མངའ་རིས་སུ་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་བསྐྲུན་རྒྱུའི་གྲོས་འགོ་བཏོན་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-11-10 08:56:35 ཀློག་གྲངས།:
       ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཞིབ་འཇུག་པ་བཀྲ་བློ་ཡིས་ཉེ་ཆར་འཚོགས་པའི་ལྷ་སའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་།  སྒོ་མོ་འབྱེད་ཚད་སྔར་བས་ཇེ་ཆེར་བཏང་སྟེ། མངའ་རིས་སུ་རུ་ཐོག་དང་། རྩ་མདའ། སེང་གེ་ཁ་འབབ་བཅས་ཀྱི་ཕྱི་ཕྱོགས་ཚོང་དོན་འགག་སྒོ་བཙུགས་ཏེ་སེང་གེ་ཁ་འབབ་དེ་ཧི་མ་ལ་ཡའི་ནུབ་རྒྱུད་ས་ཁུལ་དང་ཐ་ན་སྐམ་ས་དབུས་ཁུལ་གྱི་ཨེ་ཤེ་ཡའི་ས་ཁོངས་ཀྱི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུ་རེད་ཅེས་བརྗོད་འདུག
       རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོ་གསར་འགྱུར་ཁང་གིས་གཉེར་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་གྲོས་གཞི་གཙོ་བོར་བྱས་ཏེ། རིག་གཞུང་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ རིག་མཛོད་མཁས་དབང་་བཅུ་ཕྲག་ཁ་ཤས་ཀྱིས་བོད་ལྗོངས“རྒྱུད་གཅིག་ལམ་གཅིག”ནང་ཞུགས་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།
       མངའ་རིས་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པ་དང་། ནེ་པ་ལ་དང་རྒྱ་གར་དང་ས་འབྲེལ་ཡིན། བཀྲ་བློས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་ལ། བོད་ལྗོངས་ནི་རང་རྒྱལ་གྱིས་དམིགས་འབེན་ཁ་ཕྱོགས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཁོང་གིས་ཀྱང་བོད་ལྗོངས་ནུབ་རྒྱུད་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་དོ་ཁུར་བྱས་ཡོད།
       ཁོང་གིས་མངའ་རིས་མཐའ་མཚམས་ཀྱི་རུ་ཐོག་རྫོང་དང་། སྒར་རྫོང་། རྩ་མདའ་རྫོང་། སྤུ་ཧྲེང་རྫོང་བཅས་ཀྱི་གྲོང་ཚོ་ཡོངས་ཀྱི་མ་དཔེའི་སྤྱི་ཚོགས་དང་དཔལ་འབྱོར་ལ་བརྟག་ཞིབ་བྱས་པ་བརྒྱུད་དེ། ལོ་རྒྱུས་སྟེང་གི་བོད་ལྗོངས་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་ཡོད། ཧི་མ་ལ་ཡའི་ལྷོ་བྱང་གི་གནམ་གཤིས་མི་འདྲ་བར་བརྟེན་ཐོན་ཁུངས་ཀྱང་མི་འདྲ་བས། ཚོང་དོན་གྱི་ལྡོག་མེད་དགོས་མཁོ་གྲུབ་ཡོད། ལོ་ངོ་སྟོང་ཕྲག་རིང་གི་ལག་ལེན་འཚོལ་ཞིབ་བྱས་པ་བརྒྱུད་ཕུན་སུམ་ཚོགས་པའི་ཚོང་དོན་བགྲོད་ལམ་ཞིག་ཆགས་པ་དང་ཉོ་ཚོང་ཚོང་ཟོག་གི་རིགས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། སྤྱི་ལོའི་དུས་རབས17པར། ཡོ་རོབ་པ་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེ་མོར་བསྐྱོད་རྗེས་མངའ་རིས་ནས་ཐོན་པའི་གསེར་དང་། ཁུལ་ལུ། བལ། ཚ་ལ་སོགས་ཀྱི་རྒྱུ་ཆ་དག་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བརྩོན་ལེན་བྱེད་པའི་ཚོང་དོན་ཐོན་ཁུངས་སུ་གྱུར། བཀྲ་བློ་ཡིས། དུས་དེ་ནས་བཟུང་མངའ་རིས་ས་ཆ་གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་ནང་བཅུག་ཡོད་པར་ངོས་འཛིན་བྱས།
       བཀྲ་བློ་ཡིས་ཁ་གསབ་ཀྱི་ཚུལ་དུ། ཁོང་གིས་སྔོན་ཆད་སྤུ་ཧྲེང་རྫོང་དུ་ནེ་པ་ལའི་ཕྱི་རྒྱལ་གྱི་ཚོང་པ་ཉམས་མྱོང་ཅན་ཞིག་ལ་བཅར་འདྲི་བྱས་པ་ལྟར་ན། ཕྱི་རྒྱལ་གྱི་ཚོང་པ་དེའི་ཁྱིམ་རྒྱུད་དང་སྤུ་ཧྲེང་རྫོང་གི་མཐའ་མཚམས་ཀྱི་དཔལ་འབྱོར་ཚོང་དོན་ལ་ལོ400ནས500བར་གྱི་ལོ་རྒྱུས་ཡོད་པ་ཤེས་རྟོགས་བྱུང་། སྤུ་ཧྲེང་རྫོང་ཁོངས་ཀྱི་གངས་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་དང་རྒྱ་གར་ཆོས་ལུགས་སོགས་ཀྱིས་གོང་བཀུར་ཞུ་བའི་གནས་མཆོག་ཅིག་ཡིན་པས་དད་ལྡན་པ་མང་པོ་གནས་མཇལ་དུ་ཡོང་བཞིན་འདུག་ལ།  གནའ་སྔ་མོ་ནས་བཟུང་གནས་མཇལ་བྱེད་པ་དང་ཆབས་ཅིག་ཚོང་དོན་ཡང་དར་བཞིན་ཡོད་པས། དེའི་ཐད་ནས་བལྟས་ཚེ་མངའ་རིས་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།
       ཁོང་གིས་ད་དུང་། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་ནས་བོད་ལྗོངས་བར་གྱི་ས་གནས་ཚང་མས་མཐའ་མཚམས་མི་སེར་གྱི་ཚོང་འདུས་ཉོ་ཚོང་དང་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
       ཁོང་གིས་བོད་ལྗོངས་ཀྱིས་མུ་མཐུད་དུ་སྒོ་མོ་འབྱེད་ཚད་ཇེ་ཆེར་བཏང་ནས་མཐའ་མཚམས་ཚོང་དོན་ལ་སྐུལ་མ་གཏོང་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཕན་ཚུན་འབྲེལ་མཐུད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། རྒྱ་གར་དང་ནེ་པ་ལའི་གནས་མཇལ་བའི་གངས་རིན་པོ་ཆེ་མཇལ་བའི་སྤྲོ་སེམས་འདོན་སྤེལ་གང་ལེགས་བྱེད་པ་དང་། གནས་མཇལ་ཚོང་དོན་འཕེལ་རྒྱས་གཏོང་བ། སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་རི་ཐོག་དང་། རྩ་མདའ། སེང་གེ་ཁ་འབབ་བཅས་ཀྱི་ཕྱི་ཕྱོགས་ཚོང་དོན་འགག་སྒོ་བཙུགས་ནས་སེང་གེ་ཁ་འབབ་དེ་ཧི་མ་ལ་ཡའི་ནུབ་རྒྱུད་ས་ཁུལ་དང་ཐ་ན་སྐམ་སའི་དབུས་ཁུལ་གྱི་ཨེ་ཤེ་ཡའི་ས་ཁོངས་ཀྱི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་ཏུ་བསྐྲུན་དགོས་པའི་གྲོས་གཞི་བཏོན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།