༄༅།།ཉི་ཧོང་རྒྱལ་ཁབ་ལ་རྒྱུས་ལོན་ཡོད་དམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-14 09:54:26 ཀློག་གྲངས།:
པར་རིས་ཡོང་ཁུངས་པའེ་ཏུའུ།
ཉི་ཧོང་རྒྱལ་ཁབ་སྟེ། རྒྱ་སྐད་དུ日本国ཟེར་བ་དང་། དབྱིན་སྐད་དུJapanཟེར། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི37.7880ལྷག་ཡོད་ལ། མི་གྲངས་དུང་ཕྱུར1.27ཡོད། རྒྱལ་ས་ནི་ཐེ་ཁོ་ཡོ་ཡིན། རྒྱལ་ཁབ་ཀྱི་གཙོ་འཛིན་ནི་གོང་མ་མེན་རིན་ཡིན་པ་དང་། སྲིད་འཛིན་ས་ཁུལ་ལ་རྒྱལ་ས་གཅིག་དང་སྲིད་ཁུལ་གཉིས། རྫོང་བཞི་བཅུ་ཞེ་གསུམ་དང་སྡེ་བ་བཅས་སུ་དབྱེ་ཡོད།
ས་བབ་གནས་ཚུལ།
ས་བབ་ཀྱི་ཁྱད་ཆོས་ནི་རི་བོ་མང་བ་དང་། ས་ཡོམ་མང་དུ་རྒྱུག་པ། ཆུ་ཚན་མང་བ། ནགས་ཚལ་མང་བ། ཆུ་བོ་མང་བ། མཚེའུ་མང་བ། གླིང་ཕྲན་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་མོད། འོན་ཀྱང་བདེ་ཐང་གི་རྒྱ་ཁྱོན་ཧ་ཅང་ཆུང་ལ་ཐོན་ཁུངས་ཧ་ཅང་ཉུང་བ་ཡིན། གནས་ས་ནི་ཡ་གླིང་གི་སྐམ་སའི་ཤར་ཕྱོགས་དང་། ཤར་ཕྱོགས་སུ་ཞི་བདེ་རྒྱ་མཚོ་ཆེན་པོ་ཡོད་ལ་བྱང་དུ་ཨི་ཧོ་ཚི་ཁི་རྒྱ་མཚོ་མཆིས། ནུབ་ཏུ་འཇར་པན་རྒྱ་མཚོ་ཡོད་པ་དང་། བྱང་ཁོ་རེ་ཡའི་མཚོ་འགག ཧོང་ཧེ་རྒྱ་མཚོ། ཤར་གྱི་རྒྱ་མཚོ། ཨུ་རུ་སུ། བྱང་ཁོ་རེ་ཡ། ལྷོ་ཁོ་རེ་ཡ། ཀྲུང་གོ་བཅས་དང་ཁ་གཏད་དུ་མཆིས། པུན་ཀྲིག་དང་པེ་ཧེ་ཏོ། སི་གོ ཅིག་ཀྲིག་བཅས་གླིང་ཕྲན་ཆེན་པོ་བཞི་དང་གླིང་ཕྲན་ཆུང་བ་གསུམ་སྟོང་དགུ་བརྒྱ་ལྷག་གིས་གྲུབ། གླིང་ཕྲན་ཆེན་པོ་བཞིའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི96%བཟུང་ཡོད།
རྒྱལ་ཡོངས་སུ་མེ་རུ་ཉིས་བརྒྱ་ལྷག་ཡོད་པ་དང་ཆུ་ཚན་ཁྲི་གཉིས་ཙམ་ཡོད། ལོ་རེར་ས་ཡོམ་ཐེངས་ཆིག་སྟོང་ཉིས་བརྒྱ་ཡན་རྒྱུག་པར་བྱེད། ནམ་ཟླ་ནི་རྒྱ་མཚོ་རང་བཞིན་གྱི་དྲོ་བའི་ས་ཁུལ་དུ་གཏོགས་པ་དང་། ཆར་ཆུ་མང་ཞིང་ཁ་བ་དང་རླུང་ལྡང་བའང་མང་། ཐོན་ཁུངས་ལ་རྒྱུ་ཆ་དང་འབར་རྫས་སོགས་ཧ་ཅང་ཉུང་བས་གཙོ་བོ་ནང་འདྲེན་ལ་བརྟེན་དགོས་པ་ཡིན། ཉ་རིགས་ཐོན་རྫས་དང་ཉ་གསོ་ར་བ་ནི་ཧ་ཅང་དར་རྒྱས་ཆེ་བའོ།།
འཇར་པན་ཞེས་པའི་མིང་ཐོགས་ཚུལ་ནི་ཉི་མ་འཆར་སའི་གནས་ཏེ་ཉི་མ་འཕགས་པའི་གནས་ཞེས་པའི་དོན་དུ་བཤད།
མི་གྲངས་དང་མི་རིགས།
འཛམ་གླིང་དུ་མི་གྲངས་འཕེལ་བ་ཆེས་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལོ་རེར་མི་གྲངས་འཕེལ་ཚད0.17%ཡིན། བུད་མེད་ཀྱི་ཚེ་ཚད་ནི་ཆ་སྙོམས་བྱས་ན་ལོ85.3ཡིན་པ། སྐྱེས་པའི་ཚེ་ཚད་ནི་ལོ78.3ཡིན། འཛམ་གླིང་གི་ཨང་གསུམ་པ་ཡིན། མི་རིགས་ལ་ཨ་ཡེ་ནོའུ་མི་རིགས་ཉུང་ངུ་ཙམ་ལས་མང་ཆེ་བ་ནི་ཏ་ཧོ་མི་རིགས་ཡིན།
སྐད་ཆ་དང་ཆོས་ལུགས།
རྒྱུན་བཀོལ་སྐད་ཆ་ནི་འཇར་པན་སྐད་ཡིན་པ་དང་ཚད་ལྡན་གྱི་སྐད་ནི་ཐེ་ཁོ་ཡོའི་སྐད་ཡིན། ཆོས་ལུགས་ནི་ལྷ་ཆོས་དང་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ལ། གཞན་ཡེ་ཤུའི་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པའང་ཡོད། ལྷ་ཆོས་ནི་གནའ་ནས་འཇར་པན་ལ་དར་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་དང་། གཙོ་བོ་ལྷ་ལ་དད་པ་བྱེད།
འཇར་པན་གྱི་རྒྱལ་ཁབ་མེ་ཏོག་ནི་སེའུ་མེ་ཏོག་ཡིན། ལྷ་ཤིང་ནི་སེའུ་ཤིང་ཡིན།
ཆབ་སྲིད་དང་དཔལ་འབྱོར།
རྩ་ཁྲིམས་ནི་སྤྱི་ལོ1947ལོའི་ཟླ5པའི་ཚེས3ཉིན་ལག་བསྟར་བྱས་པ་དང་། རྩ་ཁྲིམས་སུ་འཇར་པན་གྱི་ཁྲིམས་འཛུགས་དང་། ཁྲིམས་འཛིན། སྲིད་འཛིན་གྱི་དབང་ཆ་ཁག་གསུམ་དུ་བགོས་པའི་རྨང་གཞིའི་སྟེང་ནས་ནང་སྲིད་ལས་ཁུངས་བཙུགས་ཡོད། གོང་མ་ནི་འཇར་པན་རྒྱལ་ཁབ་དང་འཇར་པན་མི་དམངས་ཀྱི་མཚོན་བྱེད་ཡིན་མོད་། འོན་ཀྱང་སྲིད་ལ་ཞུགས་པའི་དབང་ཆ་མེད། འཇར་པན་ནམ་ཡང་འཐབ་འཛིང་ལ་མི་ཞུགས་པར་གཏན་འཁེལ་བྱས་ཡོད།
རྒྱལ་ཚོགས། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབང་འཛིན་ལས་ཁུངས་ཡིན་པ་དང་། རྒྱལ་ཚོགས་ལ་གྲོས་ཚོགས་རིམ་པ་གོང་ཞོལ་གཉིས་ཀྱིས་གྲུབ་ཡོད། གྲོས་ཚོགས་གོང་མའི་འགན་ཡུན་ལོ་བཞི་ཡིན་པ་དང་། གྲོས་ཚོགས་ཞོལ་མའི་འགན་ཡུན་ལོ་དྲུག་ཡིན། དེ་མང་ཚོགས་ཀྱིས་ཐད་ཀར་འདེམས་བསྐོ་བྱེད་དགོས་པ་ཡིན།
ནང་སྲིད་ལས་ཁུངས། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན་པ་དང་། ནང་བློན་ལ་ཙུང་ལི་བློན་ཆེན་དང་རྒྱལ་སྲིད་བློན་ཆེན་སོགས་མི་སྣ་མང་པོ་ཞིག་གིས་གྲུབ་པ་ཡིན། བློན་ཆེན་དག་རྒྱལ་ཚོགས་ཀྱིས་མིང་བཏོན་ཏེ་གོང་མའི་བསྐོ་བཞག་བྱ་དགོས་པ་ཡིན། གཞན་དག་གིས་རྒྱུགས་སྤྲོད་དགོས་པ་དང་། ཕྱེད་ཀ་ཙམ་ངེས་པར་དུ་རྒྱལ་ཚོགས་ཀྱི་གྲོས་མི་ཡིན་དགོས།
ཁྲིམས་ཁང་། ཆེས་མཐོའི་ཁྲིམས་ཁང་དང་རིམ་མཐོའི་ཁྲིམས་ཁང་། ས་གནས་ཁྲིམས་ཁང་། ཁྱིམ་ཚང་ཁྲིམས་ཁང་དང་སྟབས་བདེའི་ཁྲིམས་ཁང་བཅས་རིགས་ལྔ་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་འགལ་བརྟག་དཔྱད་ཀྱི་དབང་ཆ་ལྡན།
དཔལ་འབྱོར་ནི་འཇར་པན་དེ་ཨ་རིའི་རྗེས་ཀྱི་འཕེལ་རྒྱས་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། བཟོ་ལས་སུ་ངར་ལྕགས་བཟོ་ལས་དང་རླངས་འཁོར་བཟོ་ལས། འཕྲུལ་ཆས་བཟོ་ལས། གློག་རྡུལ་བཟོ་ལས། གྲུ་གཟིངས་བཟོ་ལས། གློག་ཤུགས་བཟོ་ལས། འགྲིམ་འགྲུལ་བཟོ་ལས་སོགས་ཧ་ཅང་དར་རྒྱས་ཆེ་ལ། སྤྱི་ལོ2004ལོའི་ཟླ7པར་བསྒྲགས་པའི་གོ་ལ་ཧྲིལ་བོའི་ཁེ་ལས་ཆེན་པོ་ལྔ་བརྒྱ་ཡི་ཁྲོད་འཇར་པན་གྱིས82%བཟུང་ཡོད། དངུལ་ལོ་ནི་ཉི་སྒོར་ཡིན།
སློབ་གསོ་དང་ཚན་རིག་ལག་རྩལ།
སློབ་ཆུང་ལོ་དྲུག་དང་འབྲིང་རིམ་ལོ་གསུམ། མཐོ་རིམ་ལོ་གསུམ། སློབ་ཆེན་ལོ་བཞི་ཡིན་ལ་ལོ་དགུའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱས་ཡོད། སློབ་ཆེན་ལ་གཞུང་གིས་གཉེར་བའི་སློབ་ཆེན་ཡོད། 
1901ལོ་ནས2004ལོའི་བར་གྱི་ནོའུ་པེལ་བྱ་དགའ་དེ་འཇར་པན་གྱི་མི་བརྒྱད་ལ་ཐོབ་པ་དང་། 1980ལོ་ནས་བཟུང་འཇར་པན་སྲིད་གཞུང་གིས་ཚན་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་བ་བཏོན་ཏེ་ཚན་རྩལ་རྒྱལ་སྐྱོང་གི་སྲིད་ཇུས་སྤེལ།
གྲོང་ཁྱེར་དང་ལྗོངས་རྒྱུ།
ཐོ་ཁེ་ཡོ་གྲོང་ཁྱེར། དེ་ནི་རྒྱལ་ས་ཡིན་པ་དང་། སྔོན་ཆད་ཅང་ཧུའུ(གཙང་བོའི་སྒོ་མོ)ཟེར་མོད། གོང་མ་མེན་ཀྲི་ཝེ་ཞིན་གྱི་རྗེས་ནས་ཐོ་ཁེ་ཡོ(ཏུང་ཅིན)རུ་བསྒྱུར། དེ་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2162ཡོད་པ་དང་། མི་གྲངས་ཁྲི3500ཡོད། འཛམ་གླིང་གི་མི་གྲངས་ཆེས་མང་བ་དང་། ཆེས་ཆེ་བའི་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཞིག་ཡིན།
ཏ་པན་གྲོང་ཁྱེར། དེ་ནི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཡིན། དེར་ཚོང་ལས་དར་རྒྱས་ཆེ་བ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ212ཡོད་ལ། མི་གྲངས་ཁྲི250ཡོད། གཞན་ད་དུང་ཧིན་པུན་དང་། ཅིན་ཏུའུ། ཧྲིན་ཧུའུ། ནེ་ལིང་བཅས་ཀྱི་གྲོང་ཁྱེར་ཡང་ཡོད།
ལྗོངས་རྒྱུ་ལ་མཛེས་སྟུག་ལྡན་པའི་གླིང་ཕྲན་དང་། ཡུལ་ལྗོངས་མཛེས་པ་གསུམ། (སུང་ཏོ་དང་ཐེན་ཆོ་ལིས) སྐྱེད་ཚལ་ཆེན་པོ་གསུམ། རིག་གནས་ཀྱི་དཔལ་ཡོན་རྒྱས་པའི་གྲོང་ཁྱེར་ཆེན་པོ་གསུམ(ནེ་ལིང་དང་། ཅིན་ཏུའུ། ལན་ཚང་གསུམ)ཏུང་ཅིན་གྱི་ཏི་སི་ཉི་རྩེད་ར། ཏ་པན་གྱི་འཇའ་ཚོན་ཁྲོམ་ལམ། ཆུ་ཚན་ཆེན་པོ་གསུམ(ཧྲིན་ཧུའུ་མ་ཆུ་ཚན་དང་། ཀོན་ཁྲིན་ཆིག་པོ་ཆུ་ཚན། ཀྲ་ཧོང་ཏེན་རི་བོའི་ཆུ་ཚན)བཅས་ཡོད།
ཏ་པན་འཇའ་ཚོན་སྲང་ལམ་ནི། ཏ་པན་གྲོང་ཁྱེར་ས་འོག་གི་ཚོང་ར་ཞིག་ཡིན་ཞིང་། མི་རྣམས་ཀྱི་བློ་ཡིད་འགུག་པའི་ལྗོངས་རྒྱུའི་གནས་ཤིག་ཀྱང་ཡིན།
དེ་ཏ་པན་གྲོང་ཁྱེར་དཀྱིལ་དབུས་ཀྱི་ས་འོག་ཏུ་ཡོད་པ་དང་། ས་འོག་ཏུ་ཐོག་བརྩེགས་རིམ་པ་གསུམ་དུ་བགོས་ནས་ཚོང་ར་ཕྱེ་ཡོད་ལ། འཇར་པན་གྱི་ཆེས་རིང་བའི་ས་འོག་ཚོང་ལམ་ཞིག་ཀྱང་ཡིན། དེ་ས་ངོས་དང་བར་ཐག་སྨི8ཡོད་པ་དང་། སྤྱིའི་བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3.8ཡོད་ལ། དེ་རུ་ཐང་ཆེན4དང་ཚོང་ཁང310ལྷག་ཡོད་པར་མ་ཟད། མི་ཁྲི50ལྷག་གིས་དངོས་པོ་ཉོ་བ་དང་། འགུལ་སྐྱོད་བྱེད་པ་བཅས་བྱེད་ཆོག་ལ། ས་འོག་གི་སྲང་ལམ་དཀྱིལ་དབུས་སུ་སྨི3ལྷག་ལ་འཕྱུར་ཆུ2000བཟོས་ཡོད་པས། དངོས་གནས་མིང་དོན་དང་མཚུངས་པའི་འཇའ་ཚོན་སྲང་ལམ་ཞིག་ཡིན།
ཆུ་ཚན་ཆེན་པོ་གསུམ་སྟེ། ཧྲིན་ཧུའུ་ཆུ་ཚན་ནི་འཇར་པན་གྱི་གནའ་བོའི་ཆུ་ཚན་ཞིག་ཡིན་པ་དང་། ཀོན་ཁྲིན་ཆིག་པོ་ཆུ་ཚན་ལ་ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན། ཀྲ་ཧོང་ཏེན་རི་བོའི་ཆུ་ཚན་ནི་པེ་ཧེ་ཏོ་ཡི་ཆེས་ཁྱད་ཆོས་ཅན་གྱི་ཆུ་ཚན་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།