འགལ་བ་ཉིས་རྩེག་གིས་ཕྱི་འབྲེལ་གྱི་རྣམ་པ་བསྒྱུར་བར་འགོག་རྐྱེན་ཐེབས་ཀྱིན་ཡོད།

རྩོམ་པ་པོ།:ཀླུ་བྱམས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2014-05-06 10:19:00 ཀློག་གྲངས།:

  ཕྱི་འབྲེལ་གྱི་ལག་ལེན་ཁྲོད། འཇར་མན་སྲིད་གཞུང་གི་ཇུས་ཐག་གིས་དུས་ནམ་ཡང་འགལ་བ་རྣམ་པ་གཉིས་ལ་ཁ་གཏད་བྱེད་དགོས་བྱུང་ཡོད། གཅིག་ནི་འཇར་མན་མང་ཚོགས་ལ་དུས་ཡན་རིང་བོ་ཞིག་ནས་ཆགས་པའི་ཞི་བདེ་རིང་ལུགས་ཀྱི་སྲོལ་རྒྱུན་དང་རང་གི་མནའ་འབྲེལ་རྒྱལ་ཁབ་ཀྱིས་འཇར་མན་ལ་ཕྱི་ཕྱོགས་སུ་དམག་དཔུང་མངགས་གཏོང་བྱས་ནས་ལས་འགན་ལག་བསྟར་བྱེད་དུ་འཇུག་པར་རེ་བ་བཅངས་པའི་བར་གྱི་འགལ་བ་ཡིན་ལ། གཉིས་ནི་ཨ་མེ་རི་ཁས་མགོ་ཁྲིད་བྱས་པའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དམག་དོན་བྱ་སྤྱོད་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་བྱ་སྤྱོད་ཀྱི་དམིགས་ཡུལ་བར་རམ་ཡང་ན་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་མི་མཐུན་པའི་བར་གྱི་འགལ་བ་རེད།
  འཇར་མན་གྱི་མང་ཚོགས་ཚོས་འཇར་མན་གྱི་ཕྱི་འབྲེལ་ལ་ཤེས་རྟོགས་བྱེད་པའི་ཁྲོད། བཟོད་སྒོམ་གྱི་རིག་གནས་ནི་ཆེས་གཏིང་ཟབ་པ་ཞིག་རེད། དེའི་སྲོག་ཤིང་ལྟ་བུ་ནི་ཞི་བདེ་རིང་ལུགས་དང་རང་ཉིད་རང་གཅུན་གྱི་ཕྱི་འབྲེལ་འཕེལ་ཕྱོགས་དེ་རེད། མནའ་འབྲེལ་འཇར་མན་གྱི་ཞི་བདེ་རིང་ལུགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཏེ། དེ་ཉིད་འཇར་མན་ཧྥ་ཤི་སི་རིང་ལུགས་ཀྱི་ལོ་རྒྱུས་ལ་བསམ་གཞིགས་ཞིབ་མོ་གཏོང་བའི་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན་པས། དེ་ནི་ཁྱབ་བདལ་གྱི་སྤྱི་ཚོགས་ལས་འགུལ་རྣམ་པ་བཀོལ་ནས་འཇར་མན་ལོ་རྒྱུས་ཐོག་དམག་རྒྱལ་རིང་ལུགས་ཀྱི་སྲོལ་རྒྱུན་ངོ་ལོག་མཚོན་པ་ཞིག་རེད། འཇར་མན་གྱི་ཆབ་སྲིད་པ་བེས་ལིས•པོ་ལན་ཐི་ཡི་ལེགས་བཤད།“འཇར་མན་གྱི་ས་ཐོག་ནས་དམག་འཁྲུག་འབྱུང་དུ་གཏན་ནས་འཇུག་མི་རུང་།”ཞེས་པ་དེ་ལ་རྒྱ་ཁྱབ་ཆེ་བའི་དམངས་སེམས་ཀྱི་རྨང་གཞི་ལྡན། འཇར་མན་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བསམ་པར། འཇར་མན་གྱིས་ཨ་མེ་རི་ཁ་ནང་བཞིན་དུ་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྤེལ་མི་རུང་བ་མ་ཟད། ད་དུང་ཅིས་ཀྱང་དམག་དོན་གྱི་ཐབས་ཤེས་སྤྱད་ནས་ཕྱི་འབྲེལ་གྱི་དམིགས་ཡུལ་འགྲུབ་པར་བྱེད་པ་འདོར་དགོས་ཤིང་། རྒྱལ་ཁབ་དེའི་དམངས་སེམས་ཀྱིས་རྩ་བའི་ཆ་ནས་མནའ་འབྲེལ་རྒྱལ་ཁབ་ཀྱི་དམག་དོན་བྱ་སྤྱོད་དེ་སྣང་མེད་དུ་བསྐྱུར་ཡོད་སྙམ།
  1992ལོའི་སྔོན་ལ། ནན་སི་ལཱ་ཧྥུའུ་རྒྱལ་ཁབ་ལ་ནང་འཁྲུག་བྱུང་སྐབས། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་དཔུང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་བྱ་སྤྱོད་ནང་ཞུགས་པས། དོན་དེ་འཇར་མན་རྒྱལ་ནང་དུ་མཚོ་རླབས་འཕྱུར་བ་བཞིན་དུ་འུར་ཟིང་ཆེན་པོ་བྱུང་བ་དང་། མང་ཚོགས་ཚོས་སྐབས་དེར་འཇར་མན་ཙུང་ལི་ཡི་འགན་འཁུར་བཞིན་པའི་ཁི་ཨར་སྲིད་གཞུང་ལ་འཇར་མན་གྱི་ཕྱི་འབྲེལ་དེ“དམག་དོན་ཅན་དུ་བཟོས།”ཞེས་སྐྱོན་བརྗོད་བྱས། 1999ལོར། ཁི་སོ་ཨོ་དམག་འཁྲུག་བྱུང་སྐབས། འཇར་མན་དམག་དཔུང་ནི་འཛམ་གླིང་དམག་ཆེན་ཐེངས་གཉིས་པ་མཇུག་སྒྲིལ་རྗེས་སུ། ཐོག་དང་པོར་དམག་འཁྲུག་ནང་ཞུགས་པ་ཡིན་པས། ཙུང་ལིས་ཧྲི་ལོ་ཏི་ལ་དེར་རྐྱེན་བཅས་ནས་སྐབས་ཐོག་ཅིག་གི་རིང་ལ་རྒྱལ་ནང་དུ་གླེང་ཕྱོགས་བཟོས་ཏེ“དམག་འཁྲུག་གི་ཙུང་ལིས།”ཞེས་འབོད་ཀྱིན་ཡོད། དགུ་བའི་བཅུ་གཅིག་ཉིན་གྱི་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། འཇར་མན་དམག་དཔུང་ཨ་ཧྥུ་ཧན་ལ་མངགས་གཏོང་བྱས་སྟབས། འཇར་མན་རྒྱལ་ནང་དུ་དེ་ལ་ངོ་རྒོལ་བྱེད་པའི་སྒྲོག་སྐད་ཆེན་པོ་བྱུང་བ་དང་། ཨ་ཧྥུ་ཧན་དམག་འཁྲུག་གིས་བཟོས་པའི་ཤི་རྨས་ཀྱིས་འཇར་མན་མང་ཚོགས་ལ་སྔར་བས་ཀྱང་དམག་འཁྲུག་ལ་ཞེན་ཁ་ལོག་ཏུ་བཅུག སྤྱི་ཚོགས་ཀྱི་གཞི་མཐུན་ངོས་ཟིན་དང་དམངས་སེམས་རྨང་གཞི་ཞན་པའི་རྐྱེན་གྱིས། འཇར་མན་གྱི་སྐབས་གསར་བའི་སྲིད་གཞུང་གི་མཉམ་འབྲེལ་སྲིད་སྐྱོང་གྲོས་ཆོད་ཀྱི་སྐད་ཆ་བཤད་ཕྱོགས་ཁྲོད་དུའང་། མངོན་ཧ་ཅང་ཆུང་བའི་སྒོ་ནས“རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་དཔུང་གིས་འཛམ་གླིང་གི་ཁོངས་གཏོགས་ནས་རང་དབང་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས།”ཞེས་གླེང་ཙམ་མ་གཏོགས་བྱས་མེད།
  དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་དུ། འཇར་མན་རྒྱལ་ནང་དུ་རྒྱལ་ཁབ་རང་གི་ཕྱི་འབྲེལ་ཐད་ཀྱི་རྒྱུན་མཐུད་རང་བཞིན་གྱི་གནད་དོན་ལ་རྩད་བསྡུར་དྲག་པོ་བྱས་མྱོང་། དུས་རབས་ཉེར་གཅིག་པར་སླེབས་རྗེས། འཇར་མན་གྱི་ཆབ་སྲིད་མཁས་མཆོག་རིམ་གྲས་སུ་ཆབ་སྲིད་ཀྱི་གཡུལ་ས་མི་འདྲ་བ་རེ་བྱུང་མོད། འོན་ཀྱང་གཞི་རྩའི་ཆ་ནས་དེ་ཚང་མས་འཇར་མན་དང་ལྷན་ཏུ་འཆར་ཅན་གྱི་རྒྱལ་ཁབ་སེམས་ཁམས་ཀྱིས་རྒྱལ་སྤྱིའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། དགོས་ངེས་ཀྱི་དུས་སུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་ནང་བཅའ་ཁྲིམས་ནང་བྱ་ཆོག་པའི་གནས་ཚུལ་འོག་ཏུ། ཕྱི་རྒྱལ་དུ་འཇར་མན་གྱི་དམག་དཔུང་མངགས་ནས་ལས་འགན་ལག་བསྟར་བྱ་རྒྱུ་ཁས་ལེན་བྱེད། ཡིན་ནའང་། མཁས་མཆོག་རྣམས་ཀྱི་ལྟ་བ་རྟོགས་པ་དེ་ལ་ཐོག་མཐའ་བར་གསུམ་དུ་རྒྱལ་ནང་གི་མང་ཚོགས་ཚོས་ཤེས་རྟོགས་བྱེད་ཐུབ་ཀྱིན་མེད་ལ། ཁུར་དུ་ཐེག་དགོས་པའི་མནའ་འབྲེལ་འོས་འགན་གྱི་ཕྱི་འབྲེལ་སྲིད་ཇུས་ཡོད་ཚད་ཚང་མ་ལ་རྒྱལ་ནང་ནས་རྒྱབ་སྐྱོར་ཐོབ་མི་ཐུབ་པ་མ་ཟད། འཇར་མན་དམག་དཔུང་ཕྱི་རྒྱལ་གྱི་དམག་དོན་བྱ་སྤྱོད་ལ་ཞུགས་པར་རྒྱལ་ཁབ་རང་གི་དམངས་སེམས་ཁྲོད་ནས་ཐོག་མཐའ་བར་གསུམ་དུ་གདེང་འཇོག་ལོག་པ་བྱེད་ཀྱིན་ཡོད། ནང་སྲིད་ལ་མནོ་བསམ་བཏང་བར་དམིགས་ནས། འཇར་མན་སྲིད་གཞུང་གིས་རྒྱལ་སྤྱིའི་འཇིགས་ཉེན་ཆེན་པོ་རབ་དང་རིམ་པའི་ཁྲོད་ཇུས་ཐག་བཅད་པ་ཚང་མའི་རྣམ་འགྱུར་མངོན་སྟངས་དེ་ཡིད་གཉིས་ཐེ་ཚོམ་ཟ་བའི་གནས་སྐབས་ཤིག་རེད།
  འཇར་མན་རྒྱལ་ཁབ་ཀྱི་ཙུང་ཐུང་ཀོ་ཁི་ཡིས་ད་ལོའི་ལོ་སྟོད་དུ་མུ་ཉེ་ཧེ་བདེ་འཇགས་སྲིད་ཇུས་གྲོས་ཚོགས་སྟེང་གཏམ་བཤད་པ་དེའི་དམིགས་ཡུལ་ནི། སྐབས་གསར་བའི་འབྲེལ་ཡོད་འཇར་མན་ཕྱི་འབྲེལ་གྱི་རྒྱལ་ནང་གི་གྲོས་བསྡུར་ཆེན་པོ་སློང་ཆེད་རེད། ཉེ་བའི་ལོ་ངོ་གཉིས་ཀྱི་རིང་ལ། འཇར་མན་གྱིས་ཡོ་རུབ་གླིང་གི་དཔལ་འབྱོར་ཉམས་ཉེས་ལ་ཁ་གཏད་འཇལ་བ་དང་། ལི་པི་ཡ་དམག་འཁྲུག་ལ་ཁ་གཏད་འཇལ་བའི་ཇུས་ཐག་སྤྱོད་ལམ་གྱི་ཚ་སྐུལ་ལ་བརྟེན་ནས། འཇར་མན་རྒྱལ་ནང་དུ་རང་གི་ཕྱི་འབྲེལ་ལ“ཁ་ཕྱོགས་མེད་པའམ།”ཡང་ན“འཐབ་ཇུས་ལ་མགོ་རྨོངས་ཐེབས་པ།”“གཞི་མཐུན་གྱི་ལྟ་བ་མེད་པ།”བཅས་བྱུང་ཡོད་མིན་སྐོར་ལ་རྩོད་གླེང་ཟམ་མ་ཆད་པ་བྱུང་། ཡོ་རུབ་གླིང་གི་སྲིད་ཇུས་ཐད། འཇར་མན་རྒྱལ་ནང་གི་མི་ཆེས་མང་པོ་ཞིག་གིས་ཇུས་ཐག་གཅོད་མཁན་གྱིས་ཡོ་རུབ་གླིང་ལ་གཞི་གཅིག་ཅན་དུ་འགན་འཁུར་བའི་དམིགས་བསལ་འགན་འཁྲི་ལས་གཡོལ་བྱོལ་བྱས་སོང་ཚུལ་དང་། དམངས་སེམས་དང་འོས་མེད་བསྟུན་ཐབས་བྱས་ཏེ་མནའ་འབྲེལ་གྱི་ཡིད་ཆེས་ཤོར་བ་ལ་སྐྱོན་བརྗོད་བྱས། 2011ལོའི་ཟླ3ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པི་ཡ་ལ་བཀག་སྡོམ་བྱེད་པའི་ཇུས་ཐག་གསར་བར་བརྡས་ཐག་གཅོད་པའི་ཁྲོད། འཇར་མན་གྱིས་འདེམ་ཤོག་མི་འཕེན་པར་བར་སྡོད་པའི་གནས་སུ་བསྡད་དེ། མངོན་གསལ་དུ་ནུབ་ཕྱོགས་ཀྱི་གཡུལ་ས་དང་རྒྱབ་འགལ་བྱས་པས། སྔར་བྱུང་མ་མྱོང་བའི་ཕྱི་འབྲེལ་གྱི་བྱ་བྱེད་དེ་ལ། འཇར་མན་རྒྱལ་ནང་དུ་ལྷག་པར་དུ་རྩོད་གླེང་རྒྱུན་ཆད་མེད་པ་བྱུང་།
  ཡིན་ནའང་། ངོ་རྒོལ་མཁན་གྱིས་བཤད་རྒྱུར། འཇར་མན་གྱི་ཕྱི་འབྲེལ་གྱིས་རྒྱུན་མཐུད་རང་བཞིན་གྱི་རྩ་དོན་ལ་འགལ་མི་རུང་ཟེར། སྲོལ་རྒྱུན་ཐོག་ནས་གླེང་ན། འཇར་མན་གྱི་ཕྱི་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་པ་དེ་རང་གི་ཆབ་སྲིད་ཡང་དག་པ་ཡིན་པའི་མཚོན་རྟགས་ཤིག་ཏུ་བརྩི་གིན་ཡོད་ཅིང་། དེས་འཇར་མན་རྒྱལ་ཁབ་ནི་ནུབ་ཕྱོགས་ཀྱི་གཡུལ་སའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ནན་སྲུང་བྱེད་པ། དམག་དོན་མ་ཡིན་པའི་ཐབས་ལམ་སྤྱོད་པ་རྒྱུན་འཁྱོངས་བྱེད་པ་བཅས་མཚོན་གྱིན་ཡོད། འཇར་མན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དེ་བདེ་བླག་ངང་རྣམ་པ་གཞན་དུ་བསྒྱུར་བར་འདོད་ན། རྒྱལ་ནང་གྱི་རིམ་གྲས་སུ། ཆབ་སྲིད་མཁས་ཅན་དག་གིས་འབངས་མི་རྣམས་ལ་ཕན་སླེབས་ཆེ་བའི་བསམ་བློ་བརྗེ་རེས་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ད་གཟོད་མཇུག་མཐར་འབངས་ཀྱི་རྒྱབ་སྐྱོར་འདིང་ཚིམས་པ་ཞིག་ཆིག་སྒྲིལ་བྱེད་ཐུབ་པས། དེ་ལྟར་བསྒྲུབ་རྒྱུ་ནི་ཆེས་སླ་མོའི་དོན་ཞིག་ག་ལ་ཡིན། །

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།