ཨན་ཧོ་ཨར་རྦབ་ཆུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-14 10:23:00 ཀློག་གྲངས།:

མཁའ་ལས་འབབ་པའི་ཆུ་རྒྱུན།

མཁའ་ལས་འབབ་པའི་ཆུ་རྒྱུན།
ཨན་ཧོ་ཨར་རྦབ་ཆུ།

     མེ་གླིང་ལྷོ་མའི་ཝེ་ནེ་ཙུའེ་ལ་ཡི་ཆིའུ་ལུན་ཆུ་བོ་ལས་གྲུབ་པའི་ཨན་ཧོ་ཨར་རྦབ་ཆུའི་གཟར་ཚད་ནི་སྨིས979.6ཡོད་པས། འཛམ་གླིང་སྟེང་གི་གཟར་ཚད་ཆེས་མཐོ་བའི་རྦབ་ཆུ་ཡིན། རྦབ་ཆུ་དེ་རིམ་པ་གཉིས་སུ་ཡོད་དེ། རིམ་པ་དང་པོ་དེ་སྨིས807གྱི་མཚམས་སུ་འཕྲེད་དུ་བསྲིངས་ཡོད་པའི་བྲག་ཐེམ་སྟེང་དུ་མར་འབབ་པ་དང་། དེའི་རྗེས་སྨིས172.6ནས་མར་རི་འདབས་སུ་ཞེང་ཚད་ལ་སྨིས152ཡོད་པའི་རྫིང་བུ་ཆེན་པོར་འབབ་ཀྱིན་ཡོད།
     རྦབ་ཆུ་ཡོད་སའི་ས་ཁུལ་ནི་ཚ་ཁུལ་གྱི་ཆར་ཆུ་མང་བའི་ནགས་རྫུབས་ཀྱི་ཁྲོད་ཡིན་ཞིང་། ཆར་དུས་སུ་ཆར་ཆུའི་འབབ་ཚད་ཤིན་ཏུ་མང་ཁར། ཆུ་བོ་བོགས་ཐོན་ཞིང་། ཇེ་ཟབ་ཏུ་གྱུར་པས་གནས་སྐོར་བ་རྣམས་གྲུ་ལ་བསྡད་དེ་གནས་དེར་ལྟ་སྐོར་དུ་ཕྱིན་ཆོག་མོད། དེ་ལས་གཞན་པའི་དུས་ཚིགས་སུ་གནམ་གྲུར་བསྡད་དེ་བར་སྣང་ནས་ལྟ་བ་ལས་ཉེ་སར་འགྲོ་མི་ཐུབ། བརྗོད་མོས་པ་ཞིག་ལ་རྦབ་ཆུ་དེ་ཡང་མིས་བར་སྣང་ནས་ཐོག་མར་མཐོང་བ་ཡིན།
དུས་རབས་ཕྱེད་ཀའི་སྔོན་དུ་ཨན་ཧོ་ཨར་རྦབ་ཆུ་ནི་གྲོག་རོང་ཟབ་མོར་ཡོད་པས་སུས་ཀྱང་མ་ཤེས། སྤྱི་ལོ1935ལོར་གནམ་གྲུའི་ཁ་ལོ་བ་ཨན་ཧོ་ཨར་མི་གཞན་གྱིས་གླས་ཏེ། ས་ངོས་ཧྲིལ་བོར་གསེར་གྱིས་ཁྱབ་པའི་ཆུ་རྒྱུན་ཞིག་འཚོལ་སྐབས། གནས་དེ་གར་ཐེངས་མང་བོར་ས་ངོས་དང་ཉེ་ས་ནས་འཕུར་བསྐྱོད་བྱས། ཐེངས་ཤིག་ལ་གནམ་གྲུའི་སྐད་སྒྲ་ལས་ཀྱང་ཆེ་བའི་སྒྲ་ཆེན་པོ་ཞིག་ཐོས་པས། ཁ་ལོ་བ་ཨན་ཧོ་ཨར་གྱིས་མགོ་བོ་ཡར་དགྱེ་ནས་མཐོངས་སུ་ལྟ་དུས། མགོ་ཐོག་གི་སྤྲིན་པའི་ཁྲོད་ནས་ཆིལ་ཆིལ་དུ་གྲོག་རོང་ཟབ་མོར་འབབ་པའི་རྦབ་ཆུ་ཞིག་ཡོད་པ་ཐོག་མར་མཐོང་།
     ཨན་ཧོ་ཨར་གྱིས་རྦབ་ཆུ་དེ་ཉིད་གསར་རྙེད་བྱུང་བ་ལ་དུས་དེར་མི་རྣམས་ཀྱིས་དོ་སྣང་ཆེར་མ་བྱས། སྤྱི་ལོ1949ལོར་ཨ་མེ་རི་ཁའི་ས་ཁམས་རིག་པའི་ལྷན་ཚོགས་ཀྱི་ཉེན་བརྟག་ཚོ་ཆུང་ཞིག་གིས་རྦབ་ཆུ་དེ་ཉིད་ལ་ཚད་འཇལ་བྱས་པ་དང་། སྤྱི་ལོ1956ལོར་གནམ་གྲུའི་ཁ་ལོ་བ་ཨན་ཧོ་ཨར་ཕ་ན་མ་རྒྱལ་ཁབ་ཏུ་འཕུར་བསྐྱོད་བྱེད་དུས་གནམ་གྲུར་དོན་རྐྱེན་བྱུང་ནས་འདས་རྐྱེན། ཁོང་ཉིད་ལ་རྗེས་དྲན་གྱི་ཆེད་དུ་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱིས་རྦབ་ཆུ་དེ་ལ་ཨན་ཧོ་ཨར་ཞེས་བཏགས་པ་རེད།
     དུས་དེ་རིང་།  ཨན་ཧོ་ཨར་རྦབ་ཆུ་ཞེས་འཛམ་གླིང་ཡོངས་ལ་གྲགས་ཀྱང་། རྦབ་ཆུ་ཡོད་སའི་ཁོར་ཡུག་ནི་རི་གཟར་ལ་ནགས་རྫུབས་པས་གན་དུ་བཅར་ནས་དངོས་སུ་མཐོང་ཐུབ་པའི་གནས་སྐོར་བ་ཤིན་ཏུ་ཉུང་། རྦབ་ཆུའི་མཛེས་ཉམས་ལོ་ཧྲིལ་བོའི་དུས་ཚོད་ཕལ་ཆེ་བར་མཐོང་དཀོན་པས། གནས་སྐོར་བ་དག་གིས་གནམ་གྲུ་གླས་ན་ད་གཟོད་བར་སྣང་ནས་རྒྱང་མཇལ་བྱས་ཆོག་གོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།