དབྱིབས་དང་ན་བཟའི་ཁྱད་ཆོས་སོགས་ནི་གནའ་བོའི་ཐང་རྒྱལ་རབས་དུས་ཀྱིའམ་བོད་གནའ་བོའི་ཆས་ལུགས་ཤིག་ཏུ་མངོན་པར་སྣང་ལ། ཁྱད་པར་དུ་ལྷ་སྐུ་དག་གི་སེང་ཁྲི་པད་མའི་བཞུགས་ཁྲི་ལ་བསྟན་པ་སྔ་དར་དུས་ཀྱི་ཁྱད་ཆོས་ཤིག་མངོན་འདུག། དེའི་མདུན་ཐད་དུ་རྡོ་བརྐོས་དཀར་ཆག་ཕྲེང་བ་ལྔ་ཅན་ཞིག་ཡོད་པ་ལས་ལྷ་སྐུ་ལྡེབས་རིས་བརྐོས་པའི་དུས་རབས་དང་འབྱུང་རྐྱེན་སོགས་བྲིས་འདུག་སྟེ།
རྡོ་བརྐོས་དཀར་ཆག་གི་ཡི་གེ་དག་ནི་བོད་སྔ་རབས་ཀྱི་བརྡ་རྙིང་ཡི་གེའི་ལུགས་ལྟར་བྲིས་འདུག་མོད། འདིར་ཁོ་བོས་གི་གུ་ཕྱིར་ལོག་སོགས་ཀྱི་ཡིག་གཟུགས་གཏགས་མི་ཤེས་པས་ན་འདིར་འགོད་སྐབས་གི་གུ་ཡོད་ཚད་དེང་ལུགས་ལྟར་བསྒྱུར་བ་ཡིན།
ཁྱིའིལོལསྐུགཟུགསའབུརདུབརྐོསཔདངདརམཀུནབྲིསཔའིསྨོནལམལསོགསཔབཙནཔོཁྲིསྲོངབཙནསྡེགྱིསྐུརིངལརྗེབློནཡོནབདགདསེམསཅནཐམསཅདཀྱིདོནགྱིཕྱིརིདགེསློངལོཆེནཡེཤེསདབྱངསཀྱིསབགྱིསྟེབཟོབོདདགེསློངརིནཆེནསྣངམཛདདངརྒྱལབཟངདངདཔལལྡནདངལགདཔོནཐམསཅདདགེལེགསསུབྱེདཔགཙུགནསབླལམིསྟོབསལྡནརྣམསྟེབྲགལསྐུགཟུགསདངདརམའདིརྣམསབྲིསཔདངདཀོནམཆོགགསུམགྱིརྟེནགྱིརྣམཔསེམསཅནགངདགགིསམཐོངབདངརེགཔདངཕྱགའཚལབདངཐོསཔདངདྲནཔའིབསོདནམསདངཡེཤེསཀྱིསབཙནཔོཡབསྲསདངསེམསཅནཐམསཅདབླནམེདཔའིབྱངཆུབདུགྲུབཔརསྨོནཏོ་ཞེས་བྲིས་ཡོད།
དེ་སླ་བར་བསྡུས་ཏེ་བསྒྱུར་ན། སྲོང་བཙན་དགུང་ལོ་ཉེར་གཉིས་པ་ས་ཕོ་ཁྱིའི་ལོ༼༦༣༧༽ལ། སྐུ་གཟུགས་དགུ་བོ་འབུར་དུ་བརྐོས་པ་དང་། ༼འདིར་དར་མ་ཀུན་བྲིས་པའི་སྨོན་ལམ་ལ་སོགས་པ་བྱ་བ་ནི་སྐུ་བརྙན་དེ་དག་གི་གཡས་གཡོན་དུ་བོད་རྒྱ་གཉིས་ཀྱི་ཡིག་རིས་བརྐོས་པ་དག་ལ་འཇུག་མོད་འདིར་བསྡུས་པ་ཡིན༽རྗེ་བློན་ཡོན་བདག་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ། བརྐོས་མཁན་དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་བགྱིས་ཏེ། གྲོགས་བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་། དེ་བཞིན་ལག་གྲོགས་རྒྱལ་བཟང་དང་། དཔལ་ལྡན་དང་ལག་དཔོན་དེ་དག་ཐམས་ཅད་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་སུ་བྱེད་པའི་གཞི་བཙུགས་ཞེས་པའི་དོན་ཡིན་པར་འདུག་སྟེ། ལྷ་སྐུའི་གཡས་གཡོན་གྱི་བྲག་ངོས་སུ་བོད་ཀྱི་བརྡ་རྙིང་ཡི་གེ་དང་རྒྱ་ཡིག་གི་བཀའ་ཆོས་མང་པོ་བརྐོས་ཡོད་ནའང་དེང་ནི་ཡི་གེའི་གཟུགས་རིས་གསལ་ལ་མི་གསལ་བ་ཞིག་ལས་མི་འདུག
སྤྱིར་རྒྱ་བཟའ་ཉིད་རྒྱ་ནག་ནས་བོད་དུ་བྱོན་པའི་ལམ་ཕྱོགས་ཐད་ལྷོ་ལམ་དང་བྱང་ལམ་བརྒྱུད་པའི་ཤོད་ཚུལ་མི་འདྲ་བ་གཉིས་ཤིག་འདུག་མོད། འདིར་ནི་བུ་སྟོན་ཆོས་འབྱུང་གི་ལུགས་ལྟར་བྱས་པ་ཡིན་ལ། དེ་ཡང་གནས་འདིར་གོང་གི་རྣམ་སྣང་ཆེན་མོའི་གཙུག་ལག་ཁང་དང་སྐུ་རྟེན་བརྐོས་བཞེངས་ཀྱི་དཀར་ཆག་རྡོ་ཡིག་ལས་གཞན་དུ། ཕྱོགས་བཅུ་སངས་རྒྱས་རྣམས་ཀྱི་སྐུ་གཟུགས་ཐིག་རིས་མ་དང་། འོག་ན་བཟང་བོ་སྤྱོད་པའི་སྨོན་ལམ་ཡིག་ཕྲེང་སུམ་ཅུ་སོ་ལྔ་བརྡ་རྙིང་ཁོ་ནར་བརྐོས་པ་སོགས་ཡོད་ཅིང་། རྙིང་མའི་ལུགས་ཀྱི་མ་ཎི་ཨོམ་རིང་བྲག་འགག་ཕྱི་ནང་དུ་ཁྱབ་པ་ཡོད་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com