༄༅། །གནའ་རབས་བཙན་པོའི་དུས་ཀྱི་ཚོང་ལས་ལ་དཔྱད་པ།

རྩོམ་པ་པོ།:ཚེ་ཆུང་། ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས། དུས་ཚོད།:2022-01-18 09:19:07 ཀློག་གྲངས།:22737
༄༅། །གནའ་རབས་བཙན་པོའི་དུས་ཀྱི་ཚོང་ལས་ལ་དཔྱད་པ།
ཚེ་ཆུང་།

        ཐོག་མར་ཚོང་པ་ཇི་ལྟར་ཆགས་ཚུལ་དང་། ཚོང་ལས་ཇི་ལྟར་དར་ཚུལ། ཚོང་འབྲེལ་བྱེད་སའི་ཡུལ་གྲུ། སྤྱི་གཉེར་ཚོང་ལས། སྒེར་གཉེར་ཚོང་ལས་བཅས་ཁག་ལྔ་ཡོད་པ་ལས།
        དང་པོ། གནའ་རབས་ཚོང་པ་ཇི་ལྟར་ཆགས་ཚུལ།
        གནའ་རབས་ཚོང་པ་ཇི་ལྟར་ཆགས་ཚུལ་ལའང་། འབྲོག་པ་དང་རོང་པ་གཉིས་ལས། འབྲོག་པ་དང་རོང་པ་ཞེས་པའི་ཐ་སྙད་ཇི་ལྟར་བྱུང་ཚུལ་ནི། ཐོག་མར་འཇིག་རྟེན་འདི་ཉིད་ཇི་ལྟར་གྲུབ་ཚུལ་མདོར་ཙམ་བརྗོད་དགོས་པས་དེ་ནི་ཚན་རིག་པས་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་གནམ་མཁའ་སྟོང་པའི་དབྱིངས་སུ་རྒྱུ་སྐར་མང་པོ་ཕན་ཚུན་མཉམ་དུ་སྦྱར་བ་ལ་བརྟེན་ནས་ལྷོ་འཛམ་བུའི་གླིང་གི་སའི་གོ་ལ་འདི་ཉིད་གྲུབ་པར་བཤད་ཡོད་པས་དེ་ནི་རྒྱུ་མཚན་ཅན་གྱི་སྐད་ཆ་ཞིག་ཏུའང་སྣང་སྟེ། གང་ལགས་ཤེ་ན། གནའ་སྔ་མོ་རང་རེ་བོད་མིས་ཀྱང་ས་བརྡུང་ནས་གྱང་གི་ཁང་པ་བསྐྲུན་པ་ལྟར་དང་། དེ་བཞིན་དུ་ཚན་རིག་པས་མཐོ་སྒང་བོད་ཡུལ་གྱི་ས་ཆ་འདི་ཉིད་ནི་ས་ཡི་གོ་ལར་སྦྱར་བའི་རྒྱུ་སྐར་ཆེས་མཐའ་མཇུག་གམ་ཡང་ན་ཆེས་གསར་ཤོས་དེའང་ཡིན་ཅེས་བརྗོད་ཀྱི་ཡོད་པར་མ་ཟད། བོད་ཡུལ་ནི་ལྷོ་འཛམ་གླིང་གོ་ལའི་རྩེ་མོའམ་ས་བབ་མཐོ་ཤོས་ཀྱི་ས་ཆ་དེ་ཡིན་ལ་སྒོས་སུ་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་དེའང་ཡིན་ཟེར། དེས་ན་འགྲོ་བ་སེམས་ཅན་རྣམས་ཐོག་མར་འབྱུང་ས་དེའང་མཐོ་སྒང་གི་ས་ཁུལ་དེ་ཉིད་ནས་ཡིན་དགོས་ཏེ་ས་ཡི་གོ་ལ་ཡོངས་སུ་གྲུབ་མ་ཚར་བར་དུ་སེམས་ཅན་རྣམས་གནས་ཐབས་མེད་ལ་གལ་ཏེ་སྲིད་པ་སེམས་ཅན་གང་རུང་ཞིག་འབྱུང་བའི་དབང་དུ་བཏང་ཡང་སེམས་ཅན་དེ་དག་རྣམས་བདེ་འཇགས་ངང་གནས་ཐུབ་པ་ནི་བརྒྱ་ཆ་ཉི་ཤུ་ལྷག་ཙམ་ལས་གོ་སྐབས་མེད་པར་གདིང་ཚོད་དཔོག་ནུས། རྒྱུ་མཚན་ནི། དུས་དེའི་ཚེ་བར་སྣང་སྟོང་པའི་དབྱིངས་ཀྱི་རྒྱུ་སྐར་གྲངས་མེད་པ་རྣམས་གཅིག་ལ་གཅིག་གིས་དཔུང་ཟུར་དང་བཅར་བརྡུང་བྱེད་དང་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན་པས། ད་ལྟའི་རྒྱུ་སྐར་ནང་བཞིན་གྱི་འཁོར་ལམ་གྱི་རང་བཞིན་ཆགས་མེད་པས་ན་དམག་འཐབ་ཁྲོད་དུ་གནས་པ་དང་གཅིག་མཚུངས་ཡིན། བོད་ཡུལ་ནི་ས་ཡི་གོ་ལའི་དཔངས་མཐོ་ཤོས་ཀྱི་ས་ཁུལ་ཞིག་དང་། འཛམ་གླིང་ཆུ་ཡི་འབྱུང་ཁུངས་ཐོག་མ་དེའང་ཡིན་པས་ན་འགྲོ་བ་སེམས་ཅན་རྣམས་ཐོག་མར་མཐོ་སྒང་བོད་ཡུལ་གྱི་ས་ཆ་འདི་ཉིད་ནས་མཆེད་དགོས་ངེས་ཤིག་ཡིན། གང་ཡིན་ཟེར་ན། གོ་ལ་ཐོག་མར་ཆགས་པ་ནས་བཟུང་ད་བར་དུ་ཆུ་ཐམས་ཅད་ཀྱི་འབྱུང་ཁུངས་ནི་མཐོ་སྒང་བོད་ཡུལ་ཡིན་པ་དང་། ལྷག་ཏུ་ཆུ་མེད་ན་སེམས་ཅན་རྣམས་གནས་མི་ཐུབ་པའི་ཕྱིར་ན་མཐོ་སྒང་བོད་ཡུལ་ནི་འགྲོ་བ་མིའི་འབྱུང་ཁུངས་ཀྱི་ས་ཆ་ཐོག་མ་དེའང་ཡིན་དགོས་ལ། སྒོས་སུ་འཛམ་གླིང་གི་འགྲོ་བ་མི་རྣམས་མཆེད་ཚུལ་ལ་བསམ་ན་ཡང་ཚན་རིག་པས་བརྗོད་གསལ་ལྟར་རིགས་གཉིས་ལས་མཆེད་པར་བཤད་ཡོད། དེ་ནི་སྤྲ་དང་ཉ་ལས་ལྷོ་འཛམ་བུ་གླིང་གི་མི་རྣམས་མཆེད་པར་བཤད་བཞིན་ཡོད་ལ། དེ་ལས་ཀྱང་སྤྲ་ཡི་རིགས་ལས་མཆེད་པའི་མི་རྣམས་སྔོན་ལ་མཆེད་པར་བཤད་ཡོད་པས་ན། མཐོ་སྒང་བོད་ཡུལ་འདི་ཉིད་ནི་སྤྲ་རིགས་ཀྱི་འབྱུང་ས་གཙོ་བོ་སྟེ་མི་རྒོད་ཀྱི་ཕ་ས་ངོ་མ་དེ་ཡིན། ཡང་སྒོས་སུ་བོད་མི་རྣམས་ཀྱང་མི་རྒོད་ལས་མཆེད་པ་ཞིག་ཡིན་པས་ཞིབ་པར་ཤེས་འདོད་པ་རྣམས་ཁོ་བོས་བྲིས་པའི་བོད་མིའི་འབྱུང་ཁུངས་ལ་དཔྱད་པ་ཞེས་པ་ལ་གཟིགས་པར་འཚལ་ལོ། །
        དེ་རྗེས་རང་རེ་བོད་མི་རྣམས་མི་རྒོད་ལས་མཆེད་པའི་རྗེས་སུ་གཅན་གཟན་རི་དྭགས་ཀྱི་ཤ་དང་། ཤིང་འབྲས་འདྲ་མིན་སྣ་ཚོགས་ལ་སོགས་པར་བརྟེན་ནས་འཚོ་སྡོད་བྱས་ཡོད་ལ། དུས་དེ་ཡི་ཚེ་གཅན་གཟན་རི་དྭགས་རྣམས་ཀྱང་དོགས་ཟོན་རྩ་བ་ནས་མེད་པར་བག་ཡངས་ལྷོད་དལ་གྱི་ངང་ནས་འཚོ་གནས་བྱས་ཡོད་པར་རྟོགས་ཐུབ་པ་ཞིག་ཡིན་ཏེ། དུས་དེ་ཡི་སྔོན་རོལ་ཏུ་ཁོ་ཚོའི་འཚོ་བར་གནོད་འཚེ་བྱེད་མཁན་དེ་སྔོན་རྩ་བ་ཉིད་ནས་བྱུང་མྱོང་མེད་པའི་རྐྱེན་གྱིས་གཅན་གཟན་རི་དྭགས་རྣམས་ལས་སླ་མོའི་སྒོ་ནས་འཛིན་བཟུང་དང་གསོད་རྨས་བྱེད་ཐུབ་པ་ཞིག་ཡིན། དེ་ནས་མི་རྣམས་ཀྱང་གྲངས་འབོར་མང་དུ་ཕྱིན་ཏེ་གཅན་གཟན་རི་དྭགས་ལ་སོགས་པ་རྣམས་ལའང་གནོད་འཚེ་བྱེད་མཁན་ཉིན་རེ་ལས་ཉིན་རེར་མང་དུ་ཕྱིན་པས་ཐ་ན་ཉིན་གཅིག་ལ་འཚེ་བ་ཐེངས་གཉིས་གསུམ་སོགས་བྱུང་བའི་རྐྱེན་གྱིས་གཅན་གཟན་རི་དྭགས་རྣམས་ཀྱང་བག་ཡངས་ཀྱི་འཚོ་བར་གནས་ཐབས་མེད་པར་དོགས་ཟོན་གྱི་སྒོ་ནས་མེལ་འཚེ་དང་། བྱ་ར་བཅས་ཀྱི་ངང་དུ་གནས་དགོས་པས་ན་གཅན་གཟན་རི་དྭགས་རྣམས་ཀྱང་ཉམས་མྱོང་དེས་སྤྱང་གྲུང་དོད་དུ་ཕྱིན་ཏེ་འཛིན་བཟུང་གསོད་རྨས་ལ་སོགས་དཀའ་བར་གྱུར་པར་བརྟེན། མི་རྣམས་ཀྱང་བསམ་བློ་མ་བཏང་རང་བཏང་ཆགས་ནས་གནས་སྡོད་བྱེད་ཡུལ་ཀྱང་ཁག་གཉིས་སུ་ཆགས་པར་སེམས་ཏེ། དེ་དག་ནི་འབྲོག་པ་དང་རོང་པ་གཉིས་ཡིན་ཏེ། ས་བབ་མཐོ་ཞིང་ས་ཁོད་སྙོམས་པའི་ས་སྟོང་དུ་རི་དྭགས་དང་། གཅན་གཟན་གྱི་པགས་པ་ལ་གུར་བཟོས་ཏེ་གནས་སྡོད་བྱས་ནས་ཤྭ་རྐྱང་གནའ་འབྲོང་ལ་སོགས་པར་འཚོ་བརྟེན་བྱེད་མཁན་གྱི་མི་རྣམས་ལ་འབྲོག་པ་ཟེར་བ་དང་། ས་བབ་དམའ་ཞིང་གྲོག་རོང་ཅོང་རོང་གི་རྒྱུད་ཁུལ་དུ་གནས་སྡོད་བྱས་ནས་གླ་རི་སྲེག་གོང་ལ་སོགས་པར་འཚོ་བརྟེན་བྱེད་མཁན་གྱི་མི་རྣམས་ལ་རོང་པ་ཟེར་རོ། །དེ་རྗེས་འབྲོག་པ་རྣམས་ཀྱང་སྤྱང་གྲུང་འཛོམས་སུ་ཕྱིན་ཏེ་གཅན་གཟན་རི་དྭགས་ལ་སོགས་པ་རྔོན་པའི་བརྒྱུད་རིམ་གྱི་ཁྲོད་དུ་གཅན་གཟན་རི་དྭགས་སོགས་ཀྱི་སྐྱེ་འཕེལ་དང་། དུས་བཞིའི་གནས་སྡོད་བྱེད་ཡུལ་སོགས་ལའང་རྒྱུས་མངའ་བྱུང་བར་བརྟེན་འབྲོང་ཕྲུག་དང་། གནའ་ཕྲུག །རྐྱང་ཕྲུག་ལ་སོགས་འཛིན་བཟུང་བྱས་ཏེ་སྐྱེ་འཕེལ་གྱི་ཆེད་དུ་གསོ་སྐྱོང་བྱས་པས་གཡག་དང་། ལུག་དང་། དྲེལ་དང་། བོང་བུ་སོགས་ཀྱི་རྒྱུན་འཕེལ་ཏེ་ཕྱུགས་རིགས་རྣམས་ལོ་རེ་བཞིན་ཇི་མང་དུ་སོང་བས་འབྲོག་ལས་ཀྱི་ལས་ཀ་གཉེར་ཏེ་སྐྱས་བཏེག་གི་འགོ་ཐོག་མར་ཚུགས། རོང་པ་རྣམས་ནི། ཉིན་རེའི་འཚོ་བ་ཙམ་གྱི་ཆེད་དུ་རྔོན་ལས་བྱེད་པ་ལས་ཕྱུགས་རིགས་སྐྱེ་འཕེལ་དང་། གསོག་འཇོག་གི་འདུ་ཤེས་མེད་ལ་ཆ་རྐྱེན་ཡང་དེ་ཙམ་ལས་མེད་པས་གྲོག་རོང་དུ་གླ་རི་སྲེག་གོང་ལ་སོགས་པའི་སེམས་ཅན་རྣམས་བསད་དེ་འཚོ་གནས་བསྐྱལ། འོན་ཀྱང་རོང་པའི་མི་རྣམས་ཉིན་རེ་ལས་ཉིན་རེར་ཇི་མང་དུ་ཕྱིན་པ་དང་། སེམས་ཅན་གླ་རི་སྲེག་གོང་ལ་སོགས་ཀྱང་ཉུང་དུ་ཕྱིན་པའི་དབང་གིས་འཚོ་བརྟེན་དཀའ་བར་གྱུར་པའི་རྐྱེན་གྱིས་གཡའ་རི་རྫ་རི་སོགས་སུ་རི་དྭགས་རྔོན་པར་ཕྱིན་ཏེ་རིམ་བཞིན་འབྲོག་པའི་གནས་སྡོད་བྱེད་ཁུལ་དུའང་རྔོན་བྱེད་དུ་བསྐྱོད་པས་འབྲོག་པའི་ཕྱུགས་རིགས་དང་། འཚོ་གནས་བྱེད་སྟངས་སོགས་ལ་རྒྱུས་མངའ་ལོན་ནས་ཕྱུགས་རིགས་གསོ་སྐྱོང་གི་ལས་ཀ་འགོ་ཚུགས། འོན་ཀྱང་རྩྭ་ཆུའི་དབང་གིས་ཕྱུགས་རིགས་སྐྱེ་འཕེལ་སོགས་འབྲོག་པ་ནང་བཞིན་མ་བྱུང་བ་ལ་བརྟེན་ནས་རུ་ལས་སྐྱེས་ཀྱིས་རྨོན་དོར་བསྡེབས་ནས་སྤང་ཐང་ཞིང་དུ་རྨོས་ཏེ་ལོ་ཏོག་བཏབ་ནས་ཞིང་ལས་ཀྱི་སྲོལ་གཏོད་པས་རོང་པ་རྣམས་ལ་ཞིང་པ་ཞེས་པའི་མིང་ཆགས། དེ་ནས་ཞིང་པ་ཚོས་འབྲོག་ཁུལ་དུ་རྔོན་བྱེད་པར་ཕྱིན་ཏེ་ཉིན་དེར་ཟ་རྒྱུའི་རྩམ་པའང་ཁྱེར་ནས་འབྲོག་པ་དང་འབྲེལ་འདྲིས་བྱས་ཏེ་འབྲོག་པ་རྣམས་ལ་སྤགས་སྦྱིན་པ་དང་། འབྲོག་པས་ཀྱང་ཕྱུར་བ་དང་མར་སོགས་སྦྱིན་པས་ཕན་ཚུན་སོ་སོར་ཐོན་ཁུངས་ག་རེ་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་གནའ་རབས་བོད་ཀྱི་ཚོང་རྒྱག་གི་ལས་ཀ་དེ་ཐོག་མར་འགོ་ཚུགས་པར་སྙམ། དེས་ན་སྐབས་དེར་ཕན་ཚུན་རང་རང་ལ་དགོས་མཁོ་ཡོད་པའི་ཟས་རིགས་གང་ཡིན་པ་ཤེས་རྗེས་ཟས་རིགས་རྣམས་ཕན་ཚུན་བརྗེ་པོ་རྒྱག་པའི་ལུགས་སྲོལ་དར་བར་སྙམ་མོ། །
        གཉིས་པ། གནས་རབས་ཀྱི་ཚོང་ལས་དུས་རབས་གང་ལ་འགོ་ཚུགས་ཚུལ།
        གནའ་རབས་ཚོང་ལས་དུས་རབས་གང་ལ་འགོ་ཚུགས་ཚུལ་ནི། དེའང་བོད་གནའ་རབས་ཚོང་རྒྱག་གི་ལམ་ལུགས་འདི་དུས་རབས་ག་དུས་དར་བ་ཡིན་མིན་གྱི་ཡིག་ཆ་ཁ་གསལ་ཞིག་ད་བར་གུས་ནས་མཐོང་མེད་རུང་གནའ་རབས་འཚོ་བའི་བརྒྱུད་རིམ་ལ་ཉམས་ཞིབ་དང་། ལོ་རྒྱུས་ལ་སོགས་པའི་ཡིག་རྙིང་རྣམས་ལ་བརྟེན་ནས་ཚོད་དཔག་ནུས་པ་ལ་རྗེ་སྟག་རི་གཉན་གཟིགས་ཀྱི་ཡར་སྔོན་ནས་ཀྱང་གནའ་རབས་ཚོང་རྒྱག་གི་ལམ་ལུགས་དར་ཡོད་པ་ཤེས་རྟོགས་ཐུབ་པ་ཞིག་ཡིན་ཏེ། ཐོག་མར་ཞིང་པའི་ཁྱིམ་ཚང་སོ་སོའི་ཨ་ཕས་རང་གི་བུ་ཕྲུག་རྣམས་ཁྲིད་དེ་ཞིང་པའི་ཐོན་ཁུངས་རྩམ་པ་ལ་སོགས་པ་ཁྱེར་ནས་འབྲོག་ཡུལ་དུ་འབྲོག་པའི་སྒོ་ཕྱུགས་དང་། མར་ཕྱུར་སོགས་བརྗེ་པོ་རྒྱག་པའི་ལམ་སྲོལ་དར་ཡོད་པར་སྙམ་ལ། ལྷག་ཏུ་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་པ་རྣམས་སུ་རྗེ་གཉའ་ཁྲི་བཙན་པོས་སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ་ཞེས་གསུངས་པ་ལྟར། སུམ་པའི་འགོ་དཔོན་དེ་རྗེ་གཉའ་ཁྲིས་བཏུལ་བ་ཡིན་ཀྱང་དེ་སྐབས་སུམ་པ་མངའ་འབངས་སུ་མ་བཅུག་པ་དེའི་ཐོག་ནས་ཀྱང་རྗེ་གཉའ་ཁྲི་ཚོང་དོན་གྱི་ཆེད་དུ་ཕེབས་སྐབས་ཨོ་ཡོང་རྒྱལ་བ་དང་ཚོང་འཁོན་བྱུང་བའམ་ཡང་ན་རྗེ་གཉའ་ཁྲིའི་སྐུ་སྲོག་ལ་གཉེན་ཁ་བརྩམས་པའི་རྐྱེན་གྱིས་ཁོ་བཏུལ་བ་ཞིག་ཡིན་པར་ཤེས་ནུས། དེ་བཞིན་དུ་གྲི་གུམ་བཙན་པོས་རྒྱ་གར་དང་། ཏག་ཟིག་གི་ས་མཚམས་གུརྞ་ཝ་ཏྲ་ཞེས་བྱ་བའི་ཡུལ་དུ་བོན་པོ་འ་ཞ་ཞེས་པ་ཞིག་གནམ་ལ་འཕུར་ཞིང་མངོན་ཤེས་སྨྲ་བ། རྫུ་འཕྲུལ་ཡ་མ་ཟུང་སྟོན་ཅིང་། རྟག་ཏུ་ཤ་ཆང་གིས་འདྲེ་ལ་མཆོད་པ་བྱེད་པ་ཞིག་བྱུང་བ་དེ་རྒྱལ་པོས་བླ་མཆོད་དུ་བཀུར། ཞེས་དང་། ཡང་རྗེ་འབྲོང་གཉན་ལྡེའུ་ཡང་སུམ་པའི་ས་ཆར་ཚོང་དོན་དུ་ཕེབས་པ་ཞིག་ཡིན་འདུག་སྟེ་བོད་ཀྱི་ཡིག་རྙིང་ལོ་རྒྱུས་ཁག་ནང་དུ་གསལ་བ་ལྟར་ན། འབྲོང་གཉན་ལྡེའུས་སྲས་དམུས་ལོང་དཀོན་པ་བཀྲ་ལ་ཞལ་ཆེམས་སུ་འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེས་མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ནུབ་གཅིག་འགྲོགས་པའི་ཤག་མོ་ཙམ་པ་ལ་སྐྱེས་པའི་བུ་སུམ་རི་རིང་མོ་བྱ་བ་ཡོད་པས་དེ་བོས་ནས་གཅེན་ཆོལ་ལ་རྒྱལ་སར་ཆུག་གསུངས་པ་ལྟར་དང་། ཡང་རྗེ་གནམ་རི་སྲོང་བཙན་གྱི་སྐབས་སུ་བྲག་གསུམ་ལྡིང་མའི་མཚོ་འགྲམ་ནས་རྟ་མདོ་བ་ཅང་ཤེས་རྙེད་དེ་རྒྱལ་པོའི་ཆིབས་པ་བྱས་ཏེ་བྱང་དུ་ཕེབས་སྐབས་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒའི་ཕྱི་ཤད་ལ་བཏགས་ཏེ་ཆུ་བརྒལ་བས་ཤ་ཆུ་ནང་དུ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་བྱང་ནས་ཚྭ་ལེན་པའི་སྲོལ་འདི་ནས་བྱུང་གསུངས་པ་ལྟར། དེ་ཡན་གྱི་བོད་རྒྱལ་རྣམས་ནུབ་དང་བྱང་གི་ཉེ་འཁོར་རྒྱལ་ཕྲན་རྣམས་སུ་ཕེབས་དོན་ཀྱང་ཚོང་རྒྱག་གི་ཆེད་དུ་ཕེབས་ཡོད་པ་ཚོད་དཔག་བྱེད་ཆོག་པར་སྣང་སྟེ། གལ་སྲིད་དམག་དོན་གྱི་ཆེད་དུ་ཕེབས་ཡོད་ན་ཐོག་མར་ཉེ་འཁོར་གྱི་རྒྱལ་ཕྲན་རྣམས་མངའ་འབངས་སུ་བསྡུ་དགོས་ངེས་ཡིན་རུང་ས་ཐག་ཉེ་བ་འཕེན་ཡུལ་སོགས་ཀྱང་དུས་དེ་སྐབས་སུ་མངའ་དབང་དུ་མ་འདུས་པར་ཉེ་འཁོར་གྱི་རྒྱལ་ཕྲན་ཞིག་ཡིན་པས་སོ། །
        གསུམ་པ། གནའ་རབས་ཀྱི་ཚོང་འབྲེལ་བྱེད་སའི་ཡུལ་གྲུ་ཁག
        གནའ་རབས་ཚོང་འབྲེལ་བྱེད་སའི་ཡུལ་གྲུ་ཁག་ནི། སྤྱིར་ན་གནའ་སྔ་མོ་བོད་ཀྱི་ཚོང་འབྲེལ་བྱེད་སའི་ཡུལ་ཕྱོགས་ནི་ཁག་བཞི་ཙམ་ཡོད་པ་ལས། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་བཅས་ཕྱོགས་བཞི་ཡིན་ལ། དུས་དེ་ཡི་སྐབས་སུ་ཚོང་ཟོག་དབོར་འདྲེན་བྱེད་ས་ནི་ཁལ་མ་ཁོ་ན་ལ་རྟེན་དགོས་ཀྱི་ཡོད་དེ། གཡག་དང་། རྟ་དང་། དྲེལ་ལ་སོགས་པ་རྣམས་ཡིན་ནོ། །དེའང་བོད་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆོད་ཀྱི་བཙན་པོའི་དུས་སྐབས་རྣམས་སུ་ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་ས་ཁུལ་རྣམས་ལ་ཚོང་ལས་གཉེར་གྱི་ཡོད་པ་དང་། སྲོང་བཙན་སྒམ་པོ་ཚུན་ཆད་དུ་ཕྱོགས་བཞི་ཀར་ཚོང་གཉེར་གྱི་ལས་ཀ་བྱེད་འགོ་ཚུགས་ཡོད་དེ། དཔེར་ན། གནའ་སྔ་མོ་རྒྱ་ཇ་ལ་ཁག་གཉིས་ཡོད་པ་ལས། ཤར་ཕྱོགས་ཀྱི་རྒྱ་ཇ་དང་། ལྷོ་ཕྱོགས་ཀྱི་རྒྱ་ཇ་གཉིས་ཡིན། དེའང་ཤར་གྱི་རྒྱ་ཇ་ཐོན་ཡུལ་ནི་གཡག་རྔ་(雅安)ནས་ཡིན་ཀྱང་བོད་མིས་རྒྱ་ཇ་དེར་དར་རྩེ་མདོའི་ཇ་ཟེར་བ་དང་། ལྷོ་ཡི་རྒྱ་ཇ་ཐོན་ཡུལ་ནི་ཕུའུ་འར་(普洱)གྱི་ས་ཆའམ་ཤཱི་ཧྲོའང་པཱན་ནཱ་(西双版纳)ནས་ཡིན་ཀྱང་བོད་མིས་རྒྱ་ཇ་དེར་ཀོང་རྩེད་ར་བའི་ཇ་ཟེར་གྱི་ཡོད། གང་ཡིན་ཟེར་ན་དུས་དེ་ཡི་ཚེ་ཡུལ་གྲུ་དེ་ཉིད་དུ་ཇ་སོགས་ཅ་དངོས་རྣམས་ཕར་སྤྲོད་ཚུར་ལེན་བྱེད་སའམ་ཡང་ན་ཡུལ་གྲུ་དེ་ཉིད་ཀྱི་མིས་བར་ཚོང་གི་ལས་ཀ་གཉེར་ཏེ་བོད་ཁུལ་དུ་ཇ་ཚོང་རྒྱག་པར་ཡོང་བས་མིང་དེ་ལྟར་དུ་བཏགས་པར་སེམས་སོ། །དེས་ན་ཤར་ཕྱོགས་རྒྱ་ནག་ཏུ་ཚོང་འགྲུལ་བྱེད་པར་འགྲོ་ལམ་གཙོ་བོ་གཉིས་ཡོད་དེ་མཚོ་བོད་བགྲོད་ལམ་དང་། ཁམས་བོད་བགྲོད་ལམ་གཉིས་ཡིན། ལྷོ་ཕྱོགས་ཡུན་ནན་ལ་ཚོང་འགྲུལ་བྱེད་པར་འགྲོ་ལམ་གཙོ་བོ་ནི་ཡུན་བོད་བགྲོད་ལམ་ཡིན། ནུབ་ཕྱོགས་ཁ་ཆེ་དང་། བལ་ཡུལ་ལ་སོགས་པར་ཚོང་འགྲུལ་བྱེད་པར་འགྲོ་ལམ་གཙོ་བོ་ནི་བལ་བོད་བགྲོད་ལམ་ཡིན། བྱང་ཕྱོགས་འབྲོག་ཁུལ་རྣམས་སུ་ཚོང་འགྲུལ་གཉེར་ས་གཙོ་བ་ནི་མངའ་རིས་དང་ནག་ཆུའི་ས་ཁུལ་རྣམས་ཡིན་ནོ། །
བཞི་པ། གནའ་རབས་ཀྱི་སྤྱི་གཉེར་ཚོང་ལས།
        གནའ་རབས་སྤྱི་གཉེར་ཚོང་ལས་ནི། ཚོང་ལས་དར་ནས་དུས་ཚོད་གང་མཚམས་སོང་རྗེས་ཞིང་འབྲོག་གི་ས་ཁུལ་རྣམས་སུ་མི་འབོར་ཀྱང་ཇི་མང་དུ་ཕྱིན་པའི་དབང་གིས་མི་འདྲ་མིན་སྣ་ཚོགས་བྱུང་སྟེ་ཞིང་འབྲོག་བར་གྱི་ཚོང་ལམ་རྣམས་སུ་ཇག་པ་སོགས་ཀྱང་བྱུང་ནས། ཅ་དངོས་སོགས་རྐུ་འཕྲོགས་བྱས་པར་བརྟེན་ཡུལ་ལུང་སོ་སོའི་འགོ་དཔོན་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཚོས་སྤྱི་གཉེར་ཚོང་ལས་ཀྱི་ལམ་བུ་གསར་དུ་གཏོད་དེ་ཡུལ་ལུང་གང་དེའི་ན་གཞོན་སྐྱེས་པ་རྣམས་བསྡུ་རུབ་བྱས་ཏེ་ཁྱིམ་ཚང་སོ་སོའི་དགོས་མཁོ་དང་བསྟུན་ཏེ་འབྲོག་ཟོག་བརྗེ་པོ་བརྒྱབ་ཏུ་ཕྱིན་པ་སོགས་བོད་རྒྱལ་སྟག་རི་གཉན་གཟིགས་ཡན་ཆོད་དུ་བོད་ཀྱི་ཚོང་ལས་རྣམས་ནི་སྤྱི་གཉེར་ཚོང་རྒྱག་ཞིག་ཡིན་པར་སེམས། དེའང་ཡུལ་ལུང་དེའི་འགོ་གཙོའམ་དཔོན་པོ་དེའི་སྣེ་ཁྲིད་འོག་ལོ་ན་བཅོ་བརྒྱད་ཡན་གྱི་སྐྱེས་པ་རྣམས་ཚོང་གཡོག་ལ་ཁྲིད་དེ་ཡུལ་ལུང་དེའི་ཁྱིམ་ཚང་སོ་སོའི་དགོས་མཁོ་དང་འབྱོར་དཔལ་ལ་གཞིགས་ཏེ་ཁྱིམ་ཚང་དེའི་འབྲུ་རིགས་དང་། རྩམ་པ་ལ་སོགས་ཁྱེར་ནས་ཚོང་འགྲུལ་བྱེད་སའི་ཡུལ་ཕྱོགས་ནུབ་དང་། བྱང་གི་འབྲོག་ཡུལ་ཁག་ཏུ་ཕྱིན་ཏེ་ཚོང་རྒྱག་གི་ཡོད་པར་སྣང་། དེ་ཡང་དམངས་ཁྲོད་ལས། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ཡིན། །ཚོང་དང་འཁྲུག་པ་རྒྱག་ལུགས་ཤེས། །མོ་ལོ་ལྔ་གསུམ་བཅོ་ལྔ་ཡིན། །འཐག་དང་འཁེལ་མ་བཀལ་ལུགས་ཤེས། །ཞེས་དང་། ཡང་། གངས་རི་ཕུ་ཡི་འབྲོག་པ་ལ། །རྩམ་པ་རིན་ཆེན་གསེར་ལས་དཀོན། །ཅེས་སོགས་གསུངས་པ་ལྟར་རོ། །འོ་ན་རྗེ་སྟག་རི་གཉན་གཟིགས་གོང་དུ་བོད་ཀྱི་ཚོང་ལས་དར་ཡོད་ན་ཚད་གང་གིས་དངོས་པོ་གང་ཞིག་བརྗེ་པོ་རྒྱག་གི་ཡོད་ཅེས་ན། སྤྱིར་ན་བོད་ཚོང་ལས་ཀྱི་ཚད་བཅལ་བྱེད་དེ་ནི་འཇལ་འདེགས་བཤེར་གསུམ་ཡོད་པ་ལས། རྗེ་སྟག་རིའི་སྐབས་སུ་འཇལ་འདེགས་ཀྱི་སྲོལ་ཐོག་མར་གསར་དུ་གཏོད་པ་ཞིག་ཡིན་རུང་རྗེ་དེའི་གོང་དུ་ཚད་བཅལ་བྱེད་ནི་བཤེར་བ་དང་། ཕྱེད་མ། མགོ་ཐུག །འདོར་མ། གསུམ་འདོར། བཞི་འདོར། ལྔ་འདོར་ལ་སོགས་པའི་ཚད་ཀྱིས་བཅལ་ཞིང་ཡོད་པར་སེམས། དེའང་དངོས་པོ་རྡོག་རྡོག་གི་རིགས་རྣམས་ཕྱེད་མ་དང་། མགོ་ཐུག །འདོར་མ་ལ་སོགས་པས་ཚད་བཅལ་བ་དང་། དངོས་པོ་ཕྱེ་མ་རྣམས་ཟས་སྣོད་སོགས་སྣོད་ཆས་གང་རུང་ཞིག་ལ་ཚད་ཀྱིས་བཤེར་བ་ལ་སོགས་པས་ཚོང་རྒྱག་གི་ཡོད་པ་རྟོགས་ཐུབ། དེ་ཡང་ཕྱེད་མ་ཞེས་པ་ནི། དཔེར་ན། བལ་དོ་པོ་ཞིག་གི་རིན་པ་ནི་བལ་གྱི་བླུགས་སྣོད་དོ་པོ་དེའི་ཕྱེད་ཀ་ལ་ནས་སམ་རྩམ་པ་གང་རུང་གིས་རིན་བཅལ་བ་ལ་ཟེར་བ་དང་། མགོ་ཐུག་ཅེས་པ་ནི། དཔེར་ན། ཕྱུར་བ་དོ་པོ་ཞིག་གི་རིན་པ་ལ་ཕྱུར་སྣོད་དེའི་ཕྱུར་བའི་མཐོ་དམན་གྱི་ཚད་ལྟར་རྟགས་རྒྱབ་ཏེ་ནས་སམ་རྩམ་པ་སོགས་དངོས་པོ་གང་རུང་གིས་རིན་པ་བཅལ་གྱི་ཡོད་པས་རྗེ་སྟག་རི་ཡན་ཆོད་དུ་བོད་ཀྱི་ཚོང་ལས་ཀྱི་ཚད་རྣམས་འདི་ལྟར་འཇལ་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ་པ་ཞིག་ཡིན། གལ་སྲིད་རྗེ་སྟག་རི་ཡན་ཆོད་དུ་བོད་ཀྱི་ཚོང་རྒྱག་ལམ་སྲོལ་དར་མེད་ན་གོང་དུ་བཤད་པའི་རིན་བཅལ་གྱི་ཐ་སྙད་བཤེར་བ་དང་། ཕྱེད་མ། མགོ་ཐུག །འདོར་མ་ལ་སོགས་པ་རྣམས་ཀྱང་འབྱུང་དོན་མེད་དེ། རྗེ་སྟག་རིའི་སྐབས་སུ་འཇལ་འདེགས་ཀྱི་ཚད་རྣམས་གཏན་འཁེལ་བཟོས་ཟིན་པས་ན་འཇལ་འདེགས་ཀྱི་སྲོལ་ལས་བཤེར་བ་དང་། ཕྱེད་མ། མགོ་ཐུག །འདོར་མ་སོགས་ཀྱི་ཐ་སྙད་དེ་དག་བེད་སྤྱོད་མེད། དཔེར་ན། ཕྱུར་བ་བྲེ་གང་ལ་དེའི་རིན་པ་ནས་སམ་རྩམ་པ་གང་ཡང་རུང་བ་ཞིག་བྲེ་གང་ངམ་དོའམ་གསུམ་ལ་སོགས་ཀྱི་ཚད་གཏན་འབེབས་བཟོས་ཟིན་པས་སོ། །འོན་ཀྱང་རྗེ་སྟག་རིའི་སྐབས་སུ་ཚོང་རའི་ཚད་བཅལ་གྱི་སྒྲིག་གཞི་གསར་དུ་སྲོལ་གཏོད་པ་ཞིག་ཡིན་ནོ། །
        གནའ་རབས་ཚོང་རྒྱག་གི་གོ་ཐོབ་བམ་གོ་གནས་དེའང་རིམ་པ་ལྔ་ལས་གྲུབ་པ་ཞིག་ཡིན་འདུག་སྟེ།  དེའང་བཙན་པོ་སྲོང་བཙན་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་འཁོད་གསལ་ལྟར་རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ་ཞེས་གསུངས་པ་ལྟར། ཚོང་པ་ལྔ་ཞེས་པའི་ཐ་སྙད་དེ་ནི་མི་ལྔའམ་ཡང་ན་ཚོང་པ་ཚོ་ཁག་ལྔ་ཡི་དོན་ཙམ་མ་ཡིན་པར་གོ་གནས་ལྔ་ཡི་དོན་ཞིག་ཡིན་འདུག་སྟེ། དུས་དེའི་སྐབས་སུ་ཚོང་འགྲུལ་བྱེད་སྐབས་མཁལ་མ་ལ་བརྟེན་དགོས་པ་དང་། ཡང་སྒོས་སུ་དེའི་ཚེ་མི་བཅུ་གྲངས་ཙམ་ཞིག་ཚོང་རྒྱག་ཏུ་ཕྱིན་ན་ཚོང་དོན་ལེགས་གྲུབ་ཡོང་རྒྱུ་ལྟ་ཅི་སྲོག་ལའང་ཉེན་ཁ་ཡོད་པ་ཞིག་ཡིན་པས་ན་ཚོགས་པ་ཆེན་པོ་ཉུང་མཐར་ཡང་མི་བརྒྱ་ལྷག་དང་། མཁལ་མ་ཡང་བརྒྱ་ལྷག་ཙམ་ཞིག་ཡོད་པར་སེམས་སོ། །དེས་ན་གོ་གནས་ལྔ་ནི། སྦྱིན་བདག་དང་། ཚོང་དཔོན། གཡག་དཔོན། གཡག་པ། ལག་རོགས། ཡང་ན། སྦྱིན་བདག །ཚོང་དཔོན། དྲེལ་དཔོན། དྲེལ་པ། ལག་རོགས། ཡང་ན། སྦྱིན་བདག །ཚོང་དཔོན། རྟ་དཔོན། རྟ་པ། ལག་རོགས་བཅས་ལས་གྲུབ་ཅིང་རིམ་པ་མཐོ་ཤོས་ཀྱི་གོ་གནས་དེ་ནི་གཙོ་འཛིན་ནམ་སྦྱིན་བདག་ཅེས་པའི་གོ་གནས་དེ་ཡིན་ལ་དེ་ཐོབ་པར་བྱེད་པ་ལ་ཆ་རྐྱེན་མང་དག་ཞིག་ཚང་དགོས་ཏེ། ཉུང་མཐར་ཡང་མི་ལོ་སུམ་ཅུ་ལྷག་གི་འགྲུལ་བཞུད་ཀྱི་མྱོང་བ་དངོས་ཡོད་དགོས་པར་མ་ཟད་ཤེས་འཇོན་དང་། ཁོག་ཡངས། དཔའ་རྩལ་ལ་སོགས་པ་ཡོད་པའི་སྟེང་དུ་ཚོང་འགྲུལ་བྱེད་སའི་འགྲོ་ལམ་གྱི་ས་ཆ་རྣམས་སུ་དཔོན་པོ་དང་ཚོང་པ་སུ་དང་སུ་ཡོད་པ་དང་། འགྲོ་ལམ་དེ་དག་བརྒྱུད་སྐབས་ཇག་པ་སུ་དང་སུ་ཡོད་པ་ལ་སོགས་ཤེས་དགོས་པ་མ་ཟད་དེ་རྣམས་དང་ཡང་འབྲེལ་འདྲིས་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་ལྟར་གྱི་བརྒྱུད་རིམ་དང་འཇོན་ནུས་སྟེང་དུ་ལོ་ངོ་བཅུ་གྲངས་ཁ་ཤས་ཀྱི་མྱོང་བ་དངོས་ཡོད་ན་ད་གཟོད་གཙོ་འཛིན་ནམ་སྦྱིན་བདག་གི་གོ་གནས་ཐོབ་ཀྱི་ཡོད། དེ་མིན་མི་ལོ་དྲུག་བཅུ་ལྷག་ཙམ་ཚོང་རྒྱག་གི་ལས་ལ་བཞུགས་ཀྱང་སྦྱིན་བདག་གི་གོ་གནས་དེ་ཐོབ་ཐུབ་ཀྱི་མེད་དོ། །འོ་ན་གནའ་རབས་བོད་ཀྱི་ཚོང་རྒྱག་གི་གོ་ཐོབ་ལྔ་པོ་དེ་རྣམས་ལ་འགན་ཁྲི་གང་དང་གང་འདྲ་ཡོད་ཟེར་ན་སྦྱིན་བདག་གི་འགན་ཁྲི་ནི། གནས་ཚུལ་ཛ་དྲག་འཕྲད་སྐབས་དང་། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ལ་བསྟུན་ནས་ཚོང་དཔོན་དང་། གཡག་དཔོན་གྱིས་ཐག་གཅོད་མི་ནུས་པའི་རིགས་རྣམས་འགོ་འཛིན་ནམ་སྦྱིན་བདག་རང་གི་མྱོང་བ་དངོས་ཀྱིས་ལམ་ནས་ཐག་གཅོད་བྱེད་ཀྱི་ཡོད། ཚོང་དཔོན་གྱི་འགན་ཁྲི་ནི། ཚོང་རྒྱག་སའི་ཡུལ་དེར་ཐོན་རྗེས་ཡུལ་དེའི་ཚོང་པ་རྣམས་ཀྱི་མདུན་དུ་བསྐྱོད་དེ་ཚོང་པ་རྣམས་ལ་རང་གི་ཐོན་རྫས་གང་འདྲ་ཡོད་པ་དང་། དུས་ཚོད་གང་འདྲ་ཞིག་ལ་ཚོང་རྒྱག་ཁོམ་ཡོད་མིན་ལ་སོགས་དུས་ཚོད་རྣམས་གཏན་འཁེལ་བཟོ་ཡི་ཡོད། གཡག་དཔོན་གྱི་འགན་ཁྲི་ནི། འགྲུལ་བཞུད་སྐབས་སུ་ཁལ་མ་ཅ་དངོས་ལ་སོགས་པའི་འགན་ཁུར་དང་། འགྲོ་ལམ་གྱི་མྱུལ་ཞིབ་ཁལ་མ་ཡག་ཉེས་ཀྱི་བཀོད་འདོམས་སོགས་བྱེད་དགོས་ཀྱི་ཡོད། གཡག་པའི་འགན་ཁྲི་ནི། འགྲུལ་བཞུད་སྐབས་སུ་རང་གིས་འགན་ལེན་བྱས་ཡོད་པའི་ཁལ་མ་གཅིག་གམ་གཉིས་ལ་སོགས་པའི་ཁལ་མ་ཁལ་དང་བཅས་པ་རྣམས་བོར་གཏོར་མེད་པར་ལྷག་བསམ་གཙང་མས་འགན་ལེན་བྱེད་དགོས་ཀྱི་ཡོད། ལག་རོགས་པའི་འགན་ཁྲི་ནི། གཡག་པ་རེ་ལ་ལག་རོགས་རེ་ཡོད་པས་རང་གི་གཡག་པས་ཅི་གསུངས་བཀའ་བཞིན་བསྒྲུབས་པ་དང་། ཚོང་བྱེད་ཡུལ་དུ་ཐོན་རྗེས་ཁལ་མའི་འཚོ་སྐྱོང་ལ་སོགས་བྱེད་དགོས་ཀྱི་ཡོད། དཔེར་ན། ཚོང་པ་ཚོགས་པ་ཞིག་ལ་ཁལ་མ་བརྒྱ་ཡོད་པར་ཆ་བཞག་ན། ཚོགས་པ་དེར་སྦྱིན་བདག་ཚོང་དཔོན་གཡག་དཔོན་གསུམ་དང་། གཡག་པ་ལྔ་བཅུ། ལག་རོགས་ཀྱང་ལྔ་བཅུ་ཡོད་པས་གཡག་པ་དང་ལག་རོགས་མི་རེར་ཁལ་མ་རེ་རེ་ཡོད་པར་སེམས་ཏེ། དེ་ནི་དུས་དེའི་འགྲོ་ལམ་དང་ཁོར་ཡུག་ལ་སོགས་པར་བསམ་གཞིགས་བྱས་ནས་སྨྲས་པ་དང་། ལྷག་ཏུ་དུས་རབས་བཅུ་དགུ་པའི་ཚོང་པའི་ལམ་སྲོལ་སོགས་དངོས་སུ་གོ་ཐོས་བྱུང་བ་ལ་བརྟེན་ནས་དཔྱད་ཞིབ་ཀྱིས་སྨྲས་པ་ཞིག་ཡིན་པས་བཙན་པོའི་སྐབས་ཀྱི་ཚོང་པའི་ལམ་སྲོལ་ཀྱང་དེ་ལྟར་ཡིན་པར་སེམས་སོ། །
        ལྔ་པ། གནའ་རབས་སྒེར་གཉེར་ཚོང་ལས།
        གནའ་རབས་སྒེར་གཉེར་ཚོང་ལས་ནི། རྗེ་སྟག་རི་གཉན་གཟིགས་ཀྱི་ཡས་མས་སུ་གནའ་རབས་འབྱོར་ལྡན་གྱི་ཁྱིམ་ཚང་འགའ་རེས་ཁེ་གསང་གི་ཆེད་དུ་གཉེར་བའི་ཚོང་རྒྱག་གི་ལམ་ལུགས་དར་བ་ལ་བརྟེན་ནས། སྤྱང་གྲུང་གཉིས་འཛོམས་ཀྱི་མི་བུ་འགའ་རེས་ཀྱང་ཡུལ་ལུང་སོ་སོར་བར་ཚོང་གི་ལས་ཀ་གཉེར་ནས་དངོས་པོ་བརྗེ་རྒྱག་གི་ཚད་གཞི་རྣམས་ནུབ་བྱང་ས་ཁུལ་གྱི་ཚད་གཞི་དང་། ཧེ་བག་ཆེན་པོ་འདྲ་མིན་བྱུང་བའི་དབང་གིས་རྗེ་སྟག་རིའི་སྐབས་སུ་ཁྲི་དོར་སྣང་བཙུན་མོང་གི་བུས་བྲེ་ཕུལ་སྲང་གསུམ་བཟོས་ཏེ་འབྲུ་དང་མར་ལ་ཚད་ཀྱིས་བཅལ་ནས་ཚོང་རའི་སྒྲོམ་གཞི་གསར་དུ་གཏན་ལ་ཕབ་པ་ཞིག་ཡིན་འདུག །རྒྱུ་མཚན་ནི། གལ་ཏེ་རྗེ་སྟག་རིའི་སྐབས་སུ་བར་ཚོང་བྱེད་མཁན་ཞིག་མེད་པའི་དབང་དུ་བཏང་ན་དུས་དེ་སྐབས་སུ་བྲེ་ཕུལ་སྲང་གསུམ་བཟོས་ཀྱང་དགོས་པ་གང་ཡང་མེད་དེ་དུས་དེ་ཡི་ཚེ་ཚོང་རྒྱག་བྱེད་ཡུལ་ནི་ནུབ་བྱང་གི་རྒྱལ་ཕྲན་རྣམས་སུ་ཡིན་པས་རྒྱལ་ཕྲན་དེ་ཚོས་ཁྲི་དོར་སྣང་བཙུན་མོང་གི་བུས་གཏན་ལ་ཕབ་པའི་བྲེ་ཕུལ་སྲང་གསུམ་གྱི་ཚད་རྣམས་ཁས་ལེན་བྱེད་མིན་སོམ་ཉིའི་གནས་ཡིན་པས་ན། རྗེ་སྟག་རིའི་སྐབས་སུ་བར་ཚོང་རྒྱག་མཁན་ཡོད་པ་དེ་བརྒྱ་ཆ་དགུ་བཅུ་ཁ་ཚོན་གཅོད་སྤོབས་པ་ཞིག་ཡིན་འདུག་ལ། མ་ཟད་དུས་དེ་སྐབས་སུ་ཁྲི་དོར་སྣང་བཙུན་མོང་གི་བུ་དེའང་སྦྱིན་བདག་གམ་ཚོང་དཔོན་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་བོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།