སད་མ་ཀར་གྱི་མགུར་གླུའི་ལོ་རྒྱུས་རྒྱབ་ལྗོངས།

རྩོམ་པ་པོ།:སོ་དུང་ཆོས་དཔལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-01-25 17:53:28 ཀློག་གྲངས།:
སད་མ་ཀར་གྱི་མགུར་གླུའི་ལོ་རྒྱུས་རྒྱབ་ལྗོངས་ལ་རགས་ཙམ་དཔྱད་པ།
སོ་དུང་ཆོས་དཔལ།

གཅིག སད་མ་ཀར་གྱི་ལོ་རྒྱུས།
       བཙན་མོ་སད་མ་ཀར་ནི་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་གཅིག་གྱུར་ལ་མཛད་རྗེས་བླ་མེད་བཞག་པའི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཡིན་ན་ཡང་། བོད་ཀྱི་ལོ་རྒྱུས་བྱིངས་སུ་བཙན་མོ་ཞང་ཞུང་རྒྱལ་པོ་ལིག་མྱི་རྐྱའི་ཁབ་ཏུ་གཤེགས་ཏེ་བཙན་པོས་ཞང་ཞུང་དབང་དུ་སྡུད་པར་མཛད་རྗེས་བཞག་པའི་ཚུལ་ཙམ་ལས། “སྤུག་གྱིམ་བརྩན་རྨང་ཆུང་བཀའ་བསྩལ་ཏེ། །མཁར་ཁྱུང་ལུང་དུ་མཆིས་ན། །བཙན་མོ་མྱི་བཞུགས་ཏེ། །ཆབ་ཉ་ལ་རོལ་ཞིང་། །མཚོ་མ་པང་དུ་གཤེགས་ནས། །”ཞེས་པའི་ཆབ་ཉ་ལ་རོལ་བ་སྟེ། “ཆབ་ནི་ཆབ་སྲིད་ཀྱི་བྱ་བ་དང་ཉ་ལ་རོལ་བ་ནི་ཞང་ཞུང་ས་གནས་ཁག་ཏུ་སྐོར་གཡེང་གི་རྣམ་པས་མྱུལ་བ་སྟེ་སྐབས་དེའི་ཞང་ཞུང་གི་སྲིད་འབྱོར་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གནང་བའི”ཆབ་སྲིད་ཀྱི་མཛད་པ་དག་བཏང་སྙོམས་སུ་བཞག་སྟེ་བཙན་མོའི་མཛངས་པའི་ཡོན་ཏན་དང་དཔའ་བོའི་སྙིང་སྟོབས་བརྗོད་པ་ཉུང་། ལར་སད་མ་ཀར་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྲིང་མོ་ཡིན་ཚུལ་ལ་ལོ་རྒྱུས་ཡོངས་སུ་ཞལ་མཐུན་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་གཏུགས་པའང་ཡོད། དེ་ནི“བཙན་མོ་ཡང་ལིག་མྱི་རྷྱའི་སོ་ནམ་དང་བུ་སྲིད་མྱི་མཛད་ཆིང་ལོག་ཤིག་ན་བཞུགས་པར། །འདིར་དྲལ་གྱི་སྙན་དུ་གདའ་སྟེ། །བཙན་མོ་དེ་ལྟར་ལོག་པ་བགྱིས་ན། །ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བས་དེ་ལྡེ་བུ་མ་བགྱིད་པར། །ལིག་མྱི་རྷྱའི་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས། །སྤུག་གྱིམ་བརྩན་རྨང་ཆུང་བཀའ་སྩལ་ཏེ། །”ཞེས་པར་བཙན་པོས་ཕོ་ཉ་བར་སྤུག་གྱིམ་བཙན་རྨང་ཆུང་མངགས་པ་གསལ་ཞིང་། “གླང་གི་ལོ་ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ་གནག་ལིངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གྱི་ཕྱིང་རིལ་བགྱིས། ར་སང་རྗེའི་རིང་སྟག་རྷྱ་དང་ཞིང་གྱི་ཚོང་ཆེན་དབྱརད། ཞང་ཞུང་ཡུལ་གྱི་མངན་དུ་སྤུག་གྱིམ་རྩན་རྨ་ཆུང་བཆུག། །”ཅེས་པར་སྤུག་གྱིམ་བཙན་རྨང་ཆུང་ནི་བཙན་པོ་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་གཉིས་ཀྱི་སྐུ་རིང་གི་མི་ཡིན་པའང་གསལ་པོར་འབྱུང་བས། སད་མ་ཀར་ནི་སྲོང་བཙན་སྒམ་པོའི་སྐུ་སྲིང་ཡིན་པ་ལས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་འབྲེལ་བ་གང་ཡང་མེད་པར་མ་ཟད། “བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། །ཡབ་འབངས་ནྀ་འཁུས།ཡུམ་འབངས་ནྀ་ལོག། །གཉེན་ཞང་ཞུང་། མཛོ་སུམ་པ། །ཉག་ཉི་དགས་པོ། །རྐོང་པོ། མྱང་པོ་ཀུན་ཀྱང་ལོག། །ཡབ་གནམ་རྀ་སློན་བཙན་དུག་བོན་ཏེ་བཀྲོངས་སོ། །”ཞེས་པར་བཙན་པོ་སྲོང་བཙན་སྒམ་པོའི་མེས་སྟག་རི་གཉན་གཟིགས་དང་ཡབ་གནམ་རི་སྲོང་བཙན་གཉིས་ཀྱི་སྐུ་རིང་ལ་སྤུ་རྒྱལ་གྱི་ཆབ་སྲིད་གཅིག་གྱུར་གྱི་དབུ་བརྩམས་མ་ཐག་ཡིན་པས་ཆབ་སྲིད་བརྟན་བརླིང་མིན་པ་དང་། མཐའ་འཁོར་གྱི་རྒྱལ་ཕྲན་དག་མངའ་རུ་བསྡུ་བར་ཡང་བག་མ་ཕར་སྐྱེལ་ཚུར་བསུ་ཡི་ཆབ་སྲིད་ཀྱི་ལག་ཐབས་ལ་བརྟེན་དགོས་བྱུང་བས། “རྒྱལ་འདི་འི་རིང་ལ། །ཞང་ཞུང་ལྡེ་བུ། གཉེན་གྱི་ཡང་ངོ་། །འཐབ་ཀྱི་ཡང་སྐལ་ཏེ། །ཞང་ཞུང་བདག་དུའ། །བཙན་མོ་སད་མར་ཀར། །ལིག་མྱི་རྷྱ་ལ་ཆབ་སྲིད་ལ་གཤེགས”དགོས་བྱུང་ཞིང་། སྐབས་དེར་བཙན་པོ་དགུང་ལོ་ཉེར་བདུན་གཡས་གཡོན་ཡིན་པར་གཞིགས་ན་སྐུ་སྲིང་སད་མ་ཀར་ཡང་དགུང་ལོ་ཉི་ཤུའི་ནང་དུ་ཡོད་པ་རིགས་པས་དཔག་ནུས། སད་མ་ཀར་གྱི་རོགས་རམ་ལ་བརྟེན་ནས“རྒྱལ་འདྀ་འི་རིང་ལ། །ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ། ཆབ་སྲིད་མཛད་ནས། །ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་རྷྱ་སྲིད་བརླག་སྟེ། །ཞང་ཞུང་ཐམས་ཅད་འབངས་སུ་བཀུག”སྟེ་ཞང་ཞུང་རྒྱལ་པོའི་སྲིད་བརླགས་མོད། ཞང་ཞུང་མངའ་རུ་བསྡུས་པའི་དུས་སྐབས་དང་བསྟུན་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་མིན་གྱི་བཞེད་ལུགས་མི་མཐུན་ཏེ། ཏུན་ཧོང་ཡིག་ཚང་ལས་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་ཅེས་པ་ལས་ཞང་ཞུང་རྒྱལ་པོའང་ཞོར་དུ་བཀྲོངས་པར་བཞེད་པ་དང་། “ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་ཞུང་གི་རྒྱལ་པོ་བཀྲོངས་པས་ཞང་ཞུང་ཁྲི་སྡེ་ནི་ཡར་ཆད། སུམ་པའི་སྟོང་སྡེ་ནི་མར་བུད།”ཅེས་པ་ལས་ཞང་ཞུང་རྒྱལ་པོ་ལིག་མྱི་རྐྱ་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་དུ་བཀྲོངས་པ་ལས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཀྲོངས་མེད་པར་བཞེད་པའོ། །
གཉིས། སད་མ་ཀར་གྱི་མཚན་གྱི་རྣམ་གྲངས།
       སད་མ་ཀར་གྱི་མཚན་འབྲི་སྟངས་ལ་མི་མཐུན་པ་རེ་ཟུང་ཡོད་དེ། ཏུན་ཧོངP.T1287པར། “ཞང་ཞུང་བདག་དུའ། །བཙན་མོ་སད་མར་ཀར། །ལིག་མྱི་རྷྱ་ལ་ཆབ་སྲིད་དུ་གཤེགས་སོ། །”ཞེས་དང་། དུང་དཀར་ཚིག་མཛོད་ཆེན་མོར།“རྒྱལ་པོ་སྲོང་བཙན་སྒམ་པོས་རང་ཉིད་ཀྱི་སྲིང་མོ་སྲད་མ་ཀ་ལ་ལིག་བྱ་བ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ལ་བག་མར་བཏང་རྗེས། ཞང་ཞུང་སླར་ཡང་མངའ་འོག་ཏུ་བཅུག །”ཅེས་པའི་མཚན་གྱི་རྣམ་གྲངས་ལས། གང་ཞིག་ཡང་དག་ཡིན་མིན་གྱི་བརྡར་ཤ་གཅོད་དཀའ་སྟེ། ཁོང་མོའི་མཚན་དུ་བཀས་བཅད་རིམ་པ་དག་དང་མཐུན་པའི་རྗེས་ཤུལ་མེད་པ་དང་། སངས་རྒྱས་ཆོས་ལུགས་བོད་དུ་དར་ཏེ་ཆོས་མིང་གི་ཤན་ཞུགས་པའི་ཤུལ་ཡང་མེད། ལར་བཙན་པོའི་གདུང་རྒྱུད་དུ་གཏོགས་པའི་ཉེ་རིང་བྱིངས་ཀྱི་མཚན་ནི་བོན་གཤེན་གྱིས་གནང་བ་ཡིན་ན། བོད་རིག་པའི་ཞིབ་འཇུག་པ་ཧུའུ་མེར(Siegbert Hummel)གྱིས“སད་མ་ཀར་ཞེས་པ་ནི་ཞང་ཞུང་གི་སྐད་དེ། སད་ནི་ལྷའི་དོན་དང་། མར་ནི་གསེར་གྱི་དོན་དང་། ཀར་ནི་འོད་ཀྱི་དོན་ནོ། །”ཞེས་པ་སྟེ། ཁོང་གི་བཞེད་དགོངས་ལྟར་བཙན་མོའི་མཚན་གྱི་དོན་ནི་ལྷ་གསེར་འོད་དུ་སྐད་པ་དེའང་རྒྱུ་མཚན་མེད་པ་ཞིག་མིན་པར་འདོད་དོ། །
གསུམ། ཞང་ཞུང་རྗེ་དང་སྤུ་རྒྱལ་བོད།
       བོད་ཀྱི་ལོ་རྒྱུས་ལས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་ཞང་ཞུང་རྒྱལ་ཕྲན་གྱི་གྲས་སུ་བགྲངས་པ་དང་། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་བར་དུ་ཞང་ཞུང་རྒྱལ་རབས་རིམ་བྱོན་ཟམ་མ་ཆད་པར་བྱུང་ཚུལ་བན་བོན་གྱི་ལོ་རྒྱུས་ཆོས་འབྱུང་ཁག་ཏུ་གསལ་བར་མ་ཟད། “ཞང་ཞུང་ཡུལ་ན་ནི། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན།”ཞེས་ཞང་ཞུང་ནི་སྤུ་རྒྱལ་གྱི་མངའ་རུ་མི་གཏོགས་པའི་རྒྱལ་ཕྲན་ཞིག་ཡིན་པར་བཤད་ཅིང་། “གནའ་བོའི་བོད་ཀྱི་རྒྱལ་རབས་མང་པོ་ཞིག་གིས་ཞང་ཞུང་རྒྱལ་རབས་འགའི་སྲས་མོ་རྣམས་ཁབ་ཏུ་བཞེས་མྱོང་ཡོད་པ་ནི་རྒྱུ་མཚན་གང་ལ་དཔྱད་ཀྱང་ཤེས་ཤིན་ཏུ་སླ་བ་ཞིག་ཡིན་སྟབས། ཞང་ཞུང་ལ་ཞང་གི་ཐ་སྙད་སྦྱར་བ་ནི་དེ་ལས་ཀྱང་འོས་ཆེ་བ་ཞིག་ཡིན་པར་མ་ཟད། བོད་ཀྱི་ཡ་ཐོག་གི་མི་རྒྱུད་མིའུ་གདུང་དྲུག་གམ་རུས་ཆེན་བཞི་རུ་གྲགས་པ་དེ་རྣམས་གནས་ཡུལ་གང་ནས་མཆེད་པའི་ཁུངས་ཀྱང་ཞང་ཞུང་ལ་ཐུག་གི་ཡོད་པའི་རྒྱུ་མཚན་དེས་ཀྱང་ཞང་ཞེས་པའི་ཚིག་འདི་བོད་ཀྱིས་ཞང་ཞུང་ལ་ཕར་བཏགས་པའི་ཐ་སྙད་ཅིག་ཡིན་པ་ལས་གདོད་མ་ནས་བྱུང་བའི་མིང་ཚིག་ཅིག་མ་ཡིན་པའི་བདེན་དཔང་གསལ་པོར་བྱས་པ་ཡིན།”ཞེས་ཞང་ཞུང་ཞེས་པའི་ཞང་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་ཞང་ཞུང་བཟའ་ལི་ཐིག་སྨན་ཁབ་ཏུ་བཞེས་པ་སོགས་ལས་བོད་དང་ཞང་ཞུང་གི་བར་དུ་གཉེན་འབྲེལ་བྱུང་བས། ཨ་ཞང་སྟེ་ཞང་པོར་གོ་དགོས་ཤིང་། ཞུང་ནི་ཞང་ཞུང་སྐད་དུ་ཁྱུང་གི་དོན་ཡིན་པར་བཤད། གཞན“ཞང་ཞུང་ཆེ་བའི་ཤར་ཕྱོགས་བོད་དང་འབྲེལ། ནུབ་ཕྱོགས་ཞང་ཞུང་ཆུང་བ་དང་འབྲེལ། བྱང་ཕྱོགས་ཡུས་ཐེན་དང་འབྲེལ། ཤར་ནས་ནུབ་ཏུ་ལེ་དབར་སྟོང་དང་དམག་མི་བརྒྱད་ཁྲི་ནས་དགུ་ཁྲི་མཆིས། མགོ་སྐྲ་སིལ་བུར་སླ་ཞིང་ལུས་ལ་ཕྱིང་བ་གྱོན། ལས་སུ་ཕྱུགས་འཚོ། ཡུལ་དེར་ཁ་བ་བུ་ཡུག་མང་། འཁྱགས་པ་མཐུག་པོ་ཀྲང་གཅིག་ལས་ལྷག་པ་ཆགས། ཡུལ་ཟོག་ནི་བོད་དང་མཚུངས།”ཞེས་ཞང་ཞུང་ལ་ཆེ་ཆུང་གཉིས་སུ་ཕྱེ་ཞིང་། ཞང་ཞུང་ནི་བོད་ལས་ཡན་གར་བའི་རིགས་ཤིག་ཏུ་བརྩི་བའི་བཞེད་ལུགས་དག་ལས་བོད་དང་ཞང་ཞུང་གཉིས་ཐ་དད་དང་གཅིག་ཏུ་བྱེད་པ་སྣ་ཚོགས་འབྱུང་ཡང་། བོན་གྱི་ལོ་རྒྱུས་དག་ཏུ་ཞང་ཞུང་ནི་བོན་བསྟན་གྱི་འབྱུང་ཁུངས་ཡིན་ལ། བོད་རྒྱལ་གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་ཞང་ཞུང་གི་རྒྱལ་རབས་རྒྱུན་མ་ཆད་པར་བྱུང་བར་མ་ཟད། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མངའ་ཁོངས་ཀྱང་ཡོད་པར་བཤད་པས། ཞང་ཞུང་ནི་སྤུ་རྒྱལ་གྱི་རྒྱལ་རབས་མ་ཚུགས་པའི་ཡར་སྔོན་ནས་རྒྱལ་ཕྲན་ནམ་ཚོ་པ་སྟོབས་ལྡན་ཞིག་ཡིན་པ་གསལ་ཞིང་། “ཁྲི་སྲོང་ལྡེའུ་བཙན་གྱིས་གཡོ་ཐབས་ཀྱིས་ཞང་ཞུང་རྒྱལ་པོ་བགྲོང(བཀྲོངས)པའི་ཤུལ་དུ་རྒྱལ་ས་ཁྱུང་པོ་སྟག་སྒྲ་དོན་གཙུག་གིས་བཟུང་ནས་རྒྱལ་ཁྲིམས་དང་བོན་ཁྲིམས་གཉིས་ཀ་མཉམ་དུ་བསྐྱངས།”ཞེས་པར་ཞང་ཞུང་རྒྱལ་པོ་ལིག་མྱི་རྐྱ་བཀྲོངས་པའི་རྗེས་སུའང་ཞང་ཞུང་ལ་མངའ་དབང་སྒྱུར་བའི་རྒྱལ་པོ་བྱུང་ལུགས་ལ་བལྟས་ན་སྤུ་རྒྱལ་གྱིས་ཞང་ཞུང་མངའ་རུ་བསྡུས་རྗེས་ཀྱང་རྒྱལ་ཕྲན་རང་ལ་དབང་བའི་རྒྱལ་པོ་བསྐོས་ཏེ་སྲིད་སྐྱོང་དུ་བཅུག་ཡོད་པ་འདྲའོ། །
       ཞང་ཞུང་དང་བོད་གཉིས་ནི་གཅིག་ཁོངས་གཅིག་ཏུ་མི་འདུ་བའི་སྟོབས་ལྡན་གྱི་རྒྱལ་ཕྲན་ནམ་ཚོ་པ་སོ་སོ་ནས་རང་རང་གི་མངའ་ཁོངས་རྒྱ་སྐྱེད་ཀྱི་ཕྱིར་དུ་ལན་རེར་མཛའ་རེས་དང་ལན་རེར་དམག་འཁྲུག་བྱུང་སྟེ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཙན་པོའི་སྐུ་སྲིང་སད་མ་ཀར་ཞང་ཞུང་རྒྱལ་པོ་ལིག་མྱི་རྐྱའི་ཆབ་སྲིད་དུ་གཤེགས་ཤིང་བཙན་པོས་ཞང་ཞུང་བཟའ་ལི་ཐིག་སྨན་ཁབ་ཏུ་བཞེས་ཏེ་སྤུ་རྒྱལ་དང་ཞང་ཞུང་བར་དུ་གཉེན་གྱི་འབྲེལ་བ་བྱུང་། བཙན་མོ་སད་མ་ཀར་གྱི་ཐབས་དང་བློ་གྲོས་ལ་བརྟེན་ནས་ཞང་ཞུང་རྒྱལ་པོའི་སྲིད་བརླགས་པ་ནས་བཟུང་ཞང་ཞུང་བོད་ཀྱི་མངའ་ཁོངས་སུ་བསྡུས་ཤིང་། “དེའང་ཞང་ཞུང་ལི་མི་རྒྱལ་གྲོང་བའི(བཀྲོངས་པའི)ཤུལ་དུ་སྟག་སྒྲ་དོན་གཙུག་གིས་རྒྱལ་ས་བཟུང་བ་དེའི་གདན་ས་སྟོད་རྒྱུད་རིང་མོས་བཟུང་བ་ལ། ཞང་ཞུང་ཡུལ་སྟོད་ནས་སྡོང་རྒྱལ་དང་སྨད་ནས་སྡོང་དམིགས་གཉིས་ཀྱིས་ཙ་ཞང་གིས་རྒྱལ་ས་བཟུང་མི་རིགས་ཟེར་ནས་དམག་ཁྱེར་ནས་བྱུང་།”ཞེས་པ་ལྟར་སྤུ་རྒྱལ་གྱིས་མངའ་དབང་སྒྱུར་བའི་རྗེས་སུ་ཞང་ཞུང་ནང་ཁུལ་གྱི་འགལ་བའང་ཆེར་རྒྱས་ཏེ་རྒྱལ་རབས་མཇུག་བསྡུས་པའོ། །

ཟུར་ལྟའི་དཔྱད་གཞི།
[1] དབང་རྒྱལ་དང་བསོད་ནམས་སྐྱིད། «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ» [M]. པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980ལོ།
[2] ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། «བཙན་པོའི་དུས་ཀྱི་ཡིག་རྙིང་སྐོར་གྱི་ཚིག་མཛོད» [M]. པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2019ལོ།
[3] ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད» [M].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1987ལོ།
[4] དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ» [M]. པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ།
[5] Siegbert Hummel“The Songs of the Unhappy Queen Sad-mar-kar”“in Siegbert Hummel,On Zhang-zhung,ed.and trans. Guido Vogliotti,Dharamsala;Library of Tibetan Works and Archives,2000,P119,note4.”
[6]
དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན» [M]. པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ།
[7] ནམ་མཁའི་ནོར་བུ། «ཞང་བོད་ལོ་རྒྱུས་ཏི་སེའི་འོད» [M].པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ།
[8] འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར། «རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས» [M].(དེབ་གཉིས་པ།) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།