2023ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མི་རྒོད་རྩོམ་རིག དུས་ཚོད།:2023-10-06 13:58:37 ཀློག་གྲངས།:
༢༠༢༣ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ནོར་ཝེའི་བརྩམས་སྒྲུང་དང་ཟློས་གར་རྩོམ་པ་པོ་ཧྥོ་སེ་ལ་ཐོབ་པ།
 
       2023ལོའི་ཟླ10པའི་ཚེས5ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2023ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ནོར་ཝེ་ནས་ཡིན་པའི་བརྩམས་སྒྲུང་དང་ཟློས་གར་རྩོམ་པ་པོ་ཧྥོ་སེ་ལགས་ལ་གནང་བའི་གནས་ཚུལ་ཐོན་འདུག
       སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ཧྥོ་སེ་ལགས་ལ“ཟློས་གར་དང་ལྷུག་མའི་གསར་རྩོམ་གྱིས་སྨྲ་བསམ་བརྗོད་འདས་ཀྱི་མཚོན་དཀའི་གནད་ཀྱི་ཕྲེང་བ་རྡོག་ཕུད་བྱས་པ”ཞེས་པའི་མིང་ཐོག་ནས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་སྤྲད་འདུག
ཧྥོ་སེ(Jon Olav Fosse)
       ཧྥོ་སེ་ལགས་ནི་སྤྱི་ལོ1959ལོར་ནོ་ཝེར་རུ་སྐུ་བལྟམས་པ་དང་། ཟློས་གར་དང་སྒྲུང་རྩོམ། ལྷུག་རྩོམ། ལོ་ཙཱ་སོགས་གསར་རྩོམ་གང་མང་མཛད་ཡོད་ཅིང་། ད་ལྟ་འཚོ་གཞེས་གནང་གིན་པའི་ཟློས་གར་རྩོམ་པ་པོ་དག་ལས་བརྩམས་ཆོས་འཛམ་གླིང་ལ་འཁྲབ་ཐེངས་ཆེས་མང་བའི་ཟློས་གར་མཁན་པོར་བསྔགས། ཚབ་མཚོན་བརྩམས་ཆོས་ལ«རིགས་རུས་གཞན་དག»བདུན་སྦྲགས་མ་སོགས་སྐད་གྲགས་ཆོད་པའི་སྒྲུང་དང་ཟློས་གར་མང་པོ་ཡོད།
དཔྱད་འདེམ་བརྒྱུད་རིམ་མཚོན་དཔེ།
       ནོ་བྷེལ་རྩོམ་རིག་བྱ་དགའ་ནི་སྐུ་ཞབས་ནོ་བྷེལ་ལགས1895ལོར་སྐུ་གཤེགས་ཁ་མའི་ཞལ་ཆེམས་ལྟར་བཙུགས་པའི་བྱ་དགའ་ཆེན་པོ་ལྔའི་ཡ་གྱལ་ཞིག་ཡིན། ཁོང་གིས་ཞལ་ཆེམས་ནང་བྱ་དགའི་དངུལ་ལས་ཆ་ཤས་ཤིག“རྩོམ་རིག་ཕྱག་ལས་ཁྲོད་ཕུགས་བསམ་ལ་ཞེན་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་མཁན་ལ་སྤྲོད་དགོས”ཞེས་གསུངས་ཡོད།
       ནོ་བྷེལ་བྱ་དགའ་ཆེན་མོ་ལྔ་འཛུགས་པར་སྤྱད་པའི་རྒྱུ་ནོར་གྱིས་ནོ་བྷེལ་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་སྤྱིའི94%ཟིན་ཡོད་པ་དེ་སྐབས་དེའི་སི་ཝེས་དན་གྱི་དངུལ་ཁའེ་ལཱང་སྒོར་ཁྲི3100ཡོད་པ་རེད། མིག་སྔར། ནོ་བྷེལ་བྱ་དགའ་ཐོབ་མཁན་དག་ལ་བྱ་དགའི་དངུལ་ཨ་སྒོར་ཁྲི110(དམངས་སྒོར་ཁྲི782.76)སྤྲོད་ཀྱི་ཡོད་པར། བྱ་དགའ་འཐོབ་མཁན་མི་གཅིག་ལས་བརྒལ་བ་ཡིན་ན་མི་ཡི་ཁ་གྲངས་ལྟར་ཨ་སྒོར་ཁྲི110དེ་ཕན་ཚུན་བགོ་བྱ་རྒྱག་དགོས།
       ནོར་བྷེལ་རྩོམ་རིག་བྱ་དགའ་སྤྲོད་མཁན་གྱི་སྡེ་ཚན་ཁག་ནི་སི་ཝེས་དན་རྩོམ་རིག་སློབ་གླིང་ཡིན། སྐབས་དང་པོའི་རྩོམ་རིག་བྱ་དགའ་དེ་སྤྱི་ལོ1901ལོར་ཧྥ་རན་སེའི་སྙན་ངག་པ་སཱུ་ལི·པྀ་རུ་དྷོམ་མེ་ལ་བསྩལ་ཡོད། ལོ་རྒྱུས་ཐོག་རྒྱ་གར་གྱི་ཇོ་བོ་ཉི་དབང་མགོན་པོ་དང་། དབྱིན་ཇིའིT.S.ཨེ་ལིའོ་ཏྀ། ཨ་རིའི་ཧེ་མིང་ཝི། ཁོ་ལོམ་པི་ཡའི་གྷ་བྷྀ་རི·གྷར་སིའ·མཱར་ཁུའེ་ཟྀ། ཉི་ཧོང་གི་ཨོའེ·ཀེན་ཟ་བྷུ་རོ། ཀྲུང་གོའི་མོ་ཡཱན་སོགས་ལ་བྱ་དགའ་དེ་ཐོབ་མྱོང་།
       སྤྱི་ལོ2023ལོའི་བར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐེངས120ལ་སྤྲད་ཡོད་པ་དང་། བྱ་དགའ་ཐེངས4རྩོམ་པ་པོ་གཉིས་རེར་སྤྲད་པ་བཅས་ད་ལྟའི་བར་འཛམ་གླིང་གི་རྩོམ་པ་པོ124ལ་བྱ་དགའ་དེ་ཐོབ་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།