«གཅན་རོང་སློབ་གསོའི་ལེགས་བཤད»ཀྱི་མྱོང་ཚོར་ཕྲན་བུ།

རྩོམ་པ་པོ།:རྒྱ་ལོ་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-16 10:01:19 ཀློག་གྲངས།:
       དུས་ཚོད་ནི་གཞུ་ལས་མཆེད་པའི་མདའ་མོ་བཞིན་སྐད་ཅིག་ལ་མདུན་དུ་བཞུད་ཅིང་། སྒེག་མོའི་མགོ་ལ་མེ་ཤོར་བ་དང་། སྡར་མའི་པང་དུ་སྦྲུལ་ལྷུང་བ་ལྟར་འདུག་པས་ཅི་འདྲའི་མགྱོགས་པ་ལ་ཨང་། མིག་རྡེབ་དབང་ཙམ་གྱིས་ལོ་གཅིག་ནི་མཇུག་རྫོགས་ལ་ཉེ། མི་ཚེ་ཞིག་ལ་མཚོན་ན་ལང་ཚོ་སྟོན་འབྲས་བཞིན་དུ་སྨིན་པ་དེ་མཇུག་རྫོགས་ནས་ལོ་རྒན་དྲུག་ཅུའི་ཁ་བའི་མེ་ཏོག་ལྷབ་ལྷུབ་དུ་འབབ་པའི་དགུན་གྱི་དུས་ལ་སླེབས་བྱུང་། སློབ་གྲྭའི་དགའ་ཚལ་དུ་སྐོམ་པའི་ཆུ་འདོད་ལྟར་ཐོས་བསམ་ལ་འཇུག་ཞོར་དགེ་རྒན་གཅན་རོང་བསྟན་འཛིན་གྱི«གཅན་རོང་སློབ་གསོའི་ལེགས་བཤད»ཅེས་པའི་རྩོམ་ཐུང་ཆིག་བརྒྱ་མ་འདི་ལ་ཡང་བསྐྱར་རོལ་མྱོང་ཐེངས་ཤིག་བྱས་པ་ཡིན། སྔོན་ཆད་རྩོམ་ཐུང་འདི་ལ་རོལ་མྱོང་བྱ་དུས་སྤྱིར་བཏང་གི་ལེགས་བཤད་ཅིག་ཏུ་བསམས་ནས་དོ་སྣང་ཆེར་མ་བྱས་ལ། དེ་སྔོན་རྒན་ཁོང་དང་མཉམ་དུ་སློབ་གསོའི་ལེགས་བཤད་འདིའི་ཕྱོགས་ནས་ཁ་བརྡ་བརྗེ་རེས་བྱ་དུས་ད་བཟོད་འདི་ནི་གནའ་དེང་ལེགས་བཤད་རྩོམ་སྟངས་ལྟར་བྲིས་པའི་དཀར་པོ་ཆིག་ཐུབ་དང་འདྲ་བའི་སློབ་གསོའི་ལེགས་བཤད་སྨན་མཆོག་ལྟ་བུ་ཞིག་ཡིན་པ་ཤེས།
       རྒན་ཁོང་ནི་སློབ་གསོར་བསམ་གཞིགས་དང་ལག་ལེན་ཟུང་དུ་འབྲེལ་ཏེ་མི་ཚེ་གཞི་རིམ་སློབ་གསོར་ཕུལ་བའི་དགེ་རྒན་རླབས་ཆེན་ཞིག་དང་། གནའ་དེང་ཟུང་སྦྲེལ་གྱི་རིག་གཞུང་དཔྱད་ཞིབ་རིགས་ལམ་ལྡན་ཞིང་མཚན་ཉིད་རིག་པ་སྨྲ་བ་ཞིག་ཀྱང་ཡིན་ཞེས་བཤད་ཆོག རྒྱུ་མཚན་ནི་རྒན་ཁོང་གི་བརྩམས་ཆོས་གང་ཞིག་ཡིན་རུང་གཏན་ཚིགས་ཀྱི་རང་བཞིན་ནི་ཏིལ་ལ་མར་ལྟར་ཁྱབ་ཡོད་ལ། རང་ཉིད་ལ་མཚོན་ན་བསམ་གཞིགས་ཞིབ་འཇུག་གི་ནུས་པ་བསྐྱེད་བསྲིང་བྱེད་པའི་སྨན་མཆོག་ཅིག་ཏུ་བརྩིས་ཆོག ཉེ་བའི་ལོ་འདི་འགའི་རིང་ལ་ཁོམ་ལོང་རེ་ཡོད་དུས་རྒན་ཁོང་གི་བརྩམས་ཆོས་ལ་རོལ་མྱོང་དང་བསམ་གཞིགས་གང་མང་བཏང་བ་ཡིན།
       «གཅན་རོང་སློབ་གསོའི་ལེགས་བཤད»ཅེས་པའི་དེབ་མཆོག་འདི་ནི་དཔེ་ངོས་ནས་བལྟས་ན་ཆེས་སྤྱིར་བཏང་གི་སློབ་གསོའི་ལེགས་བཤད་ཀྱི་མེ་ཏོག་ཅིག་ཡིན་རུང་། དོན་ལ་རྗོད་བྱེད་ཚིག་གི་འདབ་མ་རེ་རེ་བརྗོད་བྱ་སློབ་གསོའི་དོན་གྱི་ཆོས་ཉིད་ལ་གཞོལ་ཡོད་ཅིང་། དེབ་འདིའི་གླེང་གཞིའི་ཐད་ནས་ཐོག་མར་ཀུན་གྱི་མིག་ལམ་དུ་མཐོང་ཡོང་བ་ནི་ལེགས་བཤད་འདི་འབྲི་བའི་དམིགས་ཡུལ་དང་རྒྱབ་ལྗོངས་ཡིན་རུང་།  ཀློག་པ་པོ་བློ་རབ་འབྲིང་ཐ་གསུམ་ལ་བརྗོད་བྱའི་དོན་གནད་རེ་རེ་སྟོན་ཐུབ་པ་ནི་གླེང་གཞི་འདིའི་ཐུན་མིན་གྱི་ཁྱད་ཆོས་ཉག་གཅིག་རེད། ལེགས་བཤད་འདིའི་ནང་དོན་ཐད་ནས་སློབ་གསོའི་ཉམས་མྱོང་གི་རྩོམ་ཐུང་ཆིག་སྟོང་དྲུག་བརྒྱ་ལྷག་གིས་གྲུབ་ཡོད་ལ། ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན་རྒན་ཁོང་གི་མི་ཚེའི་མྱོང་བརྒྱུད་ལེགས་བཤད་རྩོམ་སྟངས་ལ་བརྟེན་ནས་ཚད་མཐོའི་སྤྱི་བསྡོམས་ཐེངས་ཤིག་བྱས་ཡོད་པ་མ་ཟད། ཁོང་གི་ཐུན་མིན་གྱི་མི་ཚེའི་མྱོང་ཚོར་དག་དེང་རབས་ཐུན་མོང་གི་ལེགས་བཤད་རྩོམ་སྟངས་ལྟར་བྲིས་ཡོད་པ་སྟེ། སློབ་གསོའི་ལག་ལེན་ཟིན་ཐོ་དང་སློབ་གསོའི་ཐབས་ལམ་ཟིན་ཐོ། དཔེ་ཀློག་ཟིན་ཐོ། སྐྱིད་སྡུག་འདྲེས་མའི་འཚོ་བ་ལས་མི་ཚེའི་ཟིན་ཐོ། ཕུགས་བསམ་གྱི་ཟིན་ཐོ། བདེན་ལུགས་ཀྱི་ཟིན་ཐོ། ཤེར་སྙེགས་ཀྱི་ཟིན་ཐོ། དུས་ཚོད་ཀྱི་ཟིན་ཐོ་བཅས་ཟུར་ཚད་དགུ་ནས་སློབ་གསོ་ཞིབ་འཇུག་གི་འབྲས་བུ་དང་ཉམས་མྱོང་གི་བསླབ་བྱ་རེ་རེ་ཐིག་ཕྲེང་དུ་མར་བསྡུས་ནས་ཨ་མ་མཛངས་མས་བུ་ཆུང་གཉོར་བ་བཞིན་བསྟན་ཡོད།
       སློབ་གསོའི་ལས་དོན་ལ་ཤ་འབད་རུས་འབད་གནངས་བཞིན་པའི་དགེ་རྒན་རྒན་པ་ཞིག་གི་ངོས་ནས་བརྗོད་ན་དཔེ་དེབ་འདི་ནི་མཐོ་སྒང་གི་བྱིས་པའི་སེམས་ཁམས་ཀྱི་ཆོས་ཉིད་དང་འཚམ་པའི་སློབ་གསོ་ཐབས་ལམ་མཆོག་གྱུར་ཞིག་སྟེ། སློབ་མ་རབ་འབྲིང་ཐ་གསུམ་ཡོད་ཚད་དང་སློབ་མ་ཡོད་ཚད་ཀྱི་ཤེས་ནུས་ཀྱི་གཏེར་ཁའི་ཕྱོགས་སོ་སོ་སྔོག་འདོན་བསྐྱེད་སྲིང་བྱ་དང་བྱེད་བཞིན་ཡོད་པ་ནི། དེང་རབས་འཛམ་གླིང་གི་སློབ་གསོ་བཅོས་སྒྱུར་གྱི་སྔོན་ཐོན་བསམ་བློ་དང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་དོན་དངོས་གཉིས་ཟུང་དུ་འབྲེལ་བས། མིག་གིས་འཛམ་གླིང་ལ་བལྟ་བའི་ཁྱད་ཆོས་དང་། དེང་རབས་ཅན་ལ་བལྟ་བའི་ཁྱད་ཆོས། འབྱུང་འགྱུར་ལ་བལྟ་བའི་ཁྱད་ཆོས་སུམ་འཛོམས་སུ་ཚང་བའི་མེ་ལོང་ལྟ་བུ་ཞིག་རེད།
       ཐོས་པ་དོན་དུ་གཉེར་མཁན་གྱི་སློབ་མ་ཞིག་གི་ངོས་ནས་བརྗོད་ན་དཔེ་དེབ་འདི་ནི་མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་ཞིག་ཏུ་འགྱུར་ཐུབ་པར་མ་ཟད། སློབ་སྦྱོང་གི་སྒུལ་ཤུགས་ཤིག་དང་དཔེ་ཀློག་གི་གསེར་གྱི་ཐུར་མ་ལྟ་བུ་ཞིག་ཏུའང་འགྱུར་ཐུབ་པ་རེད། ང་ཚོས་རྒྱུན་པར“དཔེ་དེབ་བྱེ་བ་བཀླགས་གྱུར་ན། །སྨྱུག་རྩེ་ལྷ་ཡི་ཁ་ལོ་བསྒྱུར། །”ཟེར་བ་ནང་བཞིན་དཔེ་ཀློག་གི་མིག་རྒྱང་བསྐྱེད་ཐུབ་པར་མ་ཟད། རང་ཉིད་ཀྱི་རིན་ཐང་ཇེ་མཐོར་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན་ལ། རང་གི་རྩོམ་འབྲིའི་ནུས་པ་ཡང་བསྐྱེད་སྲིང་བྱེད་ཐུབ་པས་རྩོམ་ཡིག་ཆིག་བརྒྱ་མ་འདི་བཀླགས་ན་རྩོམ་རྩལ་མཐོ་རུ་འདེགས་པར་ཡང་ཕན་ནུས་ཡོད། ལེགས་བཤད་འདིའི་མགོ་མཇུག་བར་གསུམ་དུ་རྗོད་བྱེད་ཚིག་རྣ་བར་སྙན་ཞིང་གོ་བདེ་བ། གཏན་ཚིགས་ཀྱི་རང་བཞིན་ལྡན་ལ་ང་དང་ང་ལྟ་བུའི་ཐོས་བསམ་གྱི་རྒྱ་མཚོ་རུ་བསྐྱོད་བཞིན་པའི་གྲུ་གཟིངས་ཆུང་ངུ་ཞིག་ལ་མཚོན་ན་རིགས་ལམ་གསེར་གྱི་ལྡེ་མིག་རེ་རེ་ཡིན་པས། གཅིག་ནས་ཁ་ཕྱོགས་གསལ་སྟོན་བྱེད་པའི་ཁྱད་ཆོས། གཉིས་ནས་བསམ་གཞིག་གི་ནུས་པ་བསྐྱེད་སྲིང་བྱེད་པའི་ཁྱད་ཆོས། གསུམ་ནས་རྒྱལ་ཁམས་ལ་བལྟ་བའི་མེ་ལོང་གི་ཁྱད་ཆོས། བཞི་ནས་དཔེ་ཀློག་གི་ནུས་པ་མཐོ་རུ་གཏོང་བའི་ཁྱད་ཆོས། ལྔ་ནས་བླང་དོར་གྱི་གནས་ལུགས་སྟོན་པ་བཅས་ཁྱད་ཆོས་ལྔ་ལྡན་གྱི་ལེགས་བཤད་གསོན་པོ་ཞིག་རེད།
       བུ་ཕྲུག་ལ་དབྱངས་གསལ་སོ་བཞིའི་ནུ་ཞོ་ལྡུད་མཁན་གྱི་ཁྱིམ་བདག་ཅིག་གི་ངོས་ནས་བརྗོད་ན་ལེགས་བཤད་འདིའི་བརྗོད་བྱ་ནི་སློབ་གསོའི་ཆོས་ཉིད་དང་འབྲེལ་བའི་རྐྱེན་གྱིས་བྱིས་པའི་ལམ་སྟོན་གྱི་མར་མེ་ཚེ་འབར་ལྟ་བུ་ཞིག་ཏུ་འགྱུར་ཐུབ་པ་དང་། ལེགས་བཤད་འདིའི་སློབ་གསོའི་ཐབས་ལམ་ཟིན་ཐོ་དང་ལག་ལེན་ཟིན་ཐོ་ནི་ཁྱིམ་བདག་ལ་སྒོས་སུ་འཚམ་ཞིང་བརྗོད་བྱ་འཚོ་བ་དངོས་དང་འབྲེལ་བ། ལེགས་བཤད་ཟིན་ཐོ་དེ་རུ་ཤེས་ནུས་རྩལ་གསུམ་འཛོམས་པའི་བྱིས་པ་ཞིག་ཇི་ལྟར་བསྐྱེད་སྲིང་བྱེད་དགོས་ཚུལ། བྱིས་པའི་སློབ་གསོ་ནི་ཇི་ལྟ་བུ་ཞིག་ཡིན་པ་སོགས་རྒན་ཁོང་རང་གི་སློབ་གསོའི་ཉམས་མྱོང་དང་གཏམ་རྒྱུད་སོགས་ལ་སྦྱར་ནས་བྲིས་ཡོད།
       མདོར་ན། བྱིས་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པའི་ལེགས་བཤད་ཀྱི་ཟེའུ་འབྲུ་རེ་རེ་ནི་མི་ཚེ་ལེགས་འགྲུབ་ཀྱི་ནོར་བུ་རེ་རེ་དང་རྒྱལ་ཁའི་དར་ཆ་སྒྲེང་བྱེད་ཀྱི་འབྲས་བུ་རེ་རེ་ཡིན་པས། ཁྱིམ་བདག་ཅིག་གི་ཟུར་ཚད་ནས་བརྗོད་ན་བྱིས་པའི་སློབ་གསོ་ལ་ཡང་དག་པའི་འདུ་ཤེས་འཛིན་པའི་ཁྱད་ཆོས། ཡང་དག་པའི་སློབ་གསོའི་མདུན་ལམ་འཚོལ་བའི་ཁྱད་ཆོས། བྱིས་པའི་འཇོན་ནུས་བསྐྱེད་སྲིང་བྱེད་པ་དང་བཅས་ཁྱད་ཆོས་སུམ་ལྡན་གྱི་རིན་ཆེན་གྱི་འབྱུང་གནས་ལྟ་བུ་ཞིག་རེད།
       དཔེ་དེབ་རང་གི་ངོས་ཐད་ནས་བརྗོད་ན། ལེགས་བཤད་འདི་ནི་རྩོམ་ཐུང་ཆིག་བརྒྱ་ལྷག་གིས་གྲུབ་ཡོད་ཅིང་། བརྗོད་དོན་ཁ་གསལ་ཞིང་དོན་འདུས་ལ། བརྗོད་བྱ་འཚོ་བ་དངོས་དང་གཏམ་རྒྱུད་ལ་སྦྱར་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད། བདག་གིས་བསམ་ན་རྩ་བ་དུག་དུ་མཆིས་པའི་དཔེ་དེབ་ཅིག་བལྟ་བ་ལས་མི་ཚེ་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ལེགས་བཤད་རྩོམ་ཡིག་ཆིག་གཅིག་བཀླགས་ན་བཟང་བར་འདོད། རང་ལ་མཚོན་ན་དཔེ་དེབ་འདི་ལས་ཤུགས་རྐྱེན་ཆེས་ཆེ་བ་ནི“ཕུགས་བསམ་མེད་པའི་ལང་ཚོ་ནི་ཉི་འོད་མེད་པའི་ཞོགས་པ་དང་འདྲ”ཞེས་པའི་ལེགས་བཤད་འདི་ཡིན། རྒྱུ་མཚན་ནི་ཚིག་དུམ་འདིས་དུས་ངེས་མེད་དུ་རང་ལ་ཕུགས་བསམ་ནི་ལག་བསྟར་བྱེད་རྒྱུ་ཞིག་དང་རེ་སྙེག་བྱེད་རྒྱུ་ཞིག་ཡིན་པ་དང་། ལང་ཚོ་དར་ལ་བབས་པའི་དུས་བཟང་འདིར་མ་འོངས་བའི་ལང་ཚོའི་གཏམ་རྒྱུད་གསོན་པོ་རེ་རེ་འབད་པས་འབྲི་དགོས་པ་དང་། བརྩོན་འགྲུས་ཀྱི་གོ་ཆ་སྤྲས་ནས་མདུན་དུ་བསྐྱོད་དགོས་པར་འབོད་སྐུལ་གཏོང་བཞིན་ཡོད་པར་མ་ཟད། ཤེས་བྱའི་མེ་ཏོག་ལ་དུས་རྒྱུན་རུས་སྦལ་ནུར་འགྲོའི་ཚུལ་དུ་བསྐྱོད་དེ་འབད་པ་བསྟེན་དགོས་པ་ལས། གློ་བུར་དང་ཐོལ་བྱུང་གིས་སེང་གེའི་མཆོང་སྟོབས་ལ་ལད་མོ་བྱས་པས་གང་ཡང་མི་ལོན་བར། ནམ་ཡང་རིགས་པ་ཚུགས་ཐུབ་ལྡན་པའི་སྒོ་ནས། ཐོས་བསམས་སྒོམ་པའི་འབྲས་བུ་ལག་ལེན་དུ་བཏབ་ན། ད་གཟོད་བློ་གྲོས་ཀྱི་ལྗོན་པའི་རྩ་བ་ཚུགས་ཐུབ་ཅིང་ཡལ་འདབ་རྒྱས་སྲིད་ལ། འབྲས་བུ་ལྗིད་ཏིག་ཏིག་ཅིག་སྨིན་ངེས་པའི་གསལ་བརྡ་གཏོང་བཞིན་ཡོད། མདོར་ན་བརྩམས་ཆོས་འདི་ནི་འཛམ་གླིང་ལ་བལྟ་བའི་རྒྱང་མཐོང་དང་དུས་རབས་གསར་བ་ལ་འཇུག་པའི་ལམ་ཆེན་ཡིན་ལ། བརྗོད་པ་ཐབས་དང་ཤེས་རབ་གཉིས་འཛོམས་ཀྱི་ལེགས་བཤད་ཕུལ་དུ་བྱུང་བ་ཞིག་དང་སློབ་གསོའི་སྐྱིད་སྡུག་གི་དེབ་ཐེར་གསོན་པོ་ཞིག་རེད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།