སའི་གོ་ལའི་སྟེང་གི་ཚྭ་འདུས་ཚད་ཆེས་མཐོ་བའི་མཚེའུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-09 15:13:00 ཀློག་གྲངས།:

སའི་གོ་ལའི་སྟེང་གི་ཚྭ་འདུས་ཚད་ཆེས་མཐོ་བའི་མཚེའུ།
སི་ཧེ་མཚོ། The Sea of Death

     མི་ཁ་ཤས་ཀྱིས་སི་ཧེ་མཚོ་ནི་སའི་གོ་ལའི་སྙིང་ཁར་ལྟེམས་མར་འཁྱིལ་བའི་སྡུག་ཆུ་ལ་བསྡུར་བ་སྟེ། སི་ཧེ་མཚོ་ཁར་བསླེབས་མྱོང་བའི་མིས་སི་ཧེ་མཚོ་ཆུའི་བྲོ་བ་དེ་རོ་ཁ་ཞིང་བསྐ་བ་ཞིག་ཡིན་པ་ཤེས་ཐུབ། སི་ཧེ་མཚོ་ནི་དབྱི་སི་རལ་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱི་དཀྱིལ་དབུས་སུ་གནས་ཤིང་། མི་རྣམས་ཀྱིས་མཚོ་ཞེས་བརྗོད་ཀྱང་དོན་དངོས་སུ་སྐམ་སའི་ནང་ཁུལ་གྱི་ཚྭ་ལྡན་མཚེའུ་ཞིག་སྟེ། སྐམ་སའི་སྟེང་གི་ཆེས་དམའ་བའི་མཚེའུ་དང་། འཛམ་གླིང་སྟེང་གི་ཚྭ་འདུས་ཚད་ཆེས་མཐོ་བའི་མཚེའུ་ཡིན་ལ། ཚྭ་འདུས་ཚད་སྤྱིར་བཏང་གི་མཚོ་ཆུ་ལས་ལྡབ10ཡི་མཐོ། དེའི་ལྷོ་བྱང་གི་རིང་ཚད་ལ་ཕལ་ཆེར་སྟོང་སྨིས80དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨིས5ནས18ཡིན། མཚོ་ཆུ་ཡི་ཆ་སྙོམས་ཟབ་ཚད་ལ་སྨིས146དང་། ཆེས་ཟབ་པའི་གནས་སུ་ཧ་ལམ་སྨིས400མཆིས།
     མི་རྣམས་ཀྱིས་མཚེའུ་དེ་ལ་སི་ཧེ་མཚོ(སི་ཧེ་ནི་རྒྱ་ནག་སྐད་དེ་མཚོ་ཤི་བོ་ཞེས་པའི་དོན་ཡིན)ཞེས་འབོད་དོན་ཅི་ཡིན་ཞེ་ན། དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་སི་ཧེ་མཚོ་ཆུ་ཕྱི་རོལ་དུ་བཞུར་སའི་མཚོ་ཁ་མེད་པ་དང་། ཅོག་ཤོས་ནི་ཚྭ་འདུས་ཚད་མཐོ་དྲགས་པས་རྩི་ཤིང་དང་ཉ་རིགས་སོགས་མཚོ་མོ་རུ་འཚོ་ཐབས་བྲལ་བས་ཡིན། སི་ཧེ་མཚོ་ཡི་ཐུན་མོང་མ་ཡིན་པའི་གྲུབ་ཚུལ་དེ་ནི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལས་བྱུང་བའི་མཇུག་འབྲས་ཡིན། དེའི་མགོ་ཁུངས་ནི་གཏེར་རྒྱུ་ཕུན་སུམ་ཚོགས་པའི་ཅོར་ཏན་ཆུ་བོ་ཡིན་ལ། ཆུ་བོ་རྒྱུན་ཆད་མེད་པར་མཚོ་མོ་དེ་ལ་བཞུར་ཅིང་། དེ་ལས་ཕྱི་རོལ་དུ་བཞུར་སའི་ཆུ་ལམ་མེད་པ་དང་། གནས་དེ་ཡི་གནམ་གཤིས་དྲོད་ཚད་ཧ་ཅང་མཐོ་བས། མཚོ་ཆུ་བར་མ་ཆད་པར་རླངས་པར་གྱུར་ཏེ། གཏེར་རྒྱུ་རིམ་གྱིས་དྭངས་སྙིགས་བྱས་ནས་མཚོ་ཞབས་སུ་བསོགས་ཤིང་། དུས་ཡུན་ཤིན་ཏུ་རིང་བོ་ཞིག་འགོར་བ་ན། ད་གཟོད་ད་ལྟའི་འཛམ་གླིང་སྟེང་གི་ཚྭ་འདུས་ཚད་ཆེས་མཐོ་བའི་ཚྭ་ལྡན་མཚེའུ་སྟེ་སི་ཧེ་མཚོ་གྲུབ།
     སི་ཧེ་མཚོ་ནི་མ་བཅོས་རང་བྱུང་གི་ལུས་གསོ་བྱེད་སའི་གནས་མཆོག་ཅིག་སྟེ། མཚོ་དེའི་ཆུ་ལ་ཤུགས་ཚད་ལས་བརྒལ་བའི་གཡེང་ཤུགས་དང་། ཕུན་སུམ་ཚོགས་པའི་གཏེར་ཆུ། མིའི་སྐྱི་པགས་གསོ་བྱེད་ཀྱི་ནུས་པ་ལྡན་པའི་འདམ་བག་ནག་པོའི་མཚན་སྙན་ཡུལ་གྲུ་ཀུན་ལ་ཁྱབ་མོད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་ཉེ་བའི་ལོ་འགའི་ནང་དུ་ཆར་ཆུའི་འབབ་ཚད་ཤིན་ཏུ་ཉུང་བ་དང་། རྫས་འགྱར་བཟོ་ལས་ཀྱིས་བཙོ་སྦྱང་སོགས་ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་མཚོ་ཆུ་རླངས་པར་འགྱུར་ཚད་མཐོ་རུ་ཕྱིན་ཏེ། སི་ཧེ་མཚོ་ལོ་རེ་བཞིན་བྲི་ནས་རང་བྱུང་གིས་ཉམས་རྒུད་དུ་འགྱུར་བའི་ཚད་ཇེ་མགྱོགས་སུ་སོང་ལ། ཉིན་ཞིག་ལ་སི་ཧེ་མཚོ་དེ་དངོས་གནས་མཚོ་ཤི་བོ་ཞིག་ཏུ་འགྱུར་བར་སྙམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།