འཛམ་གླིང་ན་ཆེས་རིང་བའི་བྲག་ཕུག་སྟེ་གླང་རྒོད་བྲག་ཕུག
འཛམ་གླིང་ན་ཆེས་རིང་བའི་བྲག་ཕུག
གླང་རྒོད་བྲག་ཕུག
མིང་འདི་ཐོས་མ་ཐག་ཏུ་མི་རྣམས་ཀྱིས་གནའ་སྔ་མོའི་ལུས་བོངས་ཆེ་ཞིང་། སྤུ་རིས་འཇོལ་ལོ་ལོ་བྱེད་པའི་གླང་རྒོད་བྲིས་མ་དེ་ཝ་ལེར་དྲན་སྲིད་ཀྱང་། དོན་དུ་བྲག་ཕུག་དེ་ནི་ཨ་མེ་རི་ཁའི་ཁེན་ཐཱ་ཅིའི་ཡུལ་དབུས་གླང་རྒོད་བྲག་ཕུག་རྒྱལ་ཁབ་སྤྱི་གླིང་ཡིན་པ་ལས་གླང་རྒོད་དང་འབྲེལ་བ་ཏོག་ཙམ་ཡང་མེད། ས་འོག་གི་བྲག་ཕུག་དེའི་མིང་གི་ཐོགས་དོན་ནི་འདྲ་བ་རྒྱུ་མཚན་དུ་བྱས་པ་སྟེ། བྲག་ཕུག་ཁོད་ཡངས་ཤིང་གཏོས་ཆེ་བས་གླང་རྒོད་ཀྱི་དཔེ་རུ་བརྗོད་པ་ལས། དེ་ནི་གླང་རྒོད་འཚོ་སྡོད་བྱེད་སའི་གནས་ཤིག་མིན།
གླང་རྒོད་བྲག་ཕུག་ནི་འཛམ་གླིང་ན་ཕུག་ཚད་ཆེས་རིང་བའི་བྲག་ཕུག་སྟེ། ལོ་ངོ200(སྤྱི་ལོ2006ལོའི་བར)ཡི་རིང་ལ་ཉེན་བརྟག་པ་རྣམས་ཀྱིས་གཅིག་རྗེས་གཉིད་མཐུད་དུ་འཚོལ་ཞིབ་ལས་གཏོས་ཆེ་ཞིང་བྲག་ཕུག་གཞན་གྱི་དོ་ཟླ་མ་ཡིན་པའི་བྲག་ཕུག་གི་རྒྱལ་པོ་ལྟ་བུའི་ཆ་ཤས་ཤིག་གི་རིང་ཚད་ལ་སྟོང་སྨིས240བརྒལ་ཡོད་པ་ཤེས་རྟོགས་བྱུང་ཡང་། དོན་གྱི་རིང་ཚད་དངོས་དེ་ག་འདྲ་ཞིག་ཡིན་པ་སུས་ཀྱང་མ་ཤེས་སྟབས། ད་ཕན་བར་ལན་ཡང་དག་ཅིག་བཀོད་མེད། མིག་སྔར་འཚོལ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་ཆུས་བྲུས་བྲག་ཕུག255ཡིས་གྲུབ་པ་ཞིག་ཡིན་ལ། བརྩེགས་རིམ་ལྔ་ཡོད་ཅིང་། སྟེང་འོག་གཡས་གཡོན་ཐམས་ཅད་མུ་སྦྲེལ་ནས་ཡོད་པ་དང་། ཆུས་བྲུས་བྲག་ཕུག་དག་ནི་ཀྱག་ཀྱོག་ཆེ་ལ་ཕུ་ཐག་རིང་བའི་ཁར། ས་འོག་གི་གསང་བའི་ཕོ་བྲང་ཞིག་ཏུ་གྲུབ་ཡོད་པས། གནས་སྐོར་བ་དག་དེ་ག་རུ་འགྲུལ་བཞུད་བྱེད་དུས་གློ་བུར་དུ་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་དང་ཀུན་ནས་མཚུངས་པའི་ཚོར་ཤེས་སྐྱེས་སུ་འཇུག གླང་རྒོད་བྲག་ཕུག་ཏུ་གཞན་དང་ཐུན་མོང་མ་ཡིན་པའི་ཚོམས་ཆེན་ཧ་ཅང་མང་མོད། དེ་དག་ལས་ཆེས་ཆེ་བ་ནི་ཚོ་དཔོན་ཚོམས་ཆེན་ཏེ། དེ་རུ་མི་ཆིག་སྟོང་ལྷག་ཤོང་ཐུབ། ད་དུང་སྐར་མའི་ཚོམས་ཆེན་ཞེས་པའི་ཚོམས་ཆེན་དེ་ཡི་བླ་ཁེབས་ནི་ཁ་དོག་ནག་པོའི་དབྱང་འགྱུར་རྫས་ཀྱིས་གྲུབ་པ་དང་། དེ་ཡི་སྟེང་དུ་དུང་མདོག་ཅུ་གང་གི་ཞུན་ཐིགས་མང་བོས་ཕྲ་ཚོམ་དུ་བརྒྱན་ཡོད་པས་བལྟས་མ་ཐག་ཏུ་སྐར་འོད་ལམ་ལམ་འཕྲོ་བའི་མཚན་མོའི་ནམ་མཁའ་དང་མཚུངས།
བྲག་ཕུག་དེ་ཆུས་བྲུས་བྲག་ཕུག་གཞན་དག་དང་འདྲ་བར་དབྱིབས་དང་ཁ་དོག་སྣ་ཚོགས་ཀྱི་རྡོ་མྱུག་མཆིས་ལ། ད་དུང་རྦབ་ཆུ་བདུན་དང་ས་འོག་གི་མཚེའུ་ཞིག་ཀྱང་གདའ། ཚན་རིག་པས་བྲག་ཕུག་དེ་ནི་བཞུར་ཆུས་བྲུས་པ་ལས་གྲུབ་པར་འདོད་དེ། ལོ་ངོ་དུང་ཕྱུར2.4ལྷག་གི་དུས་ཡུན་བརྒྱུད་མཐར། ད་གཟོད་དེང་གི་བྲག་ཕུག་འདི་ལྟ་བུ་ཞིག་ཏུ་གྲུབ་པ་ཡིན་ལ། ད་དུང་མུ་མཐུད་དུ་ཆེ་རུ་འགྲོ་ངེས་ཏེ། ས་འོག་ཆུས་རྒྱུན་མི་ཆད་པར་རྡེག་བཞིན་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com