སྒ་སྟོན་ཤེས་རབ་འོད་ཟེར་གྱི་རྣམ་ཐར་མེས་པོའི་ཞལ་ལུང་།

རྩོམ་པ་པོ།:ཞིང་རུ་སྐལ་བཟང་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-11 08:54:49 ཀློག་གྲངས།:
       སྒ་སྟོན་ཤེས་རབ་འོད་ཟེར་གྱི་མཚན་ཡོངས་གྲགས་སུ་རོང་སྟོན་ཤེས་བྱ་ཀུན་མཁྱེན་ནམ་རོང་སྟོན་ཤཱཀྱ་རྒྱལ་མཚན་ཞུ་བ་ཡིན། དང་པོ་ནི་གཡུང་དྲུང་བོན་གྱི་སྐབས་སུ་བྱུང་བའི་མཚན་དང་ཕྱི་མ་དག་ས་སྐྱའི་སྐབས་སུ་བྱུང་བའི་མཚན་བརྗོད་ཡིན། མིག་སྔར་ཁོང་གི་རྣམ་ཐར་དངོས་སློབ་ཤཱཀྱ་མཆོག་ལྡན(1428-1507)གྱིས་མཛད་པའི་རྣམ་ཐར་དད་པའི་རོལ་མཚོ་དང་ཉེ་གནས་ཆེན་མོ་ས་སྐྱའི་དགེ་སློང་ནམ་མཁའ་དཔལ་བཟང(ལྡན)གིས་མཛད་པའི་རོང་སྟོན་ཆོས་རྗེའི་རྣམ་པར་ཐར་པ་ཕྲིན་ལས་རྒྱས་ཤིང་རྒྱུན་མི་འཆད་པའི་རྟེན་འབྲེལ་ཞེས་པ་ཁག་གཉིས་ཡོད། འོག་ཏུ་དང་པོ་དེར་རྣམ་ཐར་ཞེས་དགོད་རྒྱུ་ཡིན། འགོས་ལོ་གཞོན་ནུ་དཔལ(1392-1481)གྱི་དེབ་སྔོན་དུའང་རྣམ་ཐར་མདོར་བསྡུས་ཤིག་ཡོད་ལ་དེ་མིན་གྱི་འབྲེལ་ཡོད་སྐྱེས་ཆེན་ཁག་གི་གསུང་འབུམ་དང་གདན་རབས་ལོ་རྒྱུས་སོགས་ནང་གནད་བསྡུས་སུ་འཁོད་པ་ཧ་ཅང་མང་བར་མཐོང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་སྤྱི་ལོ1474ལོར་རོང་སྟོན་གྱི་རྣམ་ཐར་བརྩམས་གྲུབ་སྐབས་དེའི་ཡར་སྔོན་ལ་རོང་སྟོན་གྱི་ལོ་རྒྱུས་མི་འདྲ་བ་གསུམ་ཡོད་པ་འཁོད། མདོར་ན་ཁོང་ནི་མདོ་ལ་མཁས་པ་གཡག་གཞོན་རོང་གསུམ་དང་སྔགས་ལ་མཁས་པ་ངོར་རྫོང་ཚར་གསུམ། གཉིས་ཀ་ལ་མཁས་པ་གོ་ཤཱཀ་སྟག་གསུམ་ཞེས་ས་སྐྱའི་འཛམ་གླིང་མཁས་པའི་རྒྱན་དགུའི་ཡ་གྱལ་རོང་སྟོན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་ཞེས་བསྔགས། ས་སྐྱའི་གསུང་རབ་ཁྲོད་རྣམ་ཐར་ཁ་གསལ་བཞུགས་ཡོད། འོན་ཀྱང་ཕལ་ཆེར་བས། རོང་སྟོན་ནི་ཐོག་མར་བོན་པོའི་ཕྱོགས་སུ་སྐུ་འཁྲུངས་པ་ཙམ་ལས་ཁོང་གི་སྐུ་ཚེའི་ཐོག་མཐའ་བར་གསུམ་དུ་གཡུང་དྲུང་བོན་ནང་སློབ་གཉེར་དང་མཛད་ཕྲིན་གང་སྐྱོང་མིན་སྐོར་ད་བར་ཁ་གསལ་ཆེར་མེད། ད་རེས་འདིར་དམིགས་བསལ་དུ་འབྲེལ་ཡོད་གཡུང་དྲུང་བོན་གྱི་བསྟན་འབྱུང་དང་གསུང་རབ། དཔེ་ཚོགས། དེང་རབས་མཁས་པའི་ཞིབ་འཇུག་བཅས་ལ་གཞི་བཟུང་ནས་ཁོང་གི་ཐུན་མོང་མ་ཡིན་པའི་མཛད་ཕྲིན་ལས་གཡུང་དྲུང་བོན་གྱི་སྐབས་སུ་ཆ་ཤས་ཙམ་ངོ་སྤྲོད་ཁ་སྐོང་བཟོ་རྒྱུ་ཡིན། །
       དེ་ཡང་རོང་སྟོན་ཆེན་མོའི་འཁྲུངས་ཡུལ་ནི་བོད་གངས་ཅན་གྱི་ཤར་ཕྱོགས་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་རོང་ལྷ་གཉན་དམུ་རྡོ་རིའི་གཡས་ཟུར་པ་བོ(པ་ཝམ)རྒྱལ་པོའི་མངའ་ཁོངས་དེར་ཡིན་ནོ། ཡབ་ཡུམ་གྱི་ཆོ་འབྲང་ནི་རྣམ་ཐར་དུ་རིགས་ནི་རུས་ཆེན་སྒ་དང་ཡབ་ཀྱི་མཚན་སྨོས་པར་བོན་ཐེག་པ་རིམ་དགུ་ལ་མཁས་པར་སྦྱངས་ཤིང་རྫུ་འཕྲུལ་སྟོན་ནུས་པ་གེ་ཁོད་རྒྱལ་པོ་དང་ཡུམ་ནི་བྱང་ཆུབ་སེམས་མ་རྒྱ་གར་སྨན(བྱང་ཆུབ་འབུམ)ཞེས་སོ། འོན་ཀྱང་འདིར་ཅུང་ཟད་དཔྱད་དགོས་ཏེ། རོང་སྟོན་བཀའ་འབུམ་དེབ་ཀ་པའི་ནང་ཁོང་གིས་མ་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་ངག་ལས་ཨ་མ་བྱང་ཆུབ་འབུམ་ཞེས་བྲིས་འདུག་པས་ཡུམ་གྱི་མཚན་སྨོས་དངོས་བྱང་ཆུབ་འབུམ་ཡིན་པ་ཡིད་རྟོན་རུང་། གཞན་རྒྱ་གར་སྨན་དང་རྒྱ་གར་ཆུ་མགོ རྒྱ་གར་ལུང་པ། རྡོ་རྗེ་གདན་སོགས་ནི་ཆོས་ཕྱོགས་ཀྱི་དཔེ་དོན་རྒྱན་ཚིག་ཡིན་པ་ལས་མེད། ཡང་དགེ་སློང་ནམ་མཁའ་དཔལ་བཟང(ལྡན)གིས་མཛད་པའི་རྣམ་ཐར་དུ་ཁོང་ནི་མདོ་ཁམས་ཤར་ཕྱོགས་སུ་རིགས་ཆེ་ཞིང་ཆེས་མཐོ་བར་མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡན་པར་སྐུ་འཁྲུངས་བ་འཁོད་པ་སོགས་ཁོང་ནི་སྐབས་དེར་བོན་ཐེག་པ་རིམ་དགུ་ལ་མཁས་ཤིང་ཡི་དམ་དབལ་ཆེན་གེ་ཁོད་ལ་མངའ་བརྙེས་པའི་བོན་གྱི་ཁྱིམ་རྒྱུད་ཆེན་པོ་ཞིག་ཏུ་འཁྲུངས་བ་གདོན་མི་ཟའོ། སྐུ་འཁྲུངས་བའི་དུས་ཚིགས་ནི་མེ་མོ་ལུག་སྟེ་སྤྱི་ལོ1367ལོར་ཡིན་པ་རྣམ་ཐར་ཁག་ཏུ་གསལ་ལོ། ། 
       མིག་སྔར་ཁོང་གི་འཁྲུངས་གནས་ལ་བཤད་ཚུལ་མི་འདྲ་བ་བཞི་ཙམ་ཡོད་དེ། དང་པོ་ནི་མཁས་དབང་བྲག་བར་དཔལ་ལྡན(1915-2002)གྱིས་མཛད་པའི་རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང་དུ་རོང་བྲག་རྫོང་པ་བོ (པ་ཝམ)ཤང་གི་ཁོངས་སུ་སྔར་བྲག་སྟེག་པོ་ཝམ(པ་ཝམ)རྒྱལ་པོའི་རིགས་སུ་འཁྲུངས་བ་ངོས་འཛིན་འདུག རྒྱལ་རོང་ཞིབ་འཇུག་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས(1930-2025)ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་སུ་རོང་བྲག་རྫོང་བྲག་སྟེང་ཤང་བྱེ་མའི་ཀྱོ་སྟེ་དེང་སང་བྱེམ་ཀྱོ(ཤན་གྱ་གྲོང)གྲོང་དུ་སྔར་བྲག་སྟེང་རྒྱལ་པོའི་མངའ་ཁོངས་སུ་འཁྲུངས་བ་ངོས་འཛིན་འདུག དེང་སང་རྒྱལ་རོང་ཞིབ་འཇུག་མཁས་དབང་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ལགས་ཀྱིས་གསུང་བར་ཆུ་ཆེན་རྫོང་རབ་བརྟན་རྒྱལ་པོའི་མངའ་ཁོངས་ཏོག་ཅོ(སྟེགས་ཅོག)ཞེས་པའི་ཡུལ་ཀབ་ཏོག་ཤེལ་གྱི་རྡོ་རིང་གི་མདུན་ངོས་སུ་མཉམ་མེད་ཤེས་རབ་རྒྱལ་མཚན(1356-1415)དང་འཁྲུངས་ཕྱོགས་གཅིག་ཡིན་པ་ཞལ་རྒྱུན་འདུག་ལ་རོང་སྟོན་ལའང་སྔ་ཕྱི་གཉིས་བྱོན་པའི་གསུང་རྒྱུན་འདུག འདིར་ང་ཚོས་ཞུ་བ་ནི་སྔ་མ་དེ་ཡིན་དགོས། ཡང་དེང་སང་ཁག་གཅིག་གིས་འབར་ཁམས་རྫོང་། སྔར་རྫོང་འགག་རྒྱལ་པོའི་ཁོངས་ཀྱོམ་ཀྱོ་ཡུལ་དུ་འཁྲུངས་བ་ངོས་འཛིན་འདུག གོང་གསལ་འགོ་མ་གསུམ་ལ་རྒྱུ་མཚན་ངེས་ཅན་ལྡན་ཡོད་པ་བཤད་མ་དགོས། རྗེས་མ་འདི་ཕལ་ཆེར་སྤྱི་ལོ1864ལོར་བརྩམས་པའི་མདོ་སྨད་ཆོས་འབྱུང་ནང་རོང་སྟོན་ཆེན་མོ་རྫོང་འགག་རྒྱལ་པོའི་མངའ་ཁོངས་གྱམ་གྱོ་ཟེར་བའི་སྡེ་ཁྲོད་ལ་འཁྲུངས་ཟེར་བར་གཞི་བཟུང་བ་བསམ། འདི་ལ་ཧ་ཅང་བརྟག་རྒྱུ་ཡོད་དེ། རྣམ་ཐར་དུ་འཁྲུངས་ཡུལ་སྐོར་ལ་ལོ་ཆེན་བེེ་རོ་ཙ་ན་དུས་ཡུན་རིང་པོར་བཞུགས་ཤིང་། ཤར་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་ཡུལ་ལྗོངས་དགེ་མཚན་ལྡན་པ་ཞིག་གོ་ཞེས་པ་ལྟར་འདིར་ཀྱོམ་ཀྱོ་ནི་སྨར་ཆུ་འགྲམ་དུ་ཡིན་པ་ལས། རྒྱལ་མོ་རྔུལ་ཆུའི་འགྲམ་དུ་མ་ཡིན། རྒྱལ་རོང་གི་དགེ་མཚན་ལྡན་པའི་ས་ནི་རྒྱལ་རོང་གནས་ཆེན་རྒྱལ་མོ་དམུ་རྡོ་རི་ཕྲན་དྲུག་ཅུ་རྩ་བཞིས་མཐའ་སྐོར་བའི་དབུས་སུ་ཡིན། དེར་བེེ་རོ་ཙ་ན་བཞུགས་མྱོང་བའི་ལོ་རྒྱུས་ཀྱང་མང་། སྤྱིར་བཏང་ཚ་ཆུ་དང་སྨར་ཆུ་གཉིས་འདྲེས་རྗེས་ཁྲོ་སྐྱབས་ཀྱི་མངའ་ཁོངས་ནས་རྡོ་ཆུ་དང་གཅིག་ཏུ་འདུས་རྗེས་གཞི་ནས་རྒྱལ་མོ་རྔུལ་ཆུ་ཞེས་འབོད། ལྷག་པར་དུ་རྣམ་ཐར་ནང་མཆོད་ཡོན་གྱི་སློབ་མ་སྡེ་པ་ཆེ་བཞི་ལས་རྒྱལ་རོང་བཙན་ལྷ་རྒྱལ་བུའམ་བཅན་ལྷ་རྒྱལ་པོ་ཞེས་ཀྱང་འཁོད། ད་དུང་ཁོང་གིས་མཛད་པའི་བོན་ཆོས་རྣམ་འབྱེད་ཀྱི་མཛད་བྱང་དུ་རབ་བརྟན་རྒྱལ་པོའི་ཕོ་བྲང་བསམ་འགྲུབ་སེང་གེ་རྫོང་དུ་སྦྱར་བ་ནི་དགེ་ཤིས་ཙའི་མངའ་ཁོངས་བསམ་འགྲུབ་སེང་གེ་རྫོང(རོང་བྲག་རྫོང་དཔྱལ་ཤང་ཁོངས།)དུ་ཡིན་པ་ངོས་འཛིན་ནུས། དེས་ན་སྐབས་བབ་ཀྱི་ནང་དོན་རྣམས་ཚ་ཁོག(ཚ་ཁོ)རྫོང་འགག་ཕྱོགས་སུ་འབྲེལ་བ་ཡོད་པ་གཅིག་ཀྱང་མེད་པས་སོ། །
       གཞན་ཡང་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕལ་མོ་ཆེའི་ནང་ཆབ་སྲིད་འཛིན་པའི་རྒྱལ་པོ་རེའི་སྐུ་རིང་ལ་སྐུ་སྲུང་གི་གཤེན་རེ། འདྲེན་པའི་བོན་རེ། བཀའ་ཡི་ལོ་པཎ་རེ། ཐུགས་དམ་གྱི་བོན་རེ། ཞེས་པ་ལྟར་གནའ་ནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་འཕེལ་རིམ་ཁྲོད་དེའི་སྒྲིག་གཞི་ལས་མ་འདས། ཐ་ལྟག་ཁྱུང་འཕགས་ཁྲ་མོའི་རྒྱུད་པ་བུ་འབོར་གཡུང་དྲུང་སྤུན་བཞིའི་རྒྱལ་རབས་འཕེལ་འགྱུར་ལའང་དེ་བཞིན་ཡིན་སྟེ། མཁར་རྨེའུ་བསམ་གཏན་གྱིས་ཁྲོ་ཆེན་རྒྱལ་པོའི་བཀའ་ཤོག་ལ་དཔྱད་པ་ཞེས་པའི་ནང་གཙོ་མཆོག་ཐུགས་སྤྲུལ་རབ་བརྟན་སྣང་སྲིད་རྒྱལ། ཞེས་པར་དཔྱད་བརྗོད་བྱས་པར། བཙན་ལྷ་དང་རབ་བརྟན། དགེ་ཤིས་ཙ། ཁྲོ་སྐྱབས(ཁྲོ་ཆེན)བཞི་ནི་ཡབ་མེས་འབྱུང་ཁུངས་གཅིག་ཡིན་ལ་བོན་གྱི་ཡི་དམ་ཁྲོ་བོ་ནི་རྒྱལ་ཁག་བཞི་པོས་མཆོད་གནས་དམ་པ་བསྐུར་བ་ངོ་སྤྲོད་བྱས་ཡོད། སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རོང་ལོ་རྒྱུས་ནང་ཞང་ཞུང་གི་རྒྱལ་སྲས་ཐ་སྟག་ཁྱུང་འཕགས་ཁྲ་མོ་དང་མོ་བཟའ་རྒྱལ་མོ་མཐའ་མ་ལྷ་མོ་མདངས་ལྡན་མ་གཉིས་བཤོས་པ་ལས། བུ་འབོར་གཡུང་དྲུང་སྤུན་བཞི་འཁྲུངས། བུ་བཞི་ལ་གསས་མཁར་རེ་བཞེངས་པ་དང་། གསས་མཁར་རྣམས་དབལ་གསས་རྔམ་པ་ཕྱག་བཅོ་བརྒྱད་ཀྱི་ཚུལ་དུ་རྟེན་འབྲེལ་བསྒྲིགས་ཏེ་མཁར་ཐོག་བཅོ་བརྒྱད་ཅན་རེ་བཞེངས། དེ་ཡང་ལྷོ་དགེ་ཤིས་ཙ་ལ། གསས་མཁར་ལ་གེ་ཁོད་རྩེན་པ། ཤར་འོག་བཞི་ཙ་ལ། གཙོ་མཆོག་རྩེན་པ། བྱང་སོ་ཙ་ལ་ལྷ་རྒོད་རྩེན་པ། ནུམ་ཁྲོ་ཙ་ལ། ཁྲོ་བོ་རྩེན་ཏེ། བུ་བཞི་ལ་ཡབ་ཀྱིས་བོན་མདོ་སྔགས་རྫོགས་གསུམ་རྗེས་གནང་བྱས་ཏེ་རྒྱལ་རྒྱུད་གྲོལ་བ་འཁོད་ཡོད། བརྗོད་དོན་འདི་ལས་བུ་འབོར་གཡུང་དྲུང་ཙ་བཞི་སོ་སོར་ཐུགས་དམ་གྱི་ལྷ་གསས་མཁར་མཆོག་ལྔའི་ཡ་གྱལ་རེ་བཀའ་གཏད་རྗེས་གནང་བྱས། ལྷ་ཆེན་གེ་ཁོད་ནི་དགེ་ཤིས་ཙའི་རྒྱལ་པོའི་ཐུགས་དམ་ཡིན་པ་མངོན། རོང་སྟོན་རྣམ་ཐར་དུ་ཁོང་གི་ཡབ་ནི་བོན་ཐེག་པ་རིམ་དགུ་ལ་མཁས་ཤིང་རྫུ་འཕྲུལ་སྟོན་ནུས་པ་གེ་ཁོད་རྒྱལ་པོ་ནི་དགེ་ཤིས་ཙ་རྒྱལ་པོ་དང་འབྲེལ་བ་ཆེ་བར་སྣང་། དེས་ན་ཁོང་གི་ཡབ་ནི་དགེ་ཤིས་ཙ་རྒྱལ་པོའི་བླ་ཡི་མཆོད་གནས་སུ་བསྐུར་བའི་གཤེན་པོ་ཐུགས་དམ་དབལ་ཆེན་གེ་ཁོད་ལ་བྱེད་མཁན་ཞིག་ཡིན་པའི་ཚོད་དཔག་ནུས། ཡང་པ་བོ་རྒྱལ་པོ་དང་། བྲག་སྟེང་རྒྱལ་པོ་གཉིས་ནི་ཐོག་མར་དགེ་ཤིས་ཙའི་རྒྱལ་རྒྱུད་ལས་ཆད་པའི་དམ་པ་ཁྱུང་གི་རྒྱུད་པ་ཡིན་ཞེས་ལོ་རྒྱུས་སྟེང་གྲགས། གོང་དུ་བརྗོད་ཟིན་པའི་བྲག་བར་དཔལ་ལྡན་གྱི་བཞེད་པ་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་བཞེད་པ་གཉིས་ཀ་ལ་མཐུན་ཤས་ཆེ་བར་གྱུར། ད་དུང་དགེ་སློང་ནམ་མཁའ་དཔལ་བཟང(ལྡན)གིས་མཛད་པའི་རྣམ་ཐར་ལས་འཕན་པོ་ནཱ་ལེནྡྲ་ཐོག་མར1435ལོར་ཆགས་བཏབ་སྐབས་སུ། རྒྱལ་རོང་པ་པར་སྒོལ་བའི་སྤྱི་ཁང་གི་ཐད་འདིར་ཁང་ཆུང་གཅིག རོང་པ་ཚ་འཕྲང(ལྕོག་ཙེ་དང་རྗོང་འགག་ཕྱོགས)པའི་སྤྱི་ཁང་གི་ཐད་འདིར་ཁང་ཆུང་གཅིག་དང་གསུམ་གྱི་ཐོག་ཕུབ་ཅེས་གསལ་བས་ཕྱིས་སུ་ནཱ་ལེནྡྲའི་ལོ་རྒྱུས་སྟེང་རྒྱལ་རོང་ཁམས་ཚན་གྱི་ཕྱི་མོ་ལྟར་སྣང་། སྔ་མ་ནི་རོང་སྟོན་འཁྲུངས་ཡུལ་གྱི་ས་མིང་ཞིག་ལས་བྱུང་བའི་ཁམས་ཚན་གྱི་མིང་ཡིན་པར་འདོད། དེར་བརྟེན་ང་ཚོས་སྤྱིར་དགེ་ཤིས་ཙའི་རྒྱལ་ཁོངས་ནས་པར་སྒོལ་ཞེས་པའི་ས་ཆ་ཞིག་བྱུང་ཡོད་མེད་འཚོལ་རྒྱུ་དེ་ཡིན། རྒྱལ་རོང་ཞིབ་འཇུག་པ་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ལགས་ཀྱིས་པ་སྒོལ་ནི་རྒྱལ་རོང་གི་ཡུལ་སྐད་དབུས་གཙང་གིས་མ་དག་རྒྱུན་འབྱམས་སོང་བ་ཡིན་ཏེ་དོན་དུ་བརྡ་སྤྲོད་ལྟར་ན་པ་བོ་དགོན་པའམ་པ་ཝམ་དགོན་པ་ཞེས་པའི་སྒྲ་ཟུར་ཆགས་པ་ཡིན་ལ། གནའ་བོའི་པ་བོ་དགོན་པ་ནི་རོང་བྲག་རྫོང་པ་བོ་ཤང་ཙ་ཁུ་སྡེ་བ་དགོན་པ་གྲོང་དུ་ཡོད་པར་གསུངས། གྲོང་དེ་རྒྱལ་རོང་རྒྱལ་མོ་དམུ་རྡོའི་ལྷོ་ནུབ། ཆུ་བོ་རྒྱལ་མོ་རྔུལ་ཆུའི་གཡོན་ཟུར། དམུ་རྡོ་རི་བོའི་ངོགས་སུ་གནས་ཡོད། གནའ་དུས་སུ་དེར་པ་བོ་དགོན་པ་ཆགས་ཤིང་སྐབས་དེར་བོན་དགོན་གལ་ཆེན་ཞིག་ཡིན། མདོ་སྨད་ཆོས་འབྱུང་དང་པ་བོ་རྒྱལ་པོའི་འཕེལ་འགྱུར་ལོ་རྒྱུས། དཀར་མཛེས་རོང་བྲག་རྫོང་གི་དགོན་ཐོ་སོགས་ལ་དཔྱད་ཚེ། དུས་རབས་ཉི་ཤུ་ཟིན་ཙམ་གྱི་སྔ་ཕྱིར(1900±36)དགེ་ལུགས་བསྟན་འཕེལ་གླིང་གི་མཁན་རབས་དང་པ་བོ་རྒྱལ་པོའི་བདག་རྐྱེན་ལ་བརྟེན་ནས་དགོན་དེ་དེང་སང་རྒྱལ་མོ་རྔུལ་ཆུའི་གཡས་ཟུར་གྱི་ར་སྐོར་གྲོང་དུ་སྤོས་ཏེ་ཐེག་ཆེན་གསང་སྔགས་གླིང་ཞེས་དགེ་ལུགས་ཀྱི་དགོན་པར་བསྒྱུར། མདོར་ན་མིག་སྔར་གྱི་དཔྱད་གཞི་ཡོད་ཚད་ཕྲེང་ལྟར་རྒྱུས་ཚེ་རོང་སྟོན་ཆེན་མོའི་འཁྲུངས་གནས་ལ་ཅུང་ཁ་གསལ་ཞིང་གཞི་མཐུན་པ་ཞིག་བྱུང་བ་ནི་རོང་བྲག་རྫོང་པ་བོ་ཤང་གི་ཙ་ཁུ་སྡེ་བའི་དགོན་པ་གྲོང་དུ་ཡིན། ཙ་ཁུ་སྡེ་བར་དེང་སང་དགོན་ཤུལ་ཡིན་པའང་མཐོང་རྒྱུ་ཡོད། རོང་སྟོན་ཉིད་སྐུ་འཁྲུངས་བ་དང་ཐོག་མར་སློབ་གཉེར་བྱེད་སའང་དགོན་དེར་ཡིན་པ་སྨོས་མེད་དོ། །
       ཁོ་བོ་སྤྱི་ལོ2024ལོའི་ཟླ12ནང་ཆེད་དུ་ཡང་བསྐྱར་རྒྱལ་རོང་འབར་ཁམས་རྫོང་གི་ཀྱམ་ཀྱོའི་ཡུལ་དུ་ཕྱིན་ནས་རྟོག་ཞིབ་བྱས་པར་ཡུལ་དེའི་ས་དགོན་སྦས་གཏེར་དགོན་དང་སྐྱོགས་འབོ་དགོན་པའི་དགེ་སློང་ཚོས་རོང་སྟོན་གྱི་འཁྲུངས་ཡུལ་ནི་སྔར་རྒྱལ་རོང་དགེ་ཤིས་ཙའི་མངའ་ཁོངས་ལ་ཡིན་པ་ངོས་འཛིན་མཐའ་གཅིག་བྱེད་ཀྱིན་འདུག་ལ་ཀར་དགོན་གཟིགས་སྤྲོ་དགོན་དང་རྙིང་དགོན་དགོན་གསར་དགོན་ནས་ཀྱང་ཡུལ་དེའི་ཡིག་ངག་གཉིས་ནང་རོང་སྟོན་འཁྲུངས་ཚུལ་གོ་ཐོས་མེད་པ་བཤད་ཀྱིན་འདུག་གོ །
       རྣམ་ཐར་དུ་མཆེད་གསུམ་པོ་ལས་བླ་མར་འོས་པ་ནི་ཁོང་ཡིན་ཞིང་ཡབ་ཀྱི་ཆོས་ལུགས་ལ་མཁས་པར་སྦྱང་ནས་དྲང་སྲོང་གི་བརྟུལ་ཞུགས་ཡང་དག་པ་ལེན་དུ་བཅུག་སྟེ་མཚན་ཡང་ཤེས་རབ་འོད་ཟེར་བྱ་བར་བཏགས། བླ་མ་ཆེན་པོའི་རྒྱུད་པ་ཡིན་པས་ཡུལ་མིས་བླ་མར་ཁུར་ལ་ལུགས་དེ་ལ་བརྟེན་པའི་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཡང་མང་དུ་མཛད་ཞེས་བྱུང་བས་རོང་སྟོན་ཉིད་དགུང་ལོ18ཡར་སྔོན(1384ལོ)དུ་གཡུང་དྲུང་བོན་ཁོ་ན་ལ་ཞུགས་ཤིང་ཕལ་ཆེར་པ་ཝམ་དགོན་སོགས་ནས་བོན་ལ་ཐོས་བསམ་མཐར་ཕྱིན་པ་བྱས་ཡོད་དེ། ཐོག་མར་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་མོ་རྩིས་གཏོ་དཔྱད་སོགས་རྒྱུ་ཡི་བོན་བཞིའི་དབང་ལུང་ཁྲིད་གསུམ་ལ་མཁས་པར་སྦྱངས། དེ་ནས་རིམ་བཞིན་གསང་སྔགས་སོགས་འབྲས་བུའི་བོན་ལ་དེ་བཞིན་བྱང་ཆུབ་པ་བྱས། སྔ་ཕྱིར་བོན་ཐེག་པ་རིམ་དགུ་ལ་མཁས་པར་སྦྱངས་ནས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་ནུས་པ་བྱུང་། ཁོང་གི་ཐོག་མར་བྱིས་པའི་དུས་སུ་མཚན་སྨོས་གང་ཡིན་ཁ་གསལ་མེད་ནའང་ནར་སོན་སྐབས་དགེ་བསྙེན་དང་དགེ་ཚུལ། དགེ་སློང་གི་སྡོམ་པ་རིམ་པར་བཞེས་པས་མཚན་ལ་ཤེས་རབ་འོད་ཟེར་ཞེས་ཐོགས་པ་དཔོག སྐབས་དེར་ཁོང་གི་རབ་བྱུང་སྡོམ་པ་ཞུ་སའི་བོན་གྱི་བླ་མ་གཙོ་བོ་གང་ཡིན་ཁ་གསལ་མེད། རྣམ་ཐར་དུ་དྲང་སྲོང་གི་བརྟུལ་ཞུགས་འཛིན་ཞེས་འཁོད་པ་ནི་བོན་ལས་རབ་ཏུ་བྱུང་ཟིན་པ་མངོན། སྐབས་དེར་ཁོང་གིས་འཆད་རྩོད་རྩོམ་གསུམ་བྱས་པའི་བརྩམས་ཆོས་མིག་སྔར་མཐོང་ཆོས་མ་བྱུང་བ་ནི་ཧ་ཅང་ཕངས། དཔལ་ལྡན་ཚུལ་ཁྲིམས(1902-1972)ཀྱིས་མཛད་པའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ནང(འོག་ཏུ་བསྟན་འབྱུང་ཞེས་འབྲི་རྒྱུ་ཡིན)བཟང་རི(ཟངས་རི)རྨེའུ་ཚང་དགོན་པའི་མཁན་རྒྱུད་བརྗོད་སྐབས་རོང་སྟོན་ཆེན་མོ་ནི་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན(1336-?)གྱི་མཁན་བུ་ཡིན་པར་འདུལ་རྒྱུད་གཤེན་དར་སྡིང་གི་རྒྱུད་པ་ཡིན་ཚུལ་འཁོད། ཁོང་གིས་འདུལ་སྡོམ་ཞུ་སྐབས་ཀྱི་ཡུལ་དུས་གང་ཡིན་པ་སོགས་དཔྱད་གཞི་ཆེན་པོ་གྱུར། རྗེས་སུ་ས་སྐྱ་ལས་ཐད་ཀར་བསྙེན་རྫོགས་ཞུས་སྐོར་ལས་མེད། འདིར་བཟང་རི་རྨེའུ་ཚང་གི་སྨྲ་སེང་བཅུ་གསུམ་ཡ་གྱལ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་འཁྲུངས་གནས་ཡང་རྒྱལ་རོང་བྲག་སྟེང་གི་ཕྱོགས་སུ་ངོས་འཛིན་བྱུང་བས་སྤྱིར་ཁོང་རྣམས་གཉིས་ཕ་ཡུལ་གཅིག་པ་དང་བླ་སློབ་ཀྱང་ཡིན། གོང་དུ་ཞུས་ཟིན་པ་ལྟར་ཕྱིས་པ་བོ་རྒྱལ་པོ་དང་བྲག་སྟེང་རྒྱལ་པོ་ནི་ལྷོ་དགེ་ཤིས་ཙའི་རྒྱལ་རྒྱུད་ལས་ཆད་པའི་ཡན་ལག་ལྟ་བུ་གཉིས་སུ་ངེས། །
       དགུང་ལོ18བཞེས་ཚེ་ཡུལ་དབུས་སུ་ཕེབས་ནས་ཆོས་ཕྱོགས་གཙོ་བོ་གསང་ཕུ་ནེའུ་ཐོག་སོགས་དབུས་གཙང་གི་རིས་མེད་དགོན་སྡེ་ཕལ་མོ་ཆེར་ཐོས་བསམ་དང་འཆད་ཉན་བྱས་པ་རྣམ་ཐར་དུ་ཁ་གསལ་ཡོད། བོན་ཕྱོགས་ལ་ཐོས་བསམ་དང་འཆད་ཉན་གང་འདྲ་བྱས་མིན་གསལ་ཁ་བྱུང་མེད། གཡུང་དྲུང་བོན་གྱི་བསྟན་འབྱུང་སོགས་ལ་གཞིག་ན་ཁོང་གི་བསྟེན་སའི་བླ་མ་གཙོ་བོ་ཡང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་བཞུགས་གནས་གཙོ་བོ་ནི་སྙེ་མོ་བཟང་རི་རྨེའུ་ཚང་དགོན་དུ་ཡིན། ཁོང་གིས་གནས་འདིར་བོན་གཞུང་ཚད་མའི་སྐོར་མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ཀྱི་འགྲེལ་ཞེས་པ་ཞིག་བརྩམས་འདུག་སྟེ། མཛད་བྱང་དུ་སྒ་རིགས་ཀྱི་སྟོན་པ་ཤེས་རབ་འོད་ཟེར་གྱིས་མཁས་མང་དུ་མའི་འདུ་གནས་བཟང་པོའི་རི་ལ་སྦྱར་བ་དགེའོ། ཞེས་གསལ་བས་གཞུང་འདི་སྙེ་མོ་དཔལ་ལྡན་བཟང་རི་དགོན་ལ་མཛད་ཅིང་གནས་དེར་ཐོས་བསམ་དང་འཆད་ཉན་བྱས་པ་མངོན། གཞན་ཡང་བསྟན་འབྱུང་དུ་གསལ་བའི་ཁོང་དང་བླ་སློབ་ཀྱི་འབྲེལ་བ་བྱུང་རིགས་སོགས་ལ་བརྟག་ཚེ། གཤེན་དར་སྡིངས་ཁྲི་བརྟན་ནོར་རྩེ་དགོན་དང་ཞུ་དབང་ལྡན་ལྷུན་གྲུབ་སྒང་དགོན། བྲུ་གཡས་རུ་དབེན་ས་ཁ་བཅས་གཤེན་དང་བྲུ་ཞུ་སྤ་རྨེའུ་ཡི་བོན་གྱི་གྲྭ་ས་ཡ་བཞིར་གྲགས་པ་རྣམས་དང་། སྟོད་ལུང་ཞུ་ཡོག་ཐང་མཐོང་སྨོན་གཡུང་དྲུང་གླིང་། (དེང་སྟོད་ལུང་འབྲི་ལུང་བོན་དགོན་ཤུལ)སྙེ་མོ་འཕགས་བུའི་སྒྲུབ་སྡེ་སོགས་དབུས་གཙང་གི་བོན་དགོན་ཁག་ཏུ་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་དང་ཐེག་པ་རིམ་དགུ་ལ་ཐོས་བསམ་དང་འཆད་ཉན་དཀྱིལ་ཕྱིན་པ་མཛད་ཚུལ་དངོས་ཤུགས་རྒྱུད་གསུམ་ནས་ཤེས། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་ཡང་བོན་གྱི་གྲྭ་ས་ཡ་བཞི་སོགས་ལ་ཐོས་བསམ་དང་འཆད་ཉན་བྱས་ཤིང་དེ་ནི་བོན་ཕྱོགས་ནས་སྤྱི་འགྲོས་ཀྱི་འགྲོ་ལུགས་ལྟར་ངེས། བསྟན་འབྱུང་དུ་གསལ་བར། རོང་སྟོན་གྱིས་བསྟེན་པའི་བླ་མའི་ཁྲོད་རྨེའུ་ཚང་གི་བླ་མ་སུམ་པ་ལྷའི་བློ་གྲོས་དང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། རྨེའུ་སྟོན་རྒྱལ་མཚན་མཆོག་ལེགས་སོགས་ཡོད། དེ་བཞིན་ཞུ་ཚང་གི་བླ་མ་ཞུ་འགྲོ་མགོན་ལྷུན་གྲུབ་འོད་ཟེར་ནི་ཁོང་གིས་བསྟེན་པའི་བླ་མ་ཞིག་སྟེ། རྗེས་སུ་སྟོད་ལུང་ཞུ་ཡོག་ཐང་མཐོང་སྨོན་གྱི་འདུས་སྡེར་མཁན་པོར་ཕེབས། རྔ་བ་སྣང་ཞིག་དགོན་པའི་དགེ་བཤེས་སྐལ་བཟང་གཡུང་དྲུང་ལགས་ཀྱིས་བརྩམས་པའི་རོང་སྟོན་རྣམ་ཐར་དུ་ཞུ་འགྲོ་མགོན་ལྷན་གྲུབ་འོད་ཟེར་ནས་རོང་སྟོན་གྱིས་སངས་རྒྱས་ཀྱི་མཛད་ཆེན་བཅུ་གཉིས་ལ་བསྟོད་པ་ཞེས་པའི་རྒྱུད་ལུང་ཞུས་ཤིང་རྗེས་སུ་ནཱ་ལེནྡྲར་མཛད་པའི་སྟོན་པ་སངས་རྒྱས་ལ་བསྟོད་པ་མུ་ཏིག་ཕྲེང་བ་ཞེས་པ་དབང་ལྡན་ཞུ་ཚང་གི་འདོན་ཚོགས་ནང་བཞུགས་པ་འཁོད། འདིའི་མཛད་བྱང་དུ་དཔལ་ན་ལེན་ཀྲའི་ཆོས་སྒྲ(ནཱ་ལེནྡྲའི་ཆོས་གྲྭ)ཆེན་པོར་རང(རོང)སྟོན་ཤེས་བྱ་ཀུན་རིག་གིས་སྦྱར་བ་གསལ། ཡང་རོང་སྟོན་རྣམ་ཐར་དེའི་ནང་ཞུ་རྒྱལ་སྲས་ཡེ་ཤེས་བློ་གྲོས་ཡང་རོང་སྟོན་ཆེན་པོ་ནས་བོན་གྱི་ཕྱི་ནང་གསང་གསུམ་གྱི་གདམས་པ་མང་དུ་ཞུས། རོང་སྟོན་ནས་བདེར་གཤེགས་སྤྱི་བསྟོད་དངོས་རྣམས་མ་ལུས་ཞེས་པ་བརྩམས་རྗེས་ཞུ་རྒྱལ་སྲས་ཡེ་ཤེས་བློ་གྲོས་ལ་གནང་བར་དེང་སང་བོན་གྱི་འདུས་སྡེ་མང་ཆེ་བས་འདོན་ཚོགས་སྐབས་དབྱངས་ལ་གྱེར་བ་མ་ཟད། སྔར་ནཱ་ལེནྡྲ་དགོན་པ་ནས་འདོན་སྲོལ་ཡང་ཡོད་པ་གསུངས། མུ་ལ་ཧ་རས་མཛད་པའི་མཁས་གྲུབ་རིན་ཆེན་བློ་གྲོས(1344-1407)ཀྱི་རྣམ་ཐར་དུ་དགུང་ལོ་ཉེར་བཞི(དགུང་ལོ་ཞེ་བཞི་དཔྱད)དུས་རྣམ་རྒྱལ་ཀ་རའི་གསུང་གིས་བསྐུལ་ནས་དབུས་སུ་བྱོན་ཏེ་ནཱ་ལེནྡྲ་རུ་རོང་སྟོན་ཤེས་བྱ་ཀུན་མཁྱེན་དྲུང་ནས་ཕར་ཕྱིན། མངོན་པ། དབུ་ཚད་ཐ་སྙད་མང་དུ་གསན་ནས་གཞན་སྡེའི་གཞུང་ལུགས་མང་དུ་མཁྱེན་པར་མཛད་ཅེས་འཁོད། མཁས་གྲུབ་རིན་ཆེན་བློ་གྲོས་ནི་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ཐ་མ་དེ་ཡིན། མཉམ་མེད་ཤེས་རབ་རྒྱལ་མཚན(1356-1415)གྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཚང་མར་འཁོད་དོན་ཡང་དབུས་ནཱ་ལེནྡྲར་བྱོན་ནས་རོང་སྟོན་ཤེས་བྱ་ཀུན་མཁྱེན་དྲུང་དུ། ཕར་ཕྱིན། མངོན་པ། དབུ་ཚད་སོགས་གཞན་སྡེའི་གཞུང་ལུགས་རབ་འབྱམས་མཁྱེན་པར་མཛད་ཅེས་སོ། ཁོང་རྣམས་གཉིས་ནས་རོང་སྟོན་ཆེན་མོ་མཇལ་དུས་ཀྱང(1390±5)ཡས་མས་ཞིག་ལ་ཡིན་པར་དཔྱད། ཡང་ཉག་རོང་ཡེ་ཤེས་དགོན་གྱི་མཁན་ཆེན་ཉག་སྒོམ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་དུ་ཁོང་དང་རོང་སྟོན་བར་བླ་སློབ་ཀྱི་འབྲེལ་བ་ཡོད་པ་འཁོད། ད་དུང་བོན་ཕྱོགས་ནས་རོང་སྟོན་ཆེན་པོར་བླ་སློབ་ཀྱི་འབྲེལ་བ་ཡོད་པ་མང་བ་བསམ་ཡང་མིག་སྔར་དེ་ཙམ་ལས་ཞུ་མ་ཐུབ་བོ། །
       འདིར་ཅུང་ཙམ་དཔྱད་དགོས་པ་ལ་མཁས་གྲུབ་རིན་ཆེན་བློ་གྲོས་དང་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་སྟེང་འཁོད་པའི་ནཱ་ལེནྡྲ་དགོན་པ་དེ་ཡིན། ལོ་རྒྱུས་ལ་བལྟས་ཚེ་རོང་སྟོན་ཆེན་མོས་འཕན་པོ་ནཱ་ལེནྡྲ་ཕྱག་འདེབ་སྐབས་མཁས་གྲུབ་རིན་ཆེན་བློ་གྲོས་དང་མཉམ་མེད་ཤེས་རབ་རྒྱལ་མཚན་སྐུ་འདས་ཚར་ཡོད། སྐབས་དེའི་ནཱ་ལེནྡྲ་དགོན་པ་ནི་གསང་ཕུ་ནེའུ་ཐོག་ཡིན་སྟེ། འཕན་པོ་ནཱ་ལེནྡྲ་མ་བཏབ་སྔོན་རོང་སྟོན་བཞུགས་ཡུལ་གཙོ་བོ་གསང་ཕུ་ནེའུ་ཐོག་དགོན་ཡིན། ཁོང་གི་བཀའ་འབུམ་དེབ་ག་པའི་ནང་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཛད་བྱང་དུ་མཁས་གྲུབ་མཐའ་ཡས་པའི་འབྱུང་གནས་སུ་གྱུར་པ་ནཱ་ལེནྡྲའི་གཙུག་ལག་ཁང་སྡེ་ཆེན་པོ་དང་ཚུལ་མཚུངས་པ་དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་སྡེ་ཆེན་པོར་སྦྱར་ཞེས་དཔེ་དོན་གྱི་སྒོ་ནས་དབུས་ཀྱི་གསང་ཕུ་ནེའུ་ཐོག་དགོན་ནི་ལོ་རྒྱུས་སྟེང་རྒྱ་གར་ནཱ་ལེནྡྲ་དགོན་པ་དང་གཉིས་སུ་མེད་པའི་དཔེ་མཚོན་བཀོད་ཡོད། དེ་བཞིན་རོང་སྟོན་ཆེན་མོས་འཕན་པོ་ནཱ་ལེནྡྲ་ཕྱག་བཏབ་ནས་ཆོས་འཆད་ཉན་གྱི་སྒྲིག་གཞི་རྣམ་པའང་གསང་ཕུ་ནེའུ་ཐོག་ན་ཇི་ལྟར་ཡོད་པ་བཞིན་ཕྱག་ལེན་དུ་བཞེས་པ་བཅས་ནི་ཁོང་གི་ངོས་ནས་ནཱ་ལེནྡྲ་ནི་ཆོས་ལ་ཐོས་བསམ་དང་འཆད་ཉན་བྱེད་པའི་ཕུགས་བསམ་དང་དམ་བཅའ་ལ་སོགས་དཔེ་དོན་མཚོན་བྱེད་ཅིག་ཡིན་པ་ཤུགས་ཀྱིས་རྟོགས། སྔར་ནས་ཁོང་གིས་འཆད་རྩོད་བྱེད་སྐབས་དམ་བཅའི་གཡུ་རལ་དེ་མཐོན་པོར་གཟིངས་བ་ཡང་ཐེ་ཚོམ་མི་དགོས་པ་ཡིན། ། 
       མིག་སྔར་ཡོད་པའི་རོང་སྟོན་ཆེན་མོས་མཛད་པའི་གཡུང་དྲུང་བོན་གྱི་སྐོར་དཔེ་ཆོས་ཁག་གཅིག་ངོ་སྤྲོད་ཞུ་བ་ལ། དང་པོ་རོང་སྟོན་བཀའ་འབུམ་ཟི་ཁྲོན་པར་མ་དེབ་ཀ་པའི་བསྟོད་ཚོགས་ནང་རྨེའུ་སྨྲ་སེང་བཅུ་གསུམ་ཡ་གྱལ་མཁས་པ་དཔལ་ཆེ་ལ་བསྟོད་པ་དང་དམ་པ་རི་ཁྲོད་པ་ལ་བསྟོད་པ། བླ་མ་དམ་པ་སྨན་གོང་འདུལ་བ་ལ་བསྟོད་པ། བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལ་བསྟོད་པ་བཅས་བཞུགས་ཡོད། འདི་ཚོ་ཚང་མ་འཕན་པོ་ནཱ་ལེནྡྲ་རུ་མཛད་པ་གསལ། ད་དུང་དེབ་ཀ་པའི་འགྲེལ་ཆུང་ནང་ཚད་མ་སྨྲ་བའི་དོན་འགྲེལ་ཞེས་པའང་བོན་གྱི་རིག་གཞུང་རྣམ་བཞག་དང་ཆེས་འདྲ་ས་མང་ཞིང་རབ་བྱུང་གི་ལོ་སྟེ་མེ་ཡོས1447ལོར་འཕན་པོ་ནཱ་ལེནྡྲ་རུ་མཛད་པ་གསལ། དེ་མིན་བོན་ཆོས་རྣམ་བཞག་འདྲེས་མའི་གཞུང་གཞན་ཡང་ཡོད་པ་དོགས། གཞན་ཡང་གཡུང་དྲུང་བོན་གྱི་བརྟེན་འགྱུར་སོག་སྡེ་པར་མའི་ཁྲོད་བཞུགས་པའི་རོང་སྟོན་ཆེན་མོའི་གསུང་ཁག་གཅིག་ནི། བྱམས་མ་འབུམ་ལྔའི་འགྲེལ་པ། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིགས་ཀྱིས(རིག་གིས)མཛད་པ་ཞེས་འཁོད། གོང་དུ་ཞུས་ཟིན་པའི་མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད་ཀྱི་འགྲེལ། མཛད་བྱང་དུ་སྒ་རིགས་ཀྱི་སྟོན་པ་ཤེས་རབ་འོད་ཟེར་གྱིས་མཁས་མང་དུ་མའི་འདུས་གནས་བཟང་པོ་རི་ལ་སྦྱར་ཞེས་འཁོད། གཞན་མིན་ཁ་ཐོར་དུ་ཡོད་པ་ཁག་གཅིག་ནི། ཐེག་པ་རིམ་པ་མངོན་དུ་བཤད་པ་མདོ་རྒྱུད་ཀྱི་འགྲེལ་ཆུང་ཞེས་པ་ནི་འཇོ་མདའ་རྫོང་ཞལ་བཞེས་དགོན་དུ་བཞུགས་ཡོད། མཛད་བྱང་དུ་ཕྱོགས་མེད་ཀྱི་བསྟན་པ་ལ་ཐོས་བསམ་གྱི་སྣང་བ་ཅུང་ཟད་རྒྱས་པ་རོང་སྟོན་ཤེས་བྱ་ཀུན་རིག་གིས་ཆོས་གྲྭ་ཆེན་པོ་ནཱ་ལེན་ཏྲ(ནཱ་ལེནྡྲ)རུ་སྦྱར་ཞེས་གསལ། སྟོན་པ་སངས་རྒྱས་ལ་བསྟོད་པ་མུ་ཏིག་ཕྲེང་བ་ནི་དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས་ཀན་སུའུ་པར་མ་དེབ་བཅུ་གསུམ་པའི་གདན་ས་རི་ཞིང་གི་འདོན་ཚོགས་ནང་འཁོད་ཡོད། མཛད་བྱང་དུ་དཔལ་ན་ལེན་ཀྲའི་ཆོས་སྒྲ(ནཱ་ལེནྡྲ)ཆེན་པོར་རང(རོང)སྟོན་པ་ཤེས་བྱ་ཀུན་རིག་གིས་སྦྱར་ཞེས་གསལ། གོང་དུ་གསལ་བཤད་ཞུས་ཟིན་པའི་བདེར་གཤེགས་སྤྱི་བསྟོད་དངོས་རྣམས་མ་ལུས་ནི་རྔ་བ་སྣང་ཞིག་དགོན་པའི་ཚོགས་འདོན་ནང་བཞུགས། མཛད་བྱང་དུ་དཔལ་ལྡན་ན་ལེན་ཊ(ནཱ་ལེནྡྲ)རུ་སྦྱར་ཞེས་གསལ། ཕྱོགས་མཚུངས་ཇ་མཆོད་ཤིས་ཚིག་ཤོ་ལོ་ཀ་གཉིས་ཅན་འདུག་པ་ཆུ་ཆེན་རབ་རྟེན(བརྟན)རྒྱལ་པོས་ཞུས་ཏེ་རོང་སྟོན་ཤེས་བྱ་ཀུན་རིགས་ཀྱིས(རིག་གིས)སྦྱར་བ་གསལ་ལོ། བྱམས་མ་རིགས་ལྔའི་བསྟོད་པ་མདོ་སྨད་བབ་བཟོ་མདའ་ཆེན་དགོན་དུ་བཞུགས་ཤིང་མཛད་བྱང་དུ་དཔལ་སྟེང(ལྡན)ན་ལན་དྲའི(ནཱ་ལེནྡྲའི)ཆོས་གྲྭ་ཆེན་མོར་དཔལ་རོང་སྟོན་ཤེས་བྱ་ཀུན་རིགས་ཀྱིས(རིག་གིས)སྦྱར་བ་གསལ། བོན་གྱི་སྡོམ་བཞི་ལེགས་པར་བཤད་པ་ཞེས་པ་དང་དུན་རྩེ་རྡུང་བའི་ཐོ་ཆེན་ཞེས་པ་གཉིས་ནི་རྔ་བ་སྣང་ཞིག་དགོན་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་ཀྱིས་ཉར་ཚགས་མཛད་ཡོད། སྔོན་མའི་མཛད་བྱང་དུ་རོང་སྟོན་ཤེས་བྱ་ཀུན་རིག་གིས་དཔལ་ན་ལེན་གྲར(ནཱ་ལེནྡྲར)སྦྱར་བ་གསལ། རྗེས་མ་དེའི་མཛད་བྱང་གསལ་པོ་མེད་ཀྱང་གཞུང་དོན་ཁྲོད་ཁོ་བོ་རོང་སྟོན་ཆོས་རྗེ་ངས། རྩང(གཙང)ན་འདི་ལས་ལེགས་མོད་ཡོད། ཞེས་འཁོད་ལ་ཡིག་གཟུགས་ཆེས་རྙིང་ལ་ཀློག་མི་བདེ་བ་ཞིག་མཐོང་། ནང་དོན་ནི་བོད་བཙན་པོའི་རྒྱལ་རབས་དང་བོན་ཆོས་དར་ནུབ། ཆོས་འབྱུང་ལོ་རྒྱུས་འགའ་རེ་བྲིས་ཡོད། བོན་ཆོས་རྣམ་འབྱེད་ནི་ཉག་རོང་ཡེ་ཤེས་དགོན་དུ་ཉར་བའི་བླ་མ་ཨ་གཡུང་ཚང་གི་ཕྱག་དཔེ་ཡིན། བླ་མ་ཨ་གཡུང་གི་ཁྱིམ་གཞིའི་བླ་བྲང་གི་དཔེ་ཆ་གྲལ་དུ་བཞུགས་ཡོད། གཞུང་འདིའི་མཛད་བྱང་དུ། གསལ་བའི་མེ་ལོང་འདི་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱིས་གངས་ཅན་ཤར་ཕྱོགས་རྒྱལ་རོང་རབ་བརྟེན(བརྟན)རྒྱལ་པོའི་ཕོ་བྲང་བསམ་འགྲུབ་སེང་གེ་རྫོང་དུ་སྦྱར་བ་འཁོད། ཉག་རོང་ཡེ་ཤེས་དགོན་ནི་རོང་སྟོན་ཆེན་མོའི་དངོས་སློབ་བོན་གྱི་མཁན་ཆེན་ཉག་སྒོམ་བསོད་ནམས་རྒྱལ་མཚན་གྱི་དགོན་པ་ཡིན། །
       རྣམ་ཐར་དུ་རོང་སྟོན་དང་བཙན་ལྷ་རྒྱལ་བུའམ་རྒྱལ་པོ་སོགས་མཆོད་ཡོན་འབྲེལ་ཚུལ་ལས་རབ་བརྟན་རྒྱལ་པོ་དང་འབྲེལ་བ་བྱུང་ཚུལ་འཁོད་མེད། གོང་དུ་གསལ་བའི་བོན་ཆོས་རྣམ་འབྱེད་སོགས་ནང་གཞུང་འདི་བརྩམས་ཡུལ་རབ་བརྟན་རྒྱལ་པོའི་ཕོ་བྲང་ཡིན་པ་གསལ། དེས་ན་རོང་སྟོན་ཆེན་པོ་ཉིད་དགུང་ལོ43-50(1409-1416)བར་མཚམས་སུ་ཐེངས་གཅིག་ཕ་ཡུལ་དུ་ཕེབས་པའི་དོགས་གཞི་ཆེ་རུང་མིག་སྔར་ཧ་ཅང་ཁ་གསལ་བ་གཏན་འཁེལ་བ་ཞིག་ནི་བོན་ཆོས་གཉིས་ཀྱི་ལོ་རྒྱུས་ལས་ཞུ་ཐབས་བྲལ། འོ་ན་དེ་གཉིས་ནང་དོན་འགལ་ལམ་ཞེ་ན་མ་ཡིན་ཏེ། རིག་འཛིན་ཀུན་གྲོལ་གྲགས་པས(1700-1766)མཛད་པའི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་དཀར་ཆག་སྲིད་པའི་སྒྲོན་མེ་དང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ཁྲོ་ཆེན་རྒྱལ་པོའི་བཀའ་ཤོག་ལ་དཔྱད་པ། བྲག་བར་དཔལ་ལྡན་གྱི་རྒྱལ་རོང་ལོ་རྒྱུས་རབ་གསལ་མེ་ལོང་སོགས། ཁྱོན་ཡོངས་ལ་དཔྱད་ཚེ་བཙན་ལྷ་རབ་བརྟན་རྒྱལ་པོའི་མངའ་ཁོངས་སུ་དེང་གི་རབ་བརྟན་དང་བཙན་ལྷ། དགེ་ཤིས་ཙ་བཅས་ཐོག་མར་རྒྱལ་རྒྱུད་གཅིག་གི་མངའ་ཁོངས་གཅིག་ཡིན་པ་ལ་སྔ་རྗེས་དགེ་ཤིས་ཙ་རྒྱལ་རྒྱུད་ལོག་ཏུ་གྱེས། སྤྱི་ལོ1723ལོར་མན་ཆིང་གཡུང་ཊིང་ཁྲི་ལོ་དང་པོར་རབ་བརྟན་སློབ་དཔོན(རྡོ་རྗེ་རྒྱལ་ཡིན་ནམ་དཔྱད)དང་བཙན་ལྷ་དཔོན་ཚེ་དབང་གཉིས་ལ་སོ་སོར་ས་སྐྱོང་ཐུ་སི་ཡི་གོ་གནས་ཆོ་ལོ་སྤྲད་དེ་རྒྱལ་ཁག་སོ་སོར་གྱེས་པ་མན་ཆིང་ལོ་རྒྱུས་ནང་གསལ། གཞན་ཡང་འབུམ་རམས་པ་ལྕགས་མོ་མཚོས་བརྩམས་པའི་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཞིབ་འཇུག་ཏུ་ཁ་གསལ་འཁོད་ཡོད། དེས་ན་གོང་གི་བསམ་འགྲུབ་སེང་གེ་རྫོང(རོང་བྲག་རྫོང་དཔྱལ་ཤང་།)ནི་རོང་སྟོན་ཆེན་མོའི་སྐབས་བཙན་ལྷ་རབ་བརྟན་རྒྱལ་པོའི་ཕོ་བྲང་གི་ཡ་གྱལ་ཞིག་ཡིན་ལ་དེ་ནི་ཕྱིས་དགེ་ཤིས་ཙའི་རྒྱལ་པོའི་མངའ་ཁོངས་སུ་ཡོད། རྒྱལ་པོའི་མིང་ཐོབ་དང་ས་ཆའི་མིང་ཐོབ་སོ་སོ་ནས་བཀོད་འབྲི་བྱས་པའི་གནད་འགག་ཏུ་སྣང་། རྗེས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སྐབས་དགེ་ཤིས་ཙ་རྒྱལ་པོའི་མཁར་རྫོང་ཞིག་ཏུ་གྱུར།  དགེ་ཤིས་རྒྱལ་པོའི་དཔྱལ་བསམ་གྲུབ་སེང་གེ་རྗོང་དུ་སངས་རྒྱས་གླིང་པ་དང་ཀུན་གྲོལ་གྲགས་པ་སོགས་སྐྱེས་ཆེན་དུ་མ་སྔ་ཕྱིར་ཕེབས་མྱོང་ལ་གཞུང་ཀྱང་མང་པོ་མཛད་པ་རྣམ་ཐར་ཁག་ནང་གསལ། དེང་སང་གི་སྲིད་འཛིན་ལྟར་ན་བསམ་འགྲུབ་སེང་གེ་རྫོང་ནི་རོང་བྲག་རྫོང་དཔྱལ་ཤང་དུ་ཡོད། རྒྱུ་མཚན་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གནས་ཚུལ་ལ་སྔ་ཕྱིར་ཡུལ་དུས་འཕོ་འགྱུར་སོགས་ཏག་ཏག་ཤེས་དགོས་པ་གལ་ཆེན་ཡིན་སྟབས་དཔྱད་དགོས་པའི་གནད་ཡིན་པ་སེམས་སོ། །རོང་སྟོན་ཆེན་མོའི་སློབ་མ་གཙོ་བོའི་གྲས་རྒྱལ་མོ་རོང་པ་དགེ་བཤེས(ཤིས)ཤེས་རིན་ཞེས་བྱ་བ་ཁ་གསལ་འཁོད་མེད་ནའང་ནཱ་ལེནྡྲ་དགོན་པ་ཕྱག་འདེབ་སྐབས་སུ་ནམ་མཁའ་དཔལ་བཟང(ལྡན)གིས་མཛད་པའི་རྣམ་ཐར་དུ་འདི་ལྟར་འཁོད་དེ། གཙང་ཁང་བར་སྐོར་དང་བཅས་པ་རྒྱལ་མོ་རོང་པ་དགེ་བཤེས(ཤིས)ཤེས་རིན་ཞེས་བྱ་བ་བླ་མ་ལ་དད་པ་ཆེ་ཞིང་། སྤྱི་སེམས་ཆེ་བ་ཞིག་ཡོད་པ་དེས་དོ་དམ་བྱས་བླ་བྲང་ཐོག་ཞལ་བཞུགས་ཐོག་ལེགས་པར་གྲུབ། ཅེས་པ་ནི་རོང་སྟོན་ཆེན་པོ་དང་ཕ་ཡུལ་གཅིག་པ་ཡིན་པ་ཤུགས་སུ་རྟོགས་ལ་ནམ་རྒྱུན་དགེ་ཤིས་ཙ་ལ་དགེ་བཤེས་ཙ་ཞེས་འབྲི་མཁན་ཤིན་ཏུ་མང་བར་ཁོང་གི་མཚན་དོན་དངོས་ནི་དགེ་ཤིས་ཤེས་རིན་ཞེས་བྲིས་ན་གནད་ལ་འཁེལ་བ་འདུག་པ་མཐོང་བ་བཅས་བརྟག་འོས་པ་ཡིན་ལ་ཟུར་དུ་རོང་སྟོན་ཆེན་མོའི་ཕ་ཡུལ་ཕྱོགས་ཀྱི་གནད་ཀྱང་མཐོང་ཐུབ་པ་བཅས་སོ། །
       ཁག་གཅིག་གིས་བོན་ཆོས་རྣམ་འབྱེད་འདི་རོང་སྟོན་གྱི་གསུང་ཡིན་མིན་སྐོར་ལ་ཐེ་ཚོམ་བྱེད་པ་མ་ཟད། མ་ཡིན་པ་ཡང་ཤོད་ཀྱི་ཡོད། འོན་ཀྱང་བོན་ཆོས་དར་ནུབ་རིང་མོའི་ཁྲོད་བོན་པོ་ལྟ་བུར་ཉམས་ཉེས་དང་གཏོར་བཤིག དམའ་འབེབ། ལོག་ལྟ། མཐོང་ཆུང་། བསྒྱུར་བཅོས་སོགས་ག་ཚོད་ཙམ་བྱས་མིན་བསམ་ཡུལ་ལས་འདས་པ་ཡིན། དྲང་མོར་མཤད་ན་རོང་སྟོན་ཆེན་མོ་དབུས་སུ་ཕེབས་ནས་གྲྭ་སར་ཞུགས་ཏེ་ཆོས་ཕྱོགས་ལ་ཐོས་བསམ་དང་འཆད་ཉན་མཛད་དུས་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་བོན་པོ་ལ་བརྙས་བཅོས་བྱེད་པའི་ཡུལ་ལས་མེད། དུས་དེ་ཙམ་ན་བོན་ཆོས་གཉིས་ལ་སློབ་སྦྱོང་བྱང་ཆུབ་པའི་ཀུན་མཁྱེན་ཁོང་ལྟ་བུར་མཚོན་ན། ཟེར་སྒྲོས་ཙམ་མ་ཡིན་པར་བོན་ཆོས་ཀྱི་དབྱེ་བ་ནི་མིག་མཐོང་ལག་ཟིན་ལྟ་བུ་ཞིག་ཡིན་ཙང་གཞུང་ལུགས་འདི་ལྟ་བུ་གྲུབ་ཅིང་རྩོད་པའི་དམ་བཅའ་ཡང་བྱས་པ་མངོན། ཁོང་གིས་འདིར་བོན་དང་གཡུང་དྲུང་བོན་གྱི་རྣམ་བཞག་བཤད་ནས་ལུང་རིགས་ཚད་གསུམ་གྱི་རྩོད་སྒྲུབ་རིགས་པའི་འཁོར་ལོ་བསྐོར་ནས་ཆོས་ཕྱོགས་ཀྱི་མདོ་མང་དང་ཐེག་ཆེན། གསང་སྔགས་སྐོར་གཅིག་གི་གཞི་ལམ་འབྲས་གསུམ་ལ་རྩོད་སྒྲུབ་བྱས་ཡོད། འོན་ཀྱང་འདི་ནི་ཤཱཀ་ཆོས་ལ་དགག་པ་མ་ཡིན་པར་དེང་སང་རྒྱལ་ཕྱི་ནང་གི་ཞིབ་འཇུག་སྡེ་ཁག་མང་པོའི་ཞིབ་འཇུག་གི་གྲུབ་འབྲས་ཀྱང་འདི་ལྟར་བཤད་པ་མཐུན། ད་དུང་བོན་ཆོས་རྣམ་འབྱེད་སྐོར་གྱི་ནང་དོན་ཕྱོགས་གཞན་ནས་ར་སྤྲོད་བྱེད་དེ། མཁས་གྲུབ་དགེ་ལེགས་དཔལ་བཟང(1385-1438)གི་རྣམ་ཐར་དུ་འདི་ལྟར་གསུངས་ཏེ། འོན་ཀྱང་རོང་སྐྱེས་ཤཱཀྱ་ཡི། །བསྟན་ལ་སྡང་བའི་ཡིད་ལྡན་བཞིན། །གཤེན་རབ་གཞུང་ལུགས་རྒྱལ་མཚན་འཛིན། །བྱིས་པ་མཁས་པར་རློམ་པ་གང་། །XXསོགས་ཟུར་ཟ་དང་མཐོང་ཆུང་། ང་རྒྱལ་གྱི་རྣམ་པ་སྟོན་པ་ལས་ཤེས་ཀྱི་ཡོད། བོན་ཆོས་རྣམ་འབྱེད་གཞུང་འདིའི་ནང་དོན་ཁག་གཅིག་དང་མཁས་གྲུབ་རྗེའི་རྣམ་ཐར་སོགས་ལ་གཞིག་ཚེ་སྤྱི་ལོ1409ལོར་ཙོང་ཁ་པས(1357-1419)ལྷ་སའི་ཇོ་བོ་ལ་དབུ་རྒྱན་རིག་ལྔ་གསོས་རྗེས་དང་མ་མཐར་མཁས་གྲུབ་རྗེ་དགའ་ལྡན་ཁྲི་པ་མ་ཕེབས་སྔོན་སྟེ་སྤྱི་ལོ1431ལོའི་ཡར་སྔོན་གྱི་བར་ཞིག་ཏུ་མཛད་ཡོད་པ་དཔོག རྣམ་ཐར་དུ་རོང་སྟོན་དགུང་ལོ་ལྔ་བཅུ་ཕེབས་པའི(1416ལོ)མཚམས་སུ་ཡུལ་དབུས་ནས་ཉེན་ཁ་མང་པོ་འཕྲད་པ་རྒྱུ་རྐྱེན་ཡང་འཆད་རྩོད་རྩོམ་གསུམ་གྱིས་ཕ་རོལ་རྒོལ་དྲགས་པའི་རྐྱེན་ཡིན་པ་ཤེས། གཞན་མིན་དེང་སང་རོང་སྟོན་གྱིས་བཙན་ལྷ་རྒྱལ་པོར་ཕུལ་བའི་བོན་ཆོས་རྣམ་དབྱེ་ཞེས་པ་དང་བོན་ཆོས་ལོ་རྒྱུས་བཤད་འགྲེལ་སོགས་མཐོང་ཡང་རྩོམ་མཁན་གྱི་ལོ་རྒྱུས་དང་རྩོམ་གཤིས་ནང་དོན་སོགས་ལ་བལྟས་ཚེ་མི་འདྲ་བ་མང་སྟབས་རོང་སྟོན་ཆེན་མོའི་གསུང་ཡིན་པ་ཐག་མ་ཆོད། དེ་བཞིན་སྟོང་ཐུན་སེམས་ཀྱི་སྒྲོན་མེ་ཡང་རོང་སྟོན་གྱི་ཡིན་མིན་ཁ་མཚོན་གཅོད་དཀའ་བ་བྱུང་། རྒྱལ་རོང་ཞིབ་འཇུག་ཁྲོད་རོང་སྟོན་ལའང་སྔ་ཕྱི་གཉིས་ཡོད་ཚུལ་འདུག་པས་དཔྱད་བྱར་ངེས། ཁོང་གི་བཀའ་འབུམ་ཁྲོད་ད་དུང་བོན་ཆོས་གཉིས་ཀ་ནས་བོར་བརླག་སོང་ཞིང་ཁ་མ་ཚང་བ་བསམ་སྟེ། དཔེར་ན་བོན་ཕྱོགས་ནས་མཁས་པས་ལུང་དྲངས་ཆེ་བའི་ཁམས་ཆེན་གྱི་འགྲེལ་དང་ཡུམ་མདོ་རབ་གསལ། བསྟན་གྲགས་དགག་ལན་སོགས་དང་། ས་སྐྱའི་བཀའ་འབུམ་ཁྲོད་ཚད་མ་རིགས་ཐིགས་དང་ཚད་མ་རྣམ་ངེས་ཀྱི་འགྲེལ། བྱང་ཆུབ་སེམས་འགྲེལ་གྱི་དོན་བསྡུས། ཡོ་གའི་ཆོས་འབྱུང་། རིགས་པ་དྲུག་ཅུའི་འགྲེལ་པ། སྟོང་ཉིད་བདུན་ཅུའི་འགྲེལ་པ་སོགས་མང་པོ་ཞིག་ཆ་མི་ཚང་བ་སྙམ། མདོར་ན་རྣམ་ཐར་དུ་ཁོང་གིས་མཛད་པའི་གཞུང་ཆེན་བཞི་བཅུ་ཞེ་གཅིག་གི་རྣམ་བཤད་དང་ཆོས་ཚན་བརྒྱ་དང་བཞི་བཅུ་ཞེ་དྲུག་གི་རྩོམ་མཛད་ཅེས་པ་དང་བསྡུར་ན་ཤིན་ཏུ་ནས་ཁ་མི་ཚང་བ་ཡིན་པ་མངོན།
རོང་སྟོན་ཆེན་མོར་དམིགས་བསལ། ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་ཅིང་ཡ་མ་བྲལ་བ་དེ་ཡིན། ལྷག་པར་དུ་རྩོད་པ་དང་རྒོལ་བའི་ཚེ་ཕྱི་ནང་གི་གྲུབ་མཐའ་ཙམ་མ་ཟད། ནང་པའི་རྒྱ་བོད་ཀྱི་མཁས་གྲུབ་སུ་ལའང་དགག་བཞག་བྱས་ཡོད། དཔེར་ན། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པའི་ཚིག་དོན་འགར་དགག་པ་དང་། སློབ་དཔོན་སེང་གེ་བཟང་པོའི་ཡུལ་གྱི་བཤད་པ་འགར་དགག་པ་བཅས་ཡིན། བོད་ཀྱི་ཀུན་མཁྱེན་དོལ་པོ་བ་དང་རྗེ་ཙོང་ཁ་པ་ཡབ་སྲས་ལ་རྩོད་རྒོལ་གྱི་གཡུ་རལ་གཟིངས་བ་སོགས་རྣམ་ཐར་དུ་གསལ། སྐབས་དེར་ཁོང་གིས་ཕ་ཆོས་གཡུང་དྲུང་བོན་ལ་ལོག་ལྟ་དང་ཟུར་ཟ་བྱེད་པར་ལྟོས་ནས་བོན་ཆོས་རྣམ་འབྱེད་དང་དུན་ཙེ་རྡུང་བའི་ཐོ་ཆེན་ལ་སོགས་ཀྱི་གཞུང་མཛད་ནས་དམ་བཅའ་དང་རྩོད་པའི་འཁོར་ལོ་བསྐོར་བ་ཤུགས་སུ་རྟོགས། སྟོན་པ་གཤེན་རབ་ཀྱིས་མི་བདེན་གནས་ལུགས་འགལ་ན་རྒྱལ་བའི་བཀའ་ཡང་ཞོགས་ཞེས་དང་། སྟོན་པ་ཤཱཀྱ་ཐུབ་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་སོ། །ཡང་ས་པཎ་གྱིས་རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞེས་སོགས་བླང་དོར་གྱི་གནད་ཡང་དག་བསྟན་པ་ཇི་བཞིན་ནོ། །
       རོང་སྟོན་ཆེན་མོ་ནི་ཐོག་མར་གཡུང་དྲུང་བོན་ལ་སྦྱངས་པ་དཀྱིལ་ཕྱིན་པ་བྱས་ཤིང་དེ་ནས་དམ་པའི་ཆོས་ལ་སྤང་བླང་མ་ནོར་བ་ཞུགས། རིག་གཞུང་དང་བསམ་བློའི་སྒྲོམ་གཞི་ཡི་རྩ་བ་དང་སྡོང་པོ་ལྟ་བུ་ནི་བོད་རང་གི་ལུགས་སུ་གྱུར་བའི་བོན་ལུགས་ཡིན། དེ་ལས་སྐྱེས་པའི་ཡལ་ག་དང་ལོ་འདབས་ཡོངས་སུ་རྒྱས་པ་ནི་དམ་པའི་ཆོས་ཀྱི་དགོངས་དོན་ཡིན། མཐར་བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྟེང་བསུབ་ཐབས་མེད་པའི་ཕྱག་རྗེས་རྨད་དུ་བྱུང་བ་བཞག་ཡོད། ཁོང་གི་བཀའ་འབུམ་ཧྲིལ་པོར་བལྟས་ཚེ་རིས་མེད་ཀྱི་བོན་ཆོས་རྒྱལ་བསྟན་སྤྱི་ལ་ཞབས་འདེགས་བླ་ན་མེད་པ་བཞག་པ་མཚོན། ཁོང་གི་བརྩམས་ཆོས་མང་པོ་ཞིག་ནང་ས་པཎ་གྱི་གསུང་ལྟར་བོད་རྩོམ་ཡིན་ནམ་ཡང་ན་བོན་ཆོས་གང་ཡིན་ཤིན་ཏུ་དབྱེ་འབྱེད་དཀའ་བའི་གནས་ཚུལ་མངོན། དེ་ཡང་རོང་སྟོན་གྱི་གསུང་རྩོམ་ཁྲོད་བོན་ཆོས་ཆ་འདྲ་བའི་གསུང་ཡང་གང་མང་མཐོང་སྟེ། དཔེར་ན། སྟོན་པ་སངས་རྒྱས་ལ་བསྟོད་པ་དང་ཐུབ་པ་ལ་བསྟོད་པ། བདེར་གཤེགས་སྤྱི་བསྟོད་དང་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལ་བསྟོད་པ། བོན་གྱི་སྡོམ་བཞིའི་རྣམ་བཤད་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་རྣམ་བཤད། བྱམས་མ་འབུམ་ལྔའི་འགྲེལ་དང་བྱམས་ཆོས་སྡེ་ལྔའི་འགྲེལ། ཁམས་འགྲེལ་དང་ཤེར་ཕྱིན་གྱི་འགྲེལ་སོགས་ཡིན། བོན་ཆོས་གང་ཡིན་ཤོད་དཀའ་བ་ཚད་མ་སྨྲ་བའི་དོན་འགྲེལ་དང་ཀུན་ཏུ་བཟང་པོ་ལ་བསྟོད་པ། གཏན་ཚིགས་ཐིགས་པའི་འགྲེལ་པ་སོགས་ཡིན། ཁོ་བོས་བསམ་ཚེ་རོང་སྟོན་ཆེན་མོའི་ཐོས་བསམ་དང་འཆད་རྩོད་ཀྱི་རྣམ་བཞག་ནི་བོན་གྱི་བཀའ་གཞུང་ཆེན་མོ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པ་སྙམ། ཁོང་གི་རིག་པའི་གཞུང་ལུགས་དང་འཆད་རྩོད་རྩོམ་གསུམ་རྣམ་པའི་སྒྱུ་རྩལ། ནང་དོན། རྩོམ་གཤིས་ལ་སོགས་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད། རྟོག་གེ་རང་འདོད་རིགས་པ་དང་མུ་སྟེགས་རྟག་ཆད་ཀྱི་རིགས་པར་མཐའ་གཅིག་ཏུ་རྩོམ་རྒོལ་དང་རྩོད་རྒོལ་གྱི་ལམ་ནས་ཚར་བཅད། མདོར་ན་ཁོང་གིས་རིང་ལུགས་བས་ཀྱང་རིག་གཞུང་གཙོ། རིག་གཞུང་བས་ཀྱང་ལུང་རིགས་ཚད་གསུམ་གཙོ་འཛིན་བྱེད་པའི་ཡང་དག་གི་ལྟ་སྒོམ་སྤྱོད་གསུམ་རྩེར་སོན་བྱས་ཡོད། །
       ཁོང་གི་རྣམ་ཐར་དང་བཀའ་འབུམ་ཁྲོད་གཡུང་དྲུང་བོན་དང་བཀའ་གདམས། ས་སྐྱ། བཀའ་བརྒྱུད། ཞི་བྱེད། ཇོ་ནང་བཅས་པའི་སྐྱེས་ཆེན་མང་པོར་དགེ་སློབ་ཀྱི་འབྲེལ་བ་ཆགས་པ་བརྗོད་ཀྱིས་མི་ལང་། འོན་ཀྱང་རྙིང་མ་དང་དགེ་ལུགས་ཀྱི་བླ་མར་བསྟོད་ཚོགས་དང་བཤེས་གཉེན་ལ་བསྟེན་པ་བཅས་མི་སྣང་། མ་ཟད་ཁོང་གི་སློབ་རྒྱུད་དང་བཅས་པས་རྗེ་ཡབ་སྲས་གསུམ་ལ་རྩོམ་རྒོལ་དང་རྩོད་རྒོལ་བྱས་པ་མང་། ཐུའུ་ཀན་སོགས་ཀྱིས་རོང་སྟོན་ནས་རྗེ་ཙོང་ཁ་པར་ཆོས་ཞུས་པ་ཡོད་ཀྱང་རྗེས་འཇུག་ཚོས་རྣམ་ཐར་དུ་གཏེར་སྦས་པ་ལྟར་བྱས་འདུག་ཅེས་པ་དཔྱད་དགོས་སོ། ། རོང་སྟོན་གྱི་ལོ་རྒྱུས་རྣམ་ཐར་དང་བཀའ་འབུམ་ལ་མུ་མཐུད་དཔྱད་པ་བྱས་ཚེ་བོད་རྒྱུད་ནང་བསྟན་གྱི་ཐུན་མིན་གྱི་ཁྱད་ཆོས་དང་། ངོ་བོ། ལྟ་གྲུབ། འཕེལ་འགྱུར་བཅས་ལ་རྒྱུས་མངའ་ཐུབ་པའི་ཁྱད་ཆོས་ལྡན། གནའ་དུས་སུ་བོན་གྱི་སྐྱེས་ཆེན་དྲན་པ་ནམ་མཁའ་དང་བེེ་རོ་ཙ་ན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་བོན་ཆོས་རིས་མེད་ཀྱི་བསྟན་པར་ཞུགས་པའི་ལེགས་བཤད་ལ་ཕྱིར་མིག་ལྟ་བའི་ཕན་ཐོག་ཡང་ཡོད། །
       རོང་སྟོན་ཆེན་མོས་མཐར་མཇུག་གི་རེ་བ་དང་དམིགས་ཡུལ། ཚེ་གང་གི་རིན་ཐང་བཅས་ཡོངས་སུ་མངོན་གྱུར་བྱུང་ཡོད་དེ། གཞུང་སྡེ་སྣོད་གསུམ་ལ་ཐོས་བསམ། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཐ་དག་གྲུབ་ནས་མེ་ཡོས་སྟེ་སྤྱི་ལོ1435ལོར་དཔལ་ནཱ་ལེནྡྲའི་དགོན་པ་བཏབ། ནང་བསྟན་རིག་གནས་ལ་སློབ་སྦྱོང་དང་ཉམས་ལེན་གྱི་སྲོལ་ཡོངས་རྫོགས་རྒྱུད་འཛིན་དར་སྤེལ་བྱས། ཁོང་གི་སེམས་ནང་དུ་ནཱ་ལེནྡྲ་དགོན་པ་ནི་རིས་མེད་མཁས་མང་གི་ཐོས་བསམ། འཆད་རྩོད་རྩོམ་གསུམ་བྱས་ནས་བསྟན་པ་གསལ་བར་བྱེད་པའི་གནས་མཆོག་ཞིག་དང་པཎ་གྲུབ་བྱེ་བའི་འབྱུང་གནས་ཡིན་པ་ངོས་འཛིན་ཡོད། ཁོང་གིས་དཔལ་ནཱ་ལེནྡྲ་ལ་བསྟོད་པ་དང་རང་གིས་རང་ལ་བསྟོད་པ་སོགས་ཀྱི་ནང་དོན་ལས་ཁ་གསལ་ལ་ནཱ་ལེནྡྲ་ཞེས་པའི་དགོན་མིང་བཏགས་དོན་ཡང་རགས་ཙམ་རྟོགས། ད་དུང་ས་སྐྱའི་འཛམ་གླིང་མཁས་པའི་མཛེས་རྒྱན་དགུ་ཡང་སྐབས་དེ་དུས་ཙམ་ནང་བྱུང་བར་ཕལ་ཆེར་ཁོང་དང་བླ་སློབ་ཀྱི་འབྲེལ་བ་དང་ཁོང་ནི་ཚང་མའི་མདོ་འཛིན་ལྟ་བུ་ཆགས་ཡོད། དགུང་ལོ་བརྒྱད་ཅུ་གྱ་གསུམ་སྟེ་ས་སྦྲུལ་སྤྱི་ལོ1449ལོར་དབུས་འཕན་ཡུལ་གྱི་ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲ་རུ་སྐུ་མི་རྟགས་མྱ་ངན་ལས་འདས། སློབ་རྒྱུད་ཀྱང་བོད་མདོ་དབུས་ཁམས་གསུམ་གྱི་རིས་མེད་དགོན་སྡེ་ཕལ་ཆེ་བའི་བསྟན་འཛིན་གཙོ་བོར་གྱུར་ཞིང་རྒྱ་བོད་ཆེ་དགུ་ཀུན་གྱིས་གོང་དུ་བཀུར་ཚུལ་རྣམ་ཐར་ལས་གསལ། །
       རོང་སྟོན་ཆེན་མོའི་མཚན་གྱི་རྣམ་གྲངས་སུ་གཡུང་དྲུང་བོན་གྱི་སྐབས་ཤེས་རབ་འོད་ཟེར་དང་སྒ་སྟོན་ཤེས་རབ་འོད་ཟེར། རོང་སྟོན་ཤེས་རབ་འོད་ཟེར། བོན་ཆོས་གཉིས་ཀའི་ནང་རོང་སྟོན་བཀའ་བཅུ་པ། རོང་སྟོན་ཤེས་བྱ་ཀུན་རིག རོང་སྟོན་ཤེས་བྱ་ཀུན་མཁྱེན། རོང་སྟོན་ཆེན་མོ། ཆོས་ཀྱི་སྐབས་སུ་སློབ་དཔོན་རོང་སྟོན། རོང་སྟོན་ཤཱཀྱ་རྒྱལ་མཚན། རོང་སྟོན་སྨྲ་བའི་སེང་གེ མཁས་པའི་དབང་པོ་རོང་སྟོན།རོང་སྟོན་ཆོས་རྗེ། རོང་སྟོན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ། རོང་སྟོན་གཞུང་བརྒྱ་པ། རོང་སྟོན་ཤེས་བྱ་ཀུན་གཟིགས་སོགས་མང་ངོ་། །
       མཐར་ཞུ་བ་ནི། རོང་སྟོན་ཆེན་མོའི་སྐུ་ཚེ་ཧྲིལ་པོར་བོན་ཆོས་གཉིས་ལ་ཐོས་བསམ་དང་འཆད་རྩོད་རྩོམ་གསུམ་མཛད་པའི་རིས་མེད་རྒྱལ་བསྟན་སྤྱི་ཡི་སྐྱེས་ཆེན་བླ་ན་མེད་པ་ཞིག་ཡིན། བོད་གངས་ཅན་གྱི་ནང་བསྟན་རིག་གཞུང་ལ་ལུང་རིགས་ཚད་ལྡན་གྱི་བརྡར་ཤ་བཅད། རིས་མེད་བོན་ཆོས་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་གསོ་སྐྱོང་གནང་ཞིང་ནང་བསྟན་རིག་གཞུང་ལ་སྲི་ཞུ་བླ་ན་མེད་པ་བསྒྲུབས་ཡོད། ཡང་སྒོས་སུ་ས་རྔོགས་ཀྱི་བསྟན་པའི་ཀ་ཆེན་གནམ་ལ་བཏེགས་ཤིང་དཔལ་ལྡན་ས་སྐྱ་པའི་ལུང་རྟོགས་ཀྱི་བསྟན་པའི་རྒྱལ་མཚན་སྲིད་ན་འགྲན་ཟླ་བྲལ་བ་ཡང་རྩེར་བསྒྲེངས་པ་དང་སྦྲགས་གཡུང་དྲུང་བོན་གྱི་གཞུང་ལུགས་ལ་སྲུང་སྐྱོབ་ཀྱང་བླ་ན་མེད་པ་མཛད་དོ། །
མང་ཐོས་བློ་གྲོས་རལ་པའི་ཁུར་ལྕི་ཞིང་། །
བཅུ་ཕྲག་རིག་པའི་རབ་དཀར་མཆེ་རྣོན་གཙིགས། །
མཁས་མང་དགའ་བ་བསྐྱེད་པའི་དཔལ་འཛིན་པ། །
མི་ཡི་ཁྱུ་མཆོག༧རོང་སྟོན་ཀུན་མཁྱེན་རྒྱལ། །
       ཞེས་བྱ་བ་མཐར་སྒོ་བཞི་མཛོད་ལྔའི་གསུང་རབ་དང་ལྔ་རིག་གནས་ལ་ཕུལ་དུ་བྱུང་བའི་མཁས་གྲུབ་ཆེན་པོ་ཀུན་གྲོལ་གྲགས་པས་མཛད་པའི་བོན་གྱི་སྙན་གཞུང་དཔེ་རྒྱན་དུ་འཁོད་པའི་རོང་སྟོན་ལ་བསྟོད་པའི་སྙན་ཚིག་ཤོ་ཀ་འདིས་མཇུག་བསྡུ་བའོ། །ཐ་ཚན་མུ་ཙུག་སྨར། །
       སྒ་རིགས་ཀྱི་སྟོན་པ་ཤེས་རབ་འོད་ཟེར་གྱི་རྣམ་ཐར་མེས་པོའི་ཞལ་ལུང་རྒྱ་མཚོའི་ཆུ་ཐིགས་ཙམ་བརྗོད་པ་བོད་རབ་བྱུང་བཅུ་བདུན་པའི་ཁྲོ་མོ་ཤིང་འབྲུག་ལོའི་ས་ག་ཟླ་བའི་མར་ངོའི་ཉེར་བདུན་ནས་འགོ་བཙུགས་ཤིང་བོད་རབ་རྒྱན་ཤིང་སྦྲུལ་ལོའི་རྟ་པ་ཟླ་བའི་ཉ་གང་ལ་ཡོངས་སུ་གྲུབ་པ་ཞིང་རུ་སྐལ་བཟང་བཀྲ་ཤིས་ཀྱིས་བོད་ཤར་ཕྱོགས་ཆབ་མདོར་སྦྱར་བའོ། །དགེའོ། ། བཀྲ་ཤིས་པར་གྱུར་ཅིག ། ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།