ཧྥེ་གླིང་ཤར་མའི་གྲོག་རོང་ཆེན་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-06 08:55:00 ཀློག་གྲངས།:

ཧྥེ་གླིང་ཤར་མའི་གྲོག་རོང་ཆེན་པོ།

སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་རྨ་ཤུལ།
ཧྥེ་གླིང་ཤར་མའི་གྲོག་རོང་ཆེན་པོ།

     གནམ་གྲུ་ཧྥེ་གླིང་ཤར་མའི་ཐིག་དམར་སྟེང་འཕུར་བསྐྱོད་བྱེད་དུས། གནམ་གྲུའི་སྒེའུ་ཁུང་ལས་མར་བལྟས་ན་ས་ངོས་སུ་གྲི་ཤུལ་ལྟ་བུའི་ས་དབྱིབས་ཤིག་མཐོང་ལམ་དུ་མངོན་ཡོང་། དེ་ནི་ཡོངས་སུ་གྲགས་པའི་སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་རྨ་ཤུལ་ཏེ། ཧྥེ་གླིང་ཤར་མའི་གྲོག་རོང་ཆེན་པོ་རེད།
     གྲོག་རོང་དེ་ཤར་ནུབ་གཉིས་སུ་དབྱེ་ཞིང་། ཤར་ཕྱོགས་ཀྱི་གྲོག་རོང་ནི་གྲོག་རོང་གཙོ་བོ་དེ་ཡིན། དེའི་ངོས་གཉིས་ཀྱི་ཆ་མང་ཆེ་ཤོས་ནི་གཡང་གཟར་ཆེ་བའི་བྲག་ངོས་ཡིན། ནུབ་ཕྱོགས་ཀྱི་གྲོག་རོང་གི་རྒྱ་ཁྱོན་ཅུང་ཆུང་། གྲོག་རོང་ཆེན་པོ་དེའི་སྤྱིའི་རིང་ཚད་ལ་སྟོང་སྨིས6400ཡོད་ལ། ས་རྒྱུས་ཀྱི་ཆ་ནས་ཧྥེ་གླིང་ཤར་མའི་ཁྱབ་ཁོངས་ལས་བརྒལ་ཏེ། བྱང་ཕྱོགས་སུ་བར་མ་ཆད་པར་ཡ་གླིང་ནུབ་མའི་སི་ཧེ་མཚོའི་བར་བརྐྱངས་འདུག
     ཧྥེ་གླིང་ཤར་མའི་གྲོག་རོང་ཆེན་པོའི་ཡུལ་ལྗོངས་ནི་མི་རྣམས་ཀྱི་བློ་ངོར་ཡོད་པའི་གྲོག་རོང་གཞན་དག་གི་ཡུལ་ལྗོངས་དང་མི་འདྲ་སྟེ། ཁོད་དོག་ཅིང་རིང་ལ་ནག་འབྱམས་ཆེ་བ་དང་། མི་མེད་ལུང་སྟོང་གི་གྲོག་རོང་ཞིག་མ་ཡིན། ཁྱོད་ཉིད་དངོས་སུ་དེ་གར་ཕེབས་ན་གྲོག་རོང་གི་ནང་རོལ་དུ་མངོན་པ་ནི་ཡུལ་ལྗོངས་གཞན་ཞིག་སྟེ། གཡུ་ལོ་ཚང་ཚིང་འཁྲིགས་པའི་ལྗོན་ཤིང་དང་། དྭངས་གསལ་སྔོ་མེར་འཁྱིལ་བའི་མཚེའུ། ལུ་གུའི་རྒྱུད་དུ་ཡོད་པའི་རི་ཚོགས་སོགས་ཡིན་ལ། དེ་མིན་ད་དུང་གྲོང་སྡེ་དང་གྲོང་རྡལ་ཡང་མང་པོ་ཞིག་མཐོང་ཐུབ། གྲོག་རོང་ཆེན་པོ་དེ་ནི་སྲོག་ཆགས་དང་རྩི་ཤིང་མང་པོའི་རྟེན་མཛོད་ཁང་སྟེ། སྟུག་ཅིང་རྫུབས་ཆེ་བའི་གདོད་མའི་ནགས་ཚལ་གྱིས་རི་ཚོགས་བཀླུབས་ཤིང་། བགྲང་གིས་མི་ལང་བའི་ཚ་བའི་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་མང་བོ་དེ་ཡི་ཕང་བ་རུ་བག་ཕེབས་ཀྱིས་འཚོ་ཞིང་གནས།
     དེས་ན་ཧྥེ་གླིང་ཤར་མའི་གྲོག་རོང་ཆེན་པོ་དེ་ཇི་ལྟར་གྲུབ་པ་ཡིན་ཞེ་ན། དེ་ནི་ལོ་ངོ་ཁྲི3000ཡར་སྔོན་གྱི་ས་ཤུན་ལེབ་མོའི་འགུལ་བསྐྱོད་ཁྲོད་ས་རིམ་ཆག་གས་བཏོད་པ་ལས་བྱུང་བ་རེད། ཧ་ལས་པ་ཞིག་ལ་གྲོག་རོང་ཆེན་པོ་དེ་བར་མ་ཆད་པར་ངོས་གཉིས་ཆེ་རུ་འགྲོ་བཞིན་ཡོད་པས། ས་ཁམས་རིག་པ་བ་ཁ་ཤས་ཀྱིས་མ་འོངས་པར་གྲོག་རོང་ཆེན་པོ་དེའི་གས་སྲུབས་བརྒྱུད་ནས་ཧྥེ་གླིང་སྐམ་ས་ཆེན་པོ་དུམ་བུ་གཉིས་སུ་འགྲོ་ཞེས་གསུངས་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།