དུ་སྨུག་སྔོན་པོས་བསྒྲིབས་པའི་རི་རྒྱུད།
དུ་སྨུག་སྔོན་པོས་བསྒྲིབས་པའི་རི་རྒྱུད།
སྨུག་འཛིན་རི་བོ།
ཨ་མེ་རི་ཁའི་བྱང་ཁ་ལུའོ་ལའེ་ན་ཀྲོའུ་ཡི་ནུབ་ཕྱོགས་དང་ཐེན་ན་ཞི་ཀྲོའུ་ཡི་ཤར་ཕྱོགས་ཀྱི་བར་མཚམས་སུ་སྨུག་འཛིན་རི་ཞིག་མཆིས། སྤྱིར་བཏང་དུ་སྨུག་པས་བསྒྲིབས་པའི་རི་བོ་མང་ནའང་། ལོ་ཧྲིལ་བོར་སྨུག་སེང་རས་སྔོན་པོ་ལྟ་བུས་གཡོགས་པའི་རི་བོ་འདི་ལས་གཞན་མེད་པས། དབྱིན་ཏེ་ཨན་མིས་དུ་སྔོན་རི་ཞེས་ཀྱང་བརྗོད། དེ་ལས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ནི་རི་བོ་དེར་དུས་ཚོད་མི་འདྲ་བ་ལས་དུ་སྨུག་འཐིབས་པའི་སྣང་ཚུལ་ཡང་མི་འདྲ་སྟེ། ཞོགས་པར་སྨུག་པས་རི་སུལ་བཏུམས་པས་རི་རྩེ་མ་གཏོགས་མཐོང་མི་ཐུབ་ལ། ཉིན་གུང་དུ་སྨུག་ཇེ་ཉུང་དུ་ཕྱིན་པས། དུ་སྤྲིན་སྲབ་མོ་ཟམ་མི་ཆད་པར་དལ་གྱིས་རྒྱུ་བཞིན་ཡོད། ས་སྲོས་ཀྱི་དུས་ལ་ཉི་ཟེར་གྱི་བཀྲག་མདངས་ཀྱིས་རི་མགོའི་སྨུག་པ་དམར་མདོག་གི་ཡོལ་བ་ཞིག་དང་ཀུན་ནས་འདྲ།
ལོ་དུང་ཕྱུར་གཉིས་ཡར་སྔོན་གྱི་གནའ་བོའི་སྐྱེ་དངོས་ཀྱི་དུས་རབས་སུ། ས་ཤུན་འགུལ་སྐྱོད་དྲག་པོ་ལས་རི་རྒྱུད་མང་བོ་གྲུབ་ཅིང་། སྨུག་འཛིན་རི་བོ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། དུས་ད་ལྟ་སྨུག་འཛིན་རི་བོ་དེ་རི་བོ16གིས་གྲུབ་ཅིང་། རི་ངོས་ཕལ་ཆེར་ནགས་ཚལ་གྱིས་གཡོགས་ལ། དེ་དག་གི་ཁྲོད་དུ་རྦབ་ཆུ་ཆེ་ཆུང་གཉིས་ཀ་ཡོད། སྨུག་འཛིན་རི་བོ་ག་དུས་ཡིན་ཡང་སྨུག་པས་བསྒྲིབས་དོན་ཅི་ཡིན་ཞེ་ན། དེ་ནི་རི་རྒྱུད་དེའི་མཁའ་དབུགས་ཁྲོད་བརླན་གཤེར་གྱི་ཚད་ཧ་ཅང་ཆེ་བས་ཡིན།
སྨུག་འཛིན་རི་བོ་ནི་འཛམ་གླིང་སྟེང་སྲུང་སྐྱོབ་བྱས་པ་ཆེས་བཟང་བའི་ས་ཁུལ་གྱི་གྲས་ཡིན། གནས་དེར་ས་བཅུད་འཛོམས་ཤིང་ཆར་འབབ་ཚད་མོད་པ་སོགས་ཀྱི་ཆ་རྐྱེན་བཟང་བོས་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ་ཞིག་ཏུ་གྱུར་ལ། འཛམ་གླིང་སྟེང་གི་ཆེས་བཟང་ཞིང་འཐུས་ཚང་བའི་དྲོ་ཁུལ་གྱི་ལོ་མ་སྟུག་པོའི་ནགས་ཚལ་ཏེ། རིགས་བརྒྱ་ཕྲག་སྟོང་བརྒལ་གྱི་མེ་ཏོག་གི་ཚོགས་དང་ལྗོན་ཤིང་། གཞན་བྱ་རིགས་དང་། སྦྲུལ་རིགས། འོ་འཐུང་སྲོག་ཆགས་ཀྱི་རིགས་བཅས་ཡོད་ཅིང་། དེ་དག་ལས་མིང་གྲགས་གླིང་ལ་ཁྱབ་པའི་མེ་གླིང་གི་སེང་གེ་དང་། དོམ་ནག ད་དུང་རྩ་མེད་དུ་འགྲོ་ལ་ཉེ་བའི་ཁེར་འདུག་བྱ་ཁྲ་སོགས་མཆིས། སྨུག་འཛིན་རི་རྒྱུད་ཀྱི་རི་གསེབ་ཏུ་ཆུ་ཕྲན་ཤིན་ཏུ་མང་བས། སྐམ་ཆུ་གཉིས་ཀར་འཚོ་བའི་སྲོག་ཆགས་ལ་ཧ་ཅང་འཚམ་ཞིང་། མཐོང་དཀོན་པའི་ཆུ་རྩངས་ལྟོ་དམར་ནི་གནས་དེ་ན་མ་གཏོགས་གཞན་དུ་མཐོང་དཀོན་པའི་སྲོག་ཆགས་ཤིག་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com