བརྗིད་ཉམས་ལྡན་པའི་ཝེ་ཏུའུ་ལེ་ཡ་རྦབ་ཆུ།
ཙན་པི་ཆུ་བོ་ནུབ་མའི་སྟེང་དུ་ཡོད་པའི་ཝེ་ཏུའུ་ལེ་ཡ་རྦབ་ཆུ་ནི་ཧྥེ་གླིང་ལྷོ་མའི་ཙན་པི་ཡ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། འཛམ་གླིང་སྟེང་གི་ཞེང་ཚད་ཆེས་ཆེ་ཞིང་བརྗིད་ཉམས་ལྡན་པའི་རྦབ་ཆུའི་གྲས་ཡིན། རྦབ་ཆུ་དེའི་ཞེང་ལ་སྨིས1600ལྷག་དང་། གཟར་ཚད་ཆེས་ཆེ་སར་ཧ་ལམ་སྨིས100ཡན་ཡོད། སྤྲིན་པ་ལྟར་འཐིབས་པའི་ཆུ་རྡུལ་བར་སྣང་དུ་སྨིས300ལྷག་ཟུག་ཅིང་། ཚུལ་དེ་སྟོང་སྨིས10ཡི་ཕ་རོལ་དུ་མཐོང་ཐུབ། ཆར་དུས་སུ་རྦབ་ཆུའི་ཁུལ་དུ་སྨུག་ལོང་འཕྱུར་ཞིང་། ནམ་མཁའ་གཡའ་དག་དུས་ལྗོངས་དེའི་ག་ས་གང་དུ་མིག་འཕྲུལ་བར་བྱེད་པའི་འཇར་ཚོན་གྱིས་བརྒྱན་པས་ཧ་ཅང་མཛེས་ཤིང་ཡིད་དུ་འོང་།
ཝེ་ཏུའུ་ལེ་ཡ་རྦབ་ཆུ་ནི་རྦབ་ཆུ་དུ་མ་ལས་གྲུབ་པ་ཞིག་ཡིན་ཏེ། བྲག་རྡོས་ཁག་བགོས་པ་ལས་རྦབ་ཆུ་ཁག་ལྔ་རུ་གྱེས་ཤིང་། དེ་དག་ནུབ་ནས་ཤར་དུ་རིམ་བཞིན་གདོན་འདྲེ་རྦབ་ཆུ་དང་། རྦབ་ཆུའི་གཞུང་། རྦབ་ཆུ་རྟ་རྨིག་མ། རྦབ་ཆུ་འཇར་ཚོན་མ། རྦབ་ཆུ་ཤར་མ་བཅས་ཡོད་པ་དང་། དེ་ལས་རྦབ་ཆུ་འཇའ་ཚོན་མ་ནི་རྦབ་ཆུ་ཡོངས་ཀྱི་གཟར་ཚད་ཆེས་མཐོ་ཞིང་ངོ་མཚར་བའི་ཁག་ཡིན། བཞུར་ཆུ་གཅིག་ལངས་གཅིག་འཇགས་དང་། ཟླ་གམ་དབྱིབས་ཀྱི་འཇར་ཚོན་གྱིས་བསྐོར་བས་ལྷ་ཡུལ་དུ་བསླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་འོང་། གོ་ཐོས་སུ་ཟླ་བ་ཉ་གང་དུས་སྐུ་བསོད་ཆེ་བའི་མི་རྣམས་ཀྱིས་ངོ་མཚར་བའི་ཟླ་བའི་འཇར་ཚོན་ཡང་མཐོང་ཐུབ་ཅེས་གྲགས།
རྦབ་ཆུ་ཡི་གྲུབ་ཚུལ་ཏག་ཏག་གནས་དེའི་ས་གཤིས་ཀྱི་གྲུབ་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཝེ་ཏུའུ་ལེ་ཡ་རྦབ་ཆུ་ཡང་དེ་ལས་མ་འདས་པ་རེད། ཙན་པི་ཆུ་བོ་ནུབ་མ་འབབ་ཡུལ་གྱི་སྟོད་རྒྱུད་དང་བར་རྒྱུད་ཀྱི་འབྲེལ་མཚམས་སུ། བྲག་རྡོ་གས་ཆད་ཁྲོད་བྱུང་བའི་གྲོག་རོང་ཞིག་འཕྲེད་བཅད་དུ་ཡོད་པས་ད་གཟོད་བརྗིད་ཉམས་ལྡན་པའི་ཝེ་ཏུའུ་ལེ་ཡ་རྦབ་ཆུ་གྲུབ་པ་རེད། ཆུ་བོའི་རྒྱུན་ནི་གཞོགས་གཉིས་ཀྱི་ཁ་སྤྲོད་དུ་སྨིས75ཡོད་པའི་གཡང་ས་ནས་ཐུར་དུ་བབས་པས་གུ་དོག་པའི་གྲོག་རོང་ནི་ལྷོག་ལྷོག་ཏུ་འཁོལ་བའི་སླ་ང་ཞིག་དང་འདྲ་བར་ཆུ་འཁོར་ཆེན་པོ་ཞིག་ཏུ་གྲུབ་པ་དང་། དེའི་རྗེས་རིང་ཚད་ལ་སྟོང་སྨིས72ལྷག་ཡོད་པའི་གྲོག་རོང་བརྒྱུད་དེ་འབབ་བཞིན་ཡོད། སྤྱི་ལོ1989ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་ལྷན་ཚོགས་ཀྱིས་ཝེ་ཏུའུ་ལེ་ཡ་རྦབ་ཆུ་འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོའི་ཁོངས་སུ་བཞག་གོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com