རྒྱ་མཚོར་ཐད་ཀར་འདྲེས་པའི་ས་འོག་གི་བཞུར་ཆུ། ཕུའུ་ལིན་སའེ་སའི་ས་འོག་བཞུར་ཆུ་རྒྱལ་ཁབ་སྤྱི་གླིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-08-25 10:00:00 ཀློག་གྲངས།:


རྒྱ་མཚོར་ཐད་ཀར་འདྲེས་པའི་ས་འོག་གི་བཞུར་ཆུ།
ཕུའུ་ལིན་སའེ་སའི་ས་འོག་བཞུར་ཆུ་རྒྱལ་ཁབ་སྤྱི་གླིང་།

     ཧྥི་ལི་ཕུན་གྱི་པཱ་ལ་ཝང་ཞིང་ཆེན་གྱི་བྱང་མཐའ་རུ་ཡོད་པའི་ཕུའུ་ལིན་སའེ་སའི་ས་འོག་བཞུར་ཆུ་རྒྱལ་ཁབ་སྤྱི་གླིང་དུ་ཁྱོད་ཀྱིས་ས་དབྱིབས་འདྲ་མིན་སྣ་ཚོགས་སུ་ཡོད་པའི་མཛེས་ལྗོངས་མཐོང་ཐུབ་པ་མ་ཟད། ད་དུང་ཤིན་ཏུ་དཀོན་པའི་སྲོག་ཆགས་མང་བོ་ཡང་ངོས་འཛིན་བྱས་ཆོག  དེ་གར་མཐོང་དཀོན་པའི་རི་བོ་དང་རྒྱ་མཚོའི་སྐྱེ་ཁམས་མ་ལག་གཉིས་འདྲེས་ཡོད།
     ཕུའུ་ལིན་སའེ་སའི་ས་འོག་བཞུར་ཆུ་རྒྱལ་ཁབ་སྤྱི་གླིང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཉིས་ལྡན་པའི་རྐྱེན་གྱིས་མིང་གྲགས་ཆེ་སྟེ། གཅིག་ནི་བཞུར་ཀྱིན་པའི་ས་འོག་གི་ཆུ་རྒྱུན་དེ་ཐད་ཀར་རྒྱ་མཚོར་འབབ་བཞིན་ཡོད་ལ། སྨད་རྒྱུད་ལ་རྒྱ་མཚོའི་འཕེལ་འགྲིབ་ཀྱིས་ཤན་ཤུགས་ཐེབས་བཞིན་ཡོད། ཅིག་ཤོས་ནི་བརྗིད་ཆགས་པའི་རྡོ་ཁཱ་སི་ཐེའི(喀斯特Krastཞེས་པ་ནི་ནན་སི་ལ་ཧྥུ་སྔོན་མའི་ནུབ་བྱང་ས་ཁུལ་གྱི་ཡུ་སི་ཐེ་ཕྱེད་གླིང་ཐན་སྐྱུར་ཚྭ་རྡོའི་མཐོ་སྒང་གི་མིང་ཡིན་ལ། ས་གནས་ཀྱིས་མིས་བཤད་པ་ལྟར་ན། བྲག་རི་གཅེར་རྗེན་ཞེས་པའི་དོན་ཡིན། ཁཱ་སི་ཐེའི་ས་ངོས་ཆགས་ཚུལ་ཞེས་པ་ནི་ཉེ་རབས་སུ་ཁཱ་སི་ཐེ་ལ་ཞིབ་འཇུག་བྱས་པས་ས་མིང་དེ་ལྟ་བུ་ཐོགས་པའོ།།)ས་ངོས་ཆགས་ཚུལ་ཡིན།
     རྒྱལ་ཁབ་སྤྱི་གླིང་གི་ས་ངོས་ཆགས་ཚུལ་གྱི་རྣམ་པ་ཕུན་སུམ་ཚོགས་པ་སྟེ། བདེ་ཐང་དང་རི་མ་ཐང་ཡོད་པར་མ་ཟད། རི་སྒང་ཡང་ཡོད། དེ་དག་ལས་མི་ལ་བག་ཆགས་ཆེས་ཟབ་མོ་འཇོག་པ་ནི་ཁཱ་སི་ཐེའི་ཞུན་བྲག་གི་ས་ངོས་ཆགས་ཚུལ་གྱི་མཛེས་ལྗོངས་དེ་ཡིན། སྤྱི་གླིང་གི90%ཡི་ས་ངོས་ཆགས་ཚུལ་ནི་ཧྲེང་པའོ་ལུའོ་རི་བོ་ཡི་མཐའ་སྐོར་གྱི་ཁཱ་སི་ཐེ་ཐལ་མདོག་གི་བྲག་རྒྱུད་ཀྱིས་གྲུབ་ཅིང་། མཛེས་ལྗོངས་གཙོ་ཆེ་ཤོས་ནི་ཧྲེང་པའོ་ལུའོ་ཕུག་པ་ཡི་ས་འོག་གི་བཞུར་ཆུ་སྟེ། སྤྱིའི་རིང་ཚད་ལ་སྨིས8000ཡོད་པ་དེ་ཡིན་པ་དང་། གནས་སྐོར་བ་དག་གྲུ་ཆུང་ལ་བསྡད་དེ་ས་འོག་གི་བཞུར་ཆུ་བརྒྱུད་སའི་བྲག་ཕུག་ལ་ལྟ་སྐོར་དུ་ཕྱིན་ཆོག བྲག་ཕུག་གི་ནང་ཧ་ཅང་བསིལ་མོ་ཡིན་པ་དང་། གྲུ་ཆུང་དུ་ཡོད་པའི་གློག་སྒྲོན་ལ་བརྟེན་ནས་བྲག་ཕུག་ནང་རོལ་དུ་ཡོད་པའི་ངོ་མཚར་ཞིང་དབྱིབས་སྣ་ཚོགས་སུ་ཡོད་པའི་རྡོ་ནུ་རལ་མཐོང་ཐུབ་སྟེ། ཁ་ཤས་ནི་གཏོས་ཆེ་ཞིང་རྩེ་མོ་ཅན་གྱི་སྙུང་བུ་དང་མཚུངས་པ་དང་། ལ་ལ་ནི་རྡོ་ཡི་ལྡེབས་ངོས་སུ་བཀལ་བའི་ཤ་མོ་སྤྲེལ་མགོ་མ་དང་འདྲ་བར་དངོས་གནས་ཧ་ལས་ཤིང་ངོ་མཚར་བ་ཞིག་ཡིན་སྟབས། གནས་སྐོར་བ་དག་ཡ་མཚན་ཏེ་ངག་ནས་སྒྲ་སྣ་ཚོགས་བར་མེད་དུ་འབྱིན་བཞིན་གདའ། ས་འོག་བཞུར་ཆུ་ཧྲེང་པའོ་ལུའོ་རི་བོའི་ནུབ་ཕྱོགས་སུ་ཧ་ལམ་སྨིས2000ཡོད་པའི་གནས་སུ་ས་ངོས་སུ་ཐོན་པ་དང་། དེའི་རྗེས་ཧྲེང་པའོ་ལུའོ་ཁུགས་པར་བཞུར་པ་རེད།
     སྤྱི་གླིང་དེར་ད་དུང་རྣམ་པ་མི་འདྲ་བའི་ནགས་ཚལ་མང་བོ་ཡོད་དེ། ས་དམའ་སའི་ནགས་ཚལ་དང་། ཁཱ་སི་ཐེའི་ནགས་ཚལ། ཐལ་མདོག་བྲག་རིའི་ནགས་ཚལ་སོགས་ཡོད་ལ། མང་ཆེ་ཤོས་སུ་སྔོ་ཁེབས་སྲུང་སྐྱོབ་བྱས་པ་གདོད་མའི་རྣམ་པ་ལྟར་ཡོད་པས། རི་སྐྱེས་སྲོག་ཆགས་སྣ་ཚོགས་དེ་གར་འཚོ་སྡོད་བྱས་ཡོད། སྤྱི་གླིང་གི་མཚོ་རྒྱུད་དུ་རྒྱ་མཚོའི་རུས་སྦལ་དང་། སྲོག་ཆགས་རུའུ་ཀེན་ཡང་མཐོང་ཐུབ་བོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།