མོ་པོ་སང་གིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་སྒྲུང་རྩོམ《ཟླ་འོད》།
ཟླ་འོད།
མོ་པོ་སང་གིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
བགྲེས་སོང་མཱ་ལིས་ཉི་ཨོ་[footnoteRef:0]ཞེས་པའི་མིང་འདིར་བརྗིད་ཉམས་ལྡན་ཞིང་གཡུལ་སྤྲོད་པའི་ཉམས་ཀྱིས་ཕྱུག མི་ཁོ་རང་ཡང་མིང་དེ་དང་འདྲ་པོ་ཞིག་ཡོད་དེ། གཟུགས་པོ་རིང་ཞིང་ཤ་རིད་ལ། ནམ་ཡང་དཔའ་གདེང་གིས་ཕྱུག བློ་རྩ་བརྟན་ཞིང་གཞུང་རྒྱུད་དྲང་། ཁོའི་དད་པ་ནི་ཟོལ་མེད་འགྱུར་མེད་ཅིག་ཡིན་པས། རྐྱེན་གང་ཞིག་གིས་ཀྱང་འགྱུར་བ་བཏང་མྱོང་མེད། ཁོས་ལྷག་བསམ་ཟོལ་མེད་ཀྱིས་རང་ཉིད་གནམ་བདག་ལ་རྒྱུས་ལོན་ཟབ་པར་འདོད་ཅིང་། གནམ་བདག་གི་འཆར་གཞི་དང་འདོད་བློ། དམིགས་ཡུལ་སོགས་གང་ཡིན་པ་དེ་ཡང་གསལ་བོར་རྟོགས་ཡོད་སྙམ།
ཁོས་གོམ་ཞེང་ཆེན་པོས་གྲོང་གསེབ་ཀྱི་ལྷ་ཁང་འདིའི་ཆོས་དཔོན་གྱི་སྒོ་རའི་ལམ་ཆུང་དེའི་སྟེང་འཆམ་འཆམ་བྱེད་དུས། ཀླད་པའི་ནང་རྟག་པར་དྲི་བ་འདི་འདྲ་ཞིག་ལྡིང་འོངས་ཏེ། “གནམ་བདག་གིས་འདི་ལྟར་བསྒྲུབས་པའི་རྒྱུ་མཚན་ཅི་ཡིན་ནམ།” དེ་མུར། ཁོས་གཞན་སར་རང་བཞག་གིས་གནམ་བདག་གི་ཆེད་དུ་བསམ་བློ་གཏོང་སྲིད་ཅིང་། བློ་ནུས་ཅི་ཡོད་བཏོན་ནས་དྲིས་ལན་བཙལ་སྲིད་དེ། ཕལ་ཆེར་ཐེངས་རེ་རེར་དྲིས་ལན་རྙེད་ཐུབ། ཁོས་ཟོལ་མེད་ཀྱི་ཁེངས་སྐྱུང་སྒོམ་ནས་སྐད་དམའ་མོས་“བདག་པོ་ལགས། ཁྱེད་ཀྱི་དགོངས་དོན་ནི་དཔོག་པར་དཀའ་འོ”ཞེས་ཤུབ་བུར་གཏན་ནས་ཟློ་མི་སྲིད། ཁོས་རྒྱུན་པར་འདི་ལྟར་བསམ་སྟེ་“ང་ནི་བདག་པོའི་གཡོག་པོ་ཡིན་པས། ཁོས་བསྒྲུབས་པའི་ལས་རེ་རེའི་གནས་ལུགས་ནི་ངས་རྟོགས་དགོས་ལ། གལ་ཏེ་རྟོགས་མ་ཐུབ་ཚེ་དེ་ཉིད་ཚོད་དཔོག་ཡིན་རུང་བྱེད་ཐུབ་དགོས།”
ཁོའི་སྣང་ངོར་འཇིག་རྟེན་གྱི་བྱ་དངོས་ཡོད་དགུ་ནི། བལྟོས་མེད་ལུགས་མཐུན་དང་ཤིན་ཏུ་ངོ་མཚར་བའི་ཆོས་ཉིད་ཅིག་གཞིར་བཟུང་ནས་གསར་དུ་སྐྲུན་པ་ཡིན་ཏེ། “ཅིའི་ཕྱིར”་ག་ཚོད་ཡོད་ན་དེར་བསྟུན་གྱི་“རྒྱུ་མཚན་”ཡང་ག་ཚོད་ཡོད་པས། ངོས་གཉིས་ནི་ཡོངས་སུ་ཆ་འགྲིག་ཅིང་དོ་མཉམ་པ་ཡིན། སྐྱ་རེངས་བསྐྲུན་པ་ནི་མིའི་རིགས་གཉིད་ལས་སད་ཅིང་སྐྱེ་སྟོབས་ཀྱི་དཔལ་འབར་ཆེད་ཡིན་ལ། ཉིན་མོ་བསྐྲུན་པ་ནི་ལོ་ཏོག་སྨིན་ཆེད་ཡིན། ཆར་ཆུ་བསྐྲུན་པ་ནི་ལོ་ཏོག་ལ་ཆུ་འདྲེན་ཆེད་ཡིན་ལ། ས་སྲོས་བསྐྲུན་པ་ནི་གཉིད་ཁུག་པར་གྲབས་གཤོམ་བྱེད་ཆེད་ཡིན། དེ་བཞིན་མཚན་མོ་བསྐྲུན་པ་ནི་གཉིད་སྐྱིད་པོ་ཞིག་ཁུགས་ཆེད་ཡིན།
དུས་ཚིགས་བཞི་བོའང་ཞིང་ལས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་ཆེད་ཡིན་ཏེ། ཆོས་དཔོན་འདི་ཉིད་ཀྱིས་རང་བྱུང་ཁམས་ཆེན་མོའི་ཁྲོད་མི་མངོན་ཞི་བའི་དབྱིངས་ཀྱི་བཀོད་སྒྲིག་མེད་པར་མི་འདོད་པར་མ་ཟད། འཇིག་རྟེན་གྱི་སྲོག་ཐོགས་ཐམས་ཅད་ནི་དུས་ཚིགས་དང་གནམ་གཤིས། གཟུགས་ཅན་གྱི་ལྡོག་མེད་ཆོས་ཉིད་བཙན་པོ་བཅས་ལ་བསྟུན་མི་དགོས་པར་གཏན་ནས་འདོད་མ་མྱོང་།
ཡིན་ནའང་ཁོ་བུད་མེད་ལ་ཤིན་ཏུ་སྡང་སྟེ། དབང་མེད་དུ་བུད་མེད་ལ་སྡང་ཞིང་རང་བཞིན་གྱིས་ཁོ་མོ་ཚོར་མཐོང་ཆུང་བྱེད། ཁོས་དུས་རྒྱུན་དུ་ཡེ་ཤུའི་གསུངས་འདི་ཉིད་བསྐྱར་ཟློས་བྱེད་དེ། “བུད་མེད། ཁྱོད་དང་ང་ཡི་དབར་ལ་ཐུན་མོང་གི་ཆ་ཅི་ཞིག་འདུག་གམ།”མ་ཟད་ཁོས་ད་དུང་དེའི་ཐོག་ཚིག་གཅིག་སྣོ ན་ངེས་ཏེ།“གནམ་བདག་ཁོང་ཡང་བུད་མེད་ཞེས་པའི་བསྐྲུན་དངོས་འདིར་སེམས་གཏིང་ནས་མི་དགའ།”ཁོའི་བློ་ངོར་བུད་མེད་ནི་སྙན་ངག་པ་ལ་ལས་བརྗོད་པ་ལྟར། ལྡབ་བཅུ་གཉིས་ཀྱིས་མི་གཙང་བའི་བྱིས་པ་དེ་ཡིན་ལ། སྐྱེས་པ་ཐོག་མ་ཡ་ཏིང་བསླུ་མཁན་ཡིན་པ་མ་ཟད། བུད་མེད་ཀྱིས་ད་དུང་ཐོག་མཐའ་བར་གསུམ་དུ་མི་རྣམས་དམྱལ་ཁམས་སུ་འཁྲིད་པའི་ལས་ངན་སྤེལ་གྱིན་འདུག བུད་མེད་ནི་གཉོམ་ཆུང་དང་ཉེན་ཁ་ཡིན་ལ། མགོ་སྐོར་བསླུ་བྲིད་ཀྱི་ནུས་པ་བློ་ཡུལ་ལས་འདས་པ་ཞིག་ལྡན་པའི་སེམས་ཅན་དེ་ཡིན། ཁོ་རང་མི་རྣམས་ངན་རུལ་དུ་ལྷུང་དུ་འཇུག་མཁན་གྱི་ཁོ་མོ་ཚོའི་ཤ་ཁྲག་གི་ལུས་པོར་སྡང་བ་མ་ཟད། ཁོ་མོ་ཚོའི་བརྩེ་དུང་གིས་ཕྱུག་པའི་སེམས་པར་ལྷག་ཏུ་སྡང་།
ཁོས་དུས་རྒྱུན་དུ་ཁོ་མོ་ཚོའི་བརྩེ་བ་ཞི་དུལ་དེ་ཡང་ཁོར་དམིགས་ནས་ཡོད་པ་ཚོར་ཐུབ། ཁོས་རང་ཉིད་སུ་ལའང་མི་སྐྲག་པར་ཁས་བླངས་ཀྱང་། ཁོ་མོ་ཚོའི་ལུས་སྟེང་ན་གཡོ་བའི་བརྩེ་དུང་གི་འདོད་པ་དེར་ཁོ་རང་འཚིག་པ་གཏིང་ནས་ཟ་འོངས།
ཁོའི་བློ་ངོར་གནམ་བདག་གིས་བུད་མེད་བསྐྲུན་པ་ནི། སྐྱེས་པར་དགོད་ཁ་སློང་བ་དང་ཉམས་ཚོད་ལེན་ཆེད་ཁོ་ན་ཡིན་ལ། བུད་མེད་དང་བཅར་དུས། སེམས་ཆུང་ནེམ་ཆུང་བྱེད་དགོས་ལ། དོགས་ཟོན་ནན་མོ་བྱས་ནས་གཡོ་འོག་ཏུ་ཚུད་པར་གཟབ་དགོས་པར་སྙམ། དོན་དངོས་སུ། བུད་མེད་ཀྱིས་སྐྱེས་པའི་ཕྱོགས་སུ་དཔུང་པ་མཉེན་མོ་བརྐྱངས་ཤིང་། མཆུ་དམར་ཕྱེ་ཙམ་བྱེད་དུས་ནི་མ་གཞི་ནས་གཡོ་ཇུས་ཤིག་ཅི་ལ་མིན།
ཡིན་ནའང་ཁོས་དགེ་སྒྲུབ་མ་རྣམས་ལ་ད་རུང་གུ་ཡངས་བྱེད་ཐུབ། ཁོ་མོ་ཚོས་དམ་བཅས་ཤིང་སྨོན་ལམ་བརྒྱབ་ཡོད་པ་འདིས་ཁོ་མོ་ཚོར་སྐྱེས་པར་གནོད་སྐྱེལ་བའི་ཚད་དུ་བསླེབས་པར་བཀག་ཡོད། ཡིན་ཡང་ཁོས་ཁོ་མོ་ཚོར་བཟུང་བའི་རྣམ་འགྱུར་ནི་གཟབ་ནན་ཡིན། ཁོ་ནི་ཆོས་དཔོན་ཞིག་ཡིན་རུང་། ཁོས་ཁོ་མོ་ཚོའི་དམ་ལ་བཏགས་པའི་སེམས་པ་དེ་དག་སྟེ། མགོ་མནན་ནས་ཡར་འགྱོག་མི་ཕོད་པའི་སེམས་པ་དེ་དག་གི་གཏིང་རུམ་དུ། སྔར་བཞིན་གསོན་ཤུགས་ལྡན་པའི་བརྩེ་བ་ཞི་དུལ་དེ་ལུས་ཡོད་ཅིང་། ཐ་ན་བརྩེ་བ་དེ་ཁོའི་ཕྱོགས་སུའང་འཐོར་འོངས་བ་ཚོར་ཐུབ།
བརྩེ་བ་ཞི་དུལ་འདི་རིགས་ནི། ཁོས་དགེ་སྒྲུབ་པ་ལས་ཀྱང་ལྷག་བསམ་དག་པའི་ཁོ་མོ་ཚོའི་མིག་མདངས་རློན་པ་དེ་ལས་ཚོར་ཐུབ་ལ། ཁོ་མོ་ཚོའི་ཉོག་བསྲེས་བྱས་ཡོད་པའི་ཡིད་འོང་གི་ཉམས་འགྱུར་གསལ་ལ་མི་གསལ་བ་དེ་ལས་ཀྱང་ཚོར་ཐུབ་པ་མ་ཟད། ད་དུང་ཁོ་མོ་ཚོས་དམ་པ་ཡེ་ཤུར་བཅངས་པའི་བརྩེ་དུང་གི་ངར་ཤུགས་དེ་ལས་ཀྱང་ཚོར་ཐུབ། ཁོ་ལ་བརྩེ་དུང་འདིས་རྟག་པར་ཁོང་ཁྲོ་སློང་སྲིད་དེ། འདི་ནི་བུད་མེད་ཀྱི་བརྩེ་བ་ཡིན་པའི་ཕྱིར། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་འདོད་པ་ཡིན་པའི་ཕྱིར། ཐ་ན། ཁོས་ད་དུང་ཁོ་མོ་ཚོའི་གཡུང་ལ་ཕབ་པའི་རྣམ་འགྱུར་དང་སྐད་ཆ་བཤད་དུས་ཀྱི་ཞི་ཞིང་འཇམ་པའི་སྐད། མར་དཔྱངས་བའི་མིག་ཟུང་། དེ་བཞིན་ཁོའི་གཟབ་ནན་ཀྱི་གཤེ་གཤེ་གཟེད་དུས་ཁོ་མོ་ཚོའི་མིག་ཀོང་ལས་ལྷུང་བའི་མ་ཉེས་ཁ་གཡོགས་ཐེབས་པའི་མིག་ཆུ་སོགས་ལས་སྡུག་ཤི་རྒྱག་རྒྱུའི་བརྩེ་བ་ཞི་དུལ་དེ་ཚོར་ཐུབ།
དེར་བརྟེན། ཁོ་རང་ཡེ་ཤུའི་ཆོས་གྲྭ་ལས་ཕྱིར་ཐོན་ཐེངས་རེར། རྟག་པར་རང་གི་ཆོས་གོས་སྤྲུག་སྤྲུག་ཅིག་བཏང་རྗེས། གོམ་ཞེང་ཆེན་པོས་མགྱོགས་པོར་ཁ་འབྲལ་སྲིད་དེ། མྱུར་མོར་ཉེན་ཁ་གང་ཞིག་ལས་གཡོལ་བ་ནང་བཞིན།
ཁོ་ལ་ཚ་མོ་ཅིག་ཡོད་པ་དེ་ཁོ་མོའི་ཨ་མ་དང་མཉམ་དུ་ཉེ་འགྲམ་གྱི་ཁང་པ་ཆུང་ཆུང་ཞིག་ཏུ་བསྡད་ཡོད། ཁོས་རྟག་པར་ཁོ་མོ་དགེ་སྒྲུབ་མ་ཞིག་བྱེད་པར་གོ་བསྐོན་བློ་འགུག་བྱེད།
ཁོ་མོའི་གཟུགས་སྐྱེ་ལུས་ཤིན་ཏུ་མཛེས་ཀྱང་གཤིས་ཀ་རྒོད་ཅིང་མི་ལ་ཀུ་རེ་བྱེད་པར་དགའ། རྒན་རབས་པས་སློབ་གསོ་དང་གཤེ་གཤེ་གཏོང་དུས་ཁོ་མོ་ལྷུག་ལྷུག་ཏུ་དགོད་སྲིད་ལ། ཁོ་རང་ཁོང་ཁྲོ་ལངས་དུས། ཁོ་མོས་ཤུགས་གང་ཡོད་བཏོན་ནས་ཁོ་རང་སྙིང་ཁར་བསྡམས་ཏེ་འོ་བྱེད་ངེས། དུས་འདིར། ཁོས་རང་ནུས་ཀྱིས་ཤུགས་ཡོད་དགུ་བཏོན་ནས་བསྡམས་འཁྱུད་འདི་ལས་ཐར་སྲིད། ཡིན་ནའང་ཁོ་མོའི་བསྡམས་འཁྱུད་ཀྱིས་ཁོ་ལ་སྨྲ་བསམ་བརྗོད་འདས་ཀྱི་དགའ་བ་ཞིག་མྱོང་དུ་བཅུག་པས། ཁོའི་ལུས་སྟེང་གི་ཕ་རྒན་གྱི་བརྩེ་བ་དྲོན་མོ་དེ་འབོད་སྐུལ་བྱས་སོང་། བརྩེ་བ་དྲོན་མོ་འདི་རིགས་ནི་སྐྱེས་པ་ཀུན་གྱི་ནང་སེམས་སུ་བག་ལ་ཉལ་ནས་སད་ཐུབ་ཀྱིན་མེད་པ་དེ་ཡིན།
ཁོ་རང་དུས་རྒྱུན་ཞིང་ཁའི་ལམ་ཕྲན་སྟེང་ཁོ་མོ་དང་ལྷན་དུ་མཉམ་འགྲོའི་ངང་བསྐྱོད་དུས། གནམ་བདག་གླེང་བཞིན་ཡོད་དེ། ཁོའི་གནམ་བདག་གླེང་བཞིན་ཡོད། ཁོ་མོས་སྣང་བ་གཡེང་ནས་ཕལ་ཆེར་ཁོའི་བཤད་པའི་སྐད་ཆ་ཚིག་གཅིག་ཀྱང་རྣ་བས་བཟུང་མི་སྲིད། ཁོ་མོས་དགུང་སྔོན་པོར་བལྟ་བཞིན། རྩི་ཤིང་དང་མེ་ཏོག་ལ་བལྟ་བཞིན། མིག་ཀོང་དུ་གསོན་ཤུགས་ལྡན་པའི་དགའ་བདེའི་འོད་མདངས་འཁྱུག་བཞིན་གདའ། སྐབས་ལ་ལར། ཁོ་མོ་མཆོང་ཙམ་བྱས་ནས་འཕུར་བཞིན་པའི་སྲིན་འབུ་འཛིན་ཞིང་། ཟིན་པའི་ཚེ“ཞང་པོ། ཁྱོད་ཀྱིས་ལྟོས་དང་། དེ་ཇི་འདྲའི་མཛེས་ཨང་། ངས་དངོས་གནས་དེ་ལ་འོ་བྱེད་འདོད”ཅེས་སྐད་རྒྱག ཁོ་མོའི་སྲིན་འབུར་འོ་བྱེད་འདོད་པ་དང་མེ་ཏོག་ཨ་གར་ལ་འོ་བྱེད་འདོད་པའི་བསམ་ཚུལ་འདི་རིགས་ཀྱིས་ཆོས་དཔོན་ཞེ་གཏིང་ནས་མི་བདེ་བར་བཏང་ཞིང་ཁོང་ཁྲོ་ལངས་བའི་ཚད་དུའང་བསྐྱལ་བྱུང་། ཁོས་སླར་ཡང་འདི་ནས་བུད་མེད་ཀྱི་ནང་སེམས་ཁྲོད་རྩ་བ་ཟབ་ཅིང་བརྟན་ལ། རྩ་མེད་དུ་གཏོང་དཀའ་བའི་བརྩེ་བ་ཞི་དུལ་དེའི་རིགས་ཚོར་བྱུང་།
མཆོད་ཆས་དོ་དམ་བྱེད་མཁན་གྱི་ཆུང་མ་ནི་བགྲེས་སོང་མཱ་ལིས་ཉི་ཨོ་ཚང་གི་ཁྱིམ་ལས་བསྒྲུབ་མཁན་ཡིན། ཉིན་ཞིག་ལ། ཁོ་མོས་སྐད་ཆ་བསྐོར་བཞིན་བགྲེས་སོང་ལགས་ལ་ཁོའི་ཚ་མོར་དགའ་རོགས་ཤིག་ཡོད་པ་བཤད།
ཁོ་འཕྲལ་མར་ཁོང་ཁྲོ་ཆེན་པོ་ལངས་ཤིང་། གནས་དེར་ལངས་ནས་དབུགས་ཀྱང་གཏོང་ལེན་བྱེད་དཀའ་བར་གྱུར། གདོང་ཡོངས་སུ་འདག་རྫས་ཀྱི་ཝུ་བས་ཁེངས་ཡོད་དེ། སྐབས་དེར་ཁོས་སྨ་ར་བཞར་གྱིན་ཡོད།
ཁོ་ལྷོད་ལ་བབས་ནས་སྐད་ཆ་བཤད་ཐུབ་རྗེས། སྐད་མགོ་མཐོན་པོས་སྐད་ཅོར་བརྒྱབ་བྱུང་། “དོན་དག་དེ་འདྲ་ཞིག་ཡོད་མི་སྲིད། ཁྱོད་ཀྱིས་རྫུན་མ་བཤད། མའེ་ལ་ཉིས།”
འོན་ཀྱང་། ཞིང་གྲོང་གི་བུད་མེད་དེས་ལག་པ་སྙིང་ཁར་བཅངས་ནས་“གལ་ཏེ་ངས་རྫུན་བཤད་པ་ཡིན་ཚེ། གནམ་བདག་གིས་ང་ལ་ཉེས་ཆད་བཅད་ཆོག སྐུ་ཞབས་ཆོས་དཔོན་ལགས། ངས་ཁྱོད་ལ་བཤད་ཆོག མཚན་མོ་རེ་རེར། ཁྱེད་ཀྱི་གཅེན་མོས་གཟིམས་འཇགས་གནང་མ་ཐག ཁྱེད་ཀྱི་ཚ་མོ་ཕྱི་རུ་ཐོན་སྲིད་ལ། ཁོ་གཉིས་ཆུ་འགྲམ་དུ་ངོ་ཐུག་བཞིན་འདུག ཁྱེད་རང་ཆུ་ཚོད་བཅུ་པ་ནས་བཅུ་གཉིས་པའི་བར་སོང་ནས་ལྟོས་དང་ཆོག”ཞེས་ཟེར།
ཁོས་མ་ནེའི་ངོས་ཀྱི་ཁ་སྤུ་བཞར་རྒྱུ་ཡང་བརྗེད་ནས། ཚབ་ཚུབ་ངང་ལྗིད་ཏིག་ཏིག་གི་གོམ་པ་མྱུར་ལེན་བྱེད་མགོ་བརྩམས་ལ། ནམ་རྒྱུན་ཁོས་གནད་དོན་གལ་ཆེན་ཞིག་ལ་བསམ་བློ་གཏོང་དུས་ཀྱི་རྣམ་པ་དེ་དང་གཉིས་སུ་མེད། ཁོས་ཡང་བསྐྱར་ཁ་སྤུ་བཞར་མགོ་བརྩམས་དུས། སྣ་ནས་རྣ་ཅོག་བར་ཐེངས་གསུམ་ལ་རྨ་ཁ་བཟོས་སོང་།
ཉིན་ཧྲིལ་བོར་འདིར། ཁོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་ཅིང་། སེམས་འཁྲུགས་ནས་དྲང་བདེན་གྱི་ཁོང་ཁྲོ་མེ་ལྟར་འབར། ཆོས་དཔོན་ཞིག་ཡིན་པའི་ཆ་ནས། རང་གཤིས་བཟློག་དཀའ་བའི་འདོད་ཆགས་འདི་རིགས་ཀྱི་མདུན་དུ་ཁོ་རང་འཚིག་པ་གཏིང་ནས་ཟོས་བྱུང་། སྤྱོད་ཡོན་གྱི་ལམ་ལ་འཇུག་མཁན་ཕ་དང་། ལྟ་སྐྱོང་པ་དང་རྣམ་པར་ཤེས་པའི་སློབ་དཔོན་སོགས་ཡིན་པའི་ཆ་ནས། ཁོ་རང་བུ་མོ་ཞིག་གིས་མགོ་སྐོར་བཏང་བ་དང་སྦས་གསང་བྱས་པ། རྩེད་སྤྱད་བྱས་པར་དེ་བས་ཀྱང་ཁོང་ཁྲོ་ལངས། དེ་ནི་ཕ་མ་འགའ་ཞིག་ལ་རང་གི་བུ་མོས་བརྡ་མ་བརྒྱབ་པ་མ་ཟད་ཆོག་མཆན་ཡང་མ་ཐོབ་པར་སྐྱེས་པ་ཞིག་གི་ཆུང་མ་བྱས་པ་ཁྱབ་བསྒྲགས་བྱེད་དུས་ལྟར་འཚབ་བེ་འཚུབ་བེར་བཏང་བ་དང་ཀུན་ནས་མཚུངས།
དགོང་ཟས་རྗེས་སུ། ཁོས་དཔེ་ཀློག་ཅུང་ཙམ་བྱེད་པར་ཚོད་ལྟ་བྱས། ཡིན་ཡང་ལག་ལེན་དུ་མ་འཁྱོལ། ཞེ་སྡང་ཇེ་ཆེ་ནས་ཇེ་ཆེར་གྱུར། ཆུ་ཚོད་བཅུ་པར་བསླེབས་པའི་ཅོང་བརྡ་གྲགས་མ་ཐག ཁོས་རང་གི་ལག་རྟེན་ཏེ། འཇིགས་སུ་རུང་བའི་འགྱིག་ཤིང་གི་དབྱུག་པ་དེ་བཟུང་། ནམ་རྒྱུན། ཁོ་ཕྱི་ལ་ནད་པར་སྨན་བཅོས་བྱེད་དུ་འགྲོ་དུས། དབྱུག་པ་འདིར་བརྟེན་ནས་མཚན་ལམ་གཅོད་པ་ཡིན། ཁོས་དབུག་པ་སྦོམ་པོ་འདིར་བལྟ་བཞིན། གདོང་དུ་འཛུམ་མདངས་གྲོལ་བྱུང་། ཁོས་ཞིང་གྲོང་གི་མིའི་སྟོབས་ཤུགས་ལྡན་པའི་རང་ཉིད་ཀྱི་མཁྲིག་མ་དེ་ལན་འགའ་བསྐོར་ཙ་ན། རྫིག་ཉམས་ཆེ་ཞིང་མི་ལ་ངར་ཤུགས་སློང་བར་བྱེད། གློ་བུར་དུ། ཁོས་དབྱུག་པ་ཡར་བཀྱག་པ་དང་། མ་ཁར་སོ་བཏབ་ནས་རྐུབ་སྟེགས་ཤིག་ལ་གཟས་ཏེ་མར་གཤགས་པ་ན། རྐུབ་སྟེགས་ཀྱི་རྒྱབ་བསྙེས་གས་གཉིས་སུ་གྱུར་ནས་ས་སྟེང་དུ་ཟགས་སོང་།
ཁོས་སྒོ་ཕྱེས་ཏེ་ཕྱི་རུ་སོང་། ཡིན་ཡང་སྒོ་ཁ་ནས་གོམ་མཚམས་བཞག་བྱུང་། ཁོ་རང་ཡ་མཚར་ཆེན་པོ་སྐྱེས། ར་རིའི་དྲི་མས་དབེན་པའི་མིག་མདུན་གྱི་ཟླ་འོད་འདི་ནི། ཁོས་ད་བར་དུ་མཐོང་མྱོང་མེད་པའི་མཛེས་པ་ཞིག་རེད།
ཁོ་ལ་སྐྱེས་མ་ཐག་ནས་ཚོར་བ་ཧ་ཅང་སྐྱེན་ཅིང་དཔའ་གདེང་གིས་ཕྱུག་པའི་སེམས་པ་ཞིག་མཆིས་པའི་རྒྱུ་མཚན་དང་། གཞན་ཡེ་ཤུའི་ཆོས་ལུགས་ཐོག་མའི་ཆོས་ཚོགས་ཀྱི་སློབ་དཔོན་དམ་པ་དེ་དག ཡང་ཅིག་བཤད་ན་བསམ་གཞིགས་ཀྱི་ཕོ་ཉ་ཕུགས་བསམ་གྱི་གྲོང་ལ་མངགས་པར་དགའ་བའི་སྙན་ངག་པ་དེ་དག་ལ་ཡོད་པའང་སེམས་པ་འདི་འདྲ་རེད། དེར་བརྟེན། མི་ཡུལ་གྱི་སྒྲ་དབྱངས་འཇགས་པའི་མཚན་མོ་འདིའི་བླ་ན་མེད་ཅིང་ཁུ་སེམ་མེར་གནས་པའི་མཛེས་པ་འདི་ཉིད་ཀྱིས། སྐད་ཅིག་ཉིད་ལ་ཁོའི་སེམས་པ་ཡོངས་སུ་འཕྲོག་སྟེ། སྐྱོམ་ཞིང་བག་ཡངས་སུ་བཏང་།
ཁོའི་མེ་ཏོག་ལྡུམ་ར་ཆུང་ཆུང་དེ་རུ། ཡོད་ཚད་བསིལ་ཞིང་འཇམ་པའི་ཟླ་འོད་ཀྱི་ཁྲུས་སུ་ཞུགས་འདུག སྟར་དུ་བསྒྲིགས་པའི་སིལ་སྡོང་གིས་གསར་དུ་གྱོན་པའི་ཡལ་ག་མཉེན་མོའི་གྲིབ་གཟུགས་ལམ་ཆུང་སྟེང་ཕབ་ལ། ཁོ་ཚང་གི་རྩིག་ངོས་སུ་འཁྱུད་པའི་གསེར་དངུལ་མེ་ཏོག་གི་འཁྲི་ཤིང་སྦོམ་པོ་དེས་མངར་སིལ་སིལ་གྱི་དྲི་ངད་ཅིག་ཕྱོགས་སུ་མཆེད་འོངས་བས། འཇམ་ཐིང་ངེར་ཡོད་པའི་མཛེས་སྡུག་གི་མཚན་མོར། ལུས་ཡོངས་དྲི་ཞིམ་འཐུལ་བའི་གདོན་འདྲེ་ཞིག་ཡང་སིར་སིར་འཕུར་བཞིན་པ་དང་གཉིས་སུ་མ་མཆིས།
ཁོས་དབུགས་རིང་ཞིག་རྔུབ་མགོ་བརྩམས། ཁ་ཆེན་པོར་གདངས་ནས་དབུགས་འབྱིན་རྔུབ་བྱས་ཤིང་། བཟི་བོ་ཞིག་དང་འདྲ་བར་ཅི་དགར་དགའ་བདེའི་དཔལ་ལ་རོལ། འདི་ལྟར། ཁོས་གོམ་པ་སྒྱུར་མཚམས་ཇེ་དལ་དུ་བཏང་། མཛེས་སྡུག་གི་མཚན་ལྗོངས་འདི་འདྲར། སེམས་པ་རབ་ཏུ་མྱོས་ཏེ་བསྔགས་བརྗོད་ཚད་མེད་བྱེད་ཀྱིན། སྐད་ཅིག་ཉིད་ལ་ཚ་མོའི་དོན་དེ་གཏིང་བརྗེད་དུ་གྱུར།
ཁོ་ཞིང་ཐང་དུ་བསླེབས་མ་ཐག གོམ་པའི་འདེགས་འཇོག་སྒྱུར་མཚམས་བཞག་སོང་། མིག་ཟུང་གིས་ཐང་བདེ་མོའི་ཕྱོགས་སུ་བལྟས་ཙ་ན། ས་གཞི་ཉིད་ཞི་ཞིང་འཇམ་པའི་ཟླ་འོད་ཁྲོད་བྱིང་ནས་ལྷིང་འཇགས་ཀྱི་མཚན་མོའི་འདོད་བརྩེའི་མངར་ཁའི་སྒེག་ཉམས་ཁྲོད་ནུབ་འདུག་པ་མཐོང་བྱུང་། སྦལ་པས་སྐད་ཅིག་ཙམ་ལའང་མཚམས་མི་འཇོག་པར། དུས་ཐུང་ཡང་སྒྲ་གསལ་ཞིང་མཚམས་ཚིགས་དང་ལྡན་པའི་སྐད་ཅོར་དག་མཚན་མོའི་མཁའ་དབྱིངས་སུ་འཕོས། ཐག་རིང་ན། བྱིའུ་སྐད་སྙན་གྱིས་མཚམས་མེད་པར་གླུ་དབྱངས་བླངས་ནས་མི་རྣམས་རྨི་ལམ་གྱི་ཞིང་དུ་དྲངས་ལ་བསམ་གཞིགས་ཀྱི་གོ་རིམ་དཀྲུགས། འདར་སིལ་གྱི་གླུ་སྒྲ་འཇམ་མཉེན་དེ་ནི་འདོད་བརྩེའི་ཆེད་དུ་ཕྱུང་བ་ལྟར། ཟླ་འོད་ལ་མིའི་ཡིད་དབང་འཕྲོག་པའི་སྒེག་ཉམས་བསྣན་འདུག
བགྲེས་སོང་སྔར་བཞིན་མདུན་དུ་བསྐྱོད། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཁོས་སེམས་པ་སྟོང་ལྷང་ལྷང་ཡིན་པ་ཚོར། ཐོལ་བྱུང་དུ་ཁོར་ཡི་ཆད་པའི་སྣང་བ་ཞིག་སྐྱེས། ལུས་ཡོངས་ཀྱི་ཤེད་ཤུགས་ཡོད་ཚད་དེ་འཕྲལ་གར་སོང་ཆ་མེད་དུ་གྱུར། རང་གནས་སུ་མར་ཙོག་པ་ལས་ཅི་ཡང་བྱེད་མི་འདོད། ཁོ་གནས་དེ་རུ་ཙོག་ནས་མིག་མདུན་དུ་བཤམས་ཤིང་གནམ་བདག་གིས་བསྐྲུན་པའི་མཛེས་ལྗོངས་ཀྱི་དབྱིངས་སུ་ཞུགས་ནས་བསམ་བློ་གཏོང་བཞིན། གནམ་བདག་ལ་བསྟོད་པའི་མེ་ཏོག་གཏོར།
གནས་དེ་རུ། ཀྱ་ཀྱུར་བཞུར་བའི་ཆུ་བོའི་འགྲམ་རྒྱུད་ན། སྦྱར་སྡོང་སྟར་པ་རིང་པོ་དེ་ཀྱག་ཀྱོག་གིས་བསྐྱོད། གཡང་གཟར་བའི་ཆུ་ངོགས་ཀྱི་མཐའ་འཁོར་དང་སྟོང་པའི་མཁའ་དབྱིངས་ནི་རློན་ཤིག་ཤིག་གི་སྨུགས་པ་སྲབ་མོ་རིམ་པ་ཞིག་གིས་སྒྲིབ་ཅིང་། དཀར་ལྷོག་ལྷོག་གི་སྨུགས་པ་སྲབ་མོ་དེར་ཟླ་འོད་འཕྲོས་པ་ན། དངུལ་གྱི་ཚོན་མདངས་རིམ་པ་ཞིག་བྱུག་པ་དང་མཚུངས་པར་འོད་ཁྱུག་ཁྱུག་བྱེད། སྨུགས་པའི་ཡོལ་རས་སྲབ་མོ་དེས་ཆུ་ལམ་ཀྱག་ཀྱོག་དེ་བཏུམས་ཤིང། དེ་ནི་ཡང་ཞིང་གསལ་བའི་སྲིང་བལ་རིམ་པ་ཞིག་དང་གཉིས་སུ་མ་མཆིས།
བགྲེས་སོང་གིས་ཡང་བསྐྱར་གོམ་པ་སྒྱུར་མཚམས་བཞག་སོང་། ཁོས་སེམས་པའི་གཏིང་རུམ་དུ་ཐེབས་པའི་ཡིད་འགུལ་དེ་ཚོར་བྱུང་ལ། དེ་ཉིད་རིམ་བཞིན་ཇེ་དྲག་ཏུ་གྱུར་ནས་རང་གིས་ཀྱང་ཚོད་འཛིན་བྱེད་དཀའ་བའི་གནས་སུ་གྱུར།
འོན་ཀྱང་། དོགས་པ་ཟ་དགོས་ས་ཞིག་ཡོད་དེ། བཤད་མི་ཤེས་པའི་སེམས་ཁྲལ་ཅིག་ཁོའི་སེམས་པའི་མཐིལ་ནས་རང་ཤུགས་སུ་སྐྱེས་བྱུང་། སྔོན་ཆད་ཁོས་རང་ཉིད་ལ་དྲི་བ་མང་པོ་བཏོན་མྱོང་། ད་ལྟ། དེའི་ཁྲོད་ཀྱི་དྲི་བ་ཞིག་གིས་སླར་ཡང་ཁོ་ལ་སུན་པོ་བཟོ་མགོ་བརྩམས་བྱུང་།
གནམ་བདག་གིས་ཅིའི་ཕྱིར་མཚན་མོའི་མཛེས་ལྗོངས་འདི་གསར་བསྐྲུན་བྱས་པ་ཡིན་ནམ། མ་གཞི་ནས་མཚན་མོ་ནི་མལ་དུ་གཟིམས་ཆེད་དང་། སེམས་ལ་ཁུར་བོ་ཅི་ཡང་མེད་ཆེད། ལུས་སེམས་བག་ལ་ཕབ་ནས་ངལ་གསོ་ཆེད། སྐབས་ཐོག་ཏུ་སེམས་ཁྲལ་ཅི་ཡང་མི་བྱེད་ཆེད་བཅས་ཡིན་ན། དེ་ཉིད་ལ་ཉིན་དཀར་ལས་ཀྱང་འཕགས་པའི་འགུག་ཤུགས་ལྡན་དུ་འཇུག་པའི་རྒྱུ་མཚན་ཅི་ཡིན་ནམ། ཞོགས་པ་དང་ས་སྲོས་ལས་ཀྱང་ཡིད་དབང་འཕྲོག་པ་ཅི་ཡིན་ནམ། དལ་བུར་བགྲོད་ཅིང་དྭངས་ཤིང་གསལ་ལ་ཡིད་དབང་འཕྲོག་པའི་སྐར་མའི་གོ་ལ་འདི་ཉིད་ཉི་མ་ལས་ཀྱང་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་རྒྱུ་མཚན་ཅི་ཡིན་ནམ། ཅིའི་ཕྱིར་དེ་ནི་དེ་ལྟར་ཚུལ་ལྡན་མངོན་ཆུང་ཡིན་ལ། དངོས་པོ་གང་ཞིག་སྐྱེས་མ་ཐག་ནས་བཟུང་འཇིག་རྟེན་གྱི་ཆེས་ཁྱད་མཚར་བ་དང་ཆེས་ལྐོག་གྱུར་དེ་ཡིན་ཕྱིན། ཉི་མ་ཁ་དཀར་ངོ་དཀར་ལ་འོད་འཕྲོ་བར་མི་འཚམ་པ་དེ་དག་གསལ་ཆེད་ཡིན་པ་འདྲ། ཅིའི་ཕྱིར་དེ་ཉིད་ཀྱི་འོད་འཕྲོས་པས་མུན་ནག་ཡོད་ཚད་ཀྱང་འདི་ལྟར་ཕྱི་གསལ་ནང་གསལ་དུ་གྱུར་སོང་།
ཅིའི་ཕྱིར་གླུ་ལེན་པར་མཁས་པའི་འདབ་ཆགས་ཁྲོད་སྐད་ཆེས་སྙན་པའི་བྱེའུ་དེ། བྱ་རིགས་གཞན་ནང་བཞིན་མཚན་མོར་གཉིད་མི་ཁུགས་པར། ཡིད་དབང་འཕྲོག་པའི་ཟླ་འོད་ཁྲོད་དགའ་བའི་གླུ་དབྱངས་ལེན།
ཅིའི་ཕྱིར་ས་གཞིར་གསལ་ལ་མི་གསལ་བའི་སེང་རས་ཡང་མོ་ཞིག་བཀླུབས་བྱུང་། ཅིའི་ཕྱིར་སེམས་པ་འདི་ལྟར་སྐྱོམ་བྱུང་། རྣམ་ཤེས་ལ་འདི་ལྟར་སྤྲོ་སེམས་ཀྱིས་བཀང་འདུག ཤ་ཁྲག་གི་ཕུང་བོ་ནི་འདི་ལྟར་ཨ་ཐང་ཆད།
མི་རྣམས་སྔ་མོ་ནས་ཉལ་ཁྲིའི་སྟེང་གཉིད་ཀྱི་ཞིང་ཁམས་སུ་ཞུགས་ནས། འདི་དག་ཡོད་ཚད་མཐོང་མི་ཐུབ་རུང་། ཡིད་དབང་འཕྲོག་པའི་མཛེས་ལྗོངས་འདི་འགྲེམ་སྟོན་བྱེད་དོན་ཅི་ཡིན་ནམ། འདི་ལྟར་ལྟ་ན་སྡུག་པའི་མཚན་ལྗོངས། འདི་ལྟར་གནམ་ལས་བབས་པ་ལྟར་སྙན་ངག་གི་བརྗོད་དོན་གྱིས་ཕྱུག་ཅིང་རི་མོ་བཞིན་མཛེས། འདི་དག་ཡོད་ཚད་ཡང་སྙིང་སུ་ཞིག་གི་ཆེད་དུ་བཀོད་སྒྲིག་བྱས་པ་ཡིན་ནམ།
ཚུལ་འདིར། བགྲེས་སོང་གིས་གོ་བ་ཧ་ཅང་ལོན་དཀའ་བར་གྱུར།
འོན་ཀྱང་། ཁྱོད་ཀྱིས་ལྟོས་དང་། གནས་དེ་རུ། རྩྭ་སའི་མུ་མཐའ་རུ། དངུལ་མདོག་གི་སྨུགས་པ་སྲབ་མོས་བསྒྲིབས་པའི་སྡོང་བོའི་ཡལ་ག་ཕན་ཚུན་བསྣོལ་བ་ལས་གྲུབ་པའི་གུག་གུག་འོག གློ་བུར་དུ་མིའི་གཟུགས་བརྙན་གཉིས་མངོན་བྱུང་། ཁོ་ཚོ་དཔུང་པ་མཉམ་གཤིབ་ཀྱིས་འཆམ་འཆམ་བྱེད་བཞིན་མཆིས།
སྐྱེས་པ་དེ་གཟུགས་ཅུང་རིང་། ཁོ་འགྲོ་རོགས་བུད་མེད་དེའི་སྐེ་ལ་འཐམ་ནས། དུས་ངེས་མེད་དུ་ཁོ་མོའི་དཔྲལ་བར་འོ་བྱེད། ལྷིང་འཇགས་ཀྱི་མཚན་ལྗོངས་དེས་ཁོ་གཉིས་ཁོངས་སུ་བསྡུས་པས། དེ་ནི་ཆེད་དུ་ཁོ་གཉིས་ལ་བཟོས་པའི་བརྙན་རིས་ཤིག་དང་འདྲ་ལ། ཁོ་གཉིས་མངོན་པ་དེས་འཕྲལ་མ་ཉིད་དུ་མཚན་ལྗོངས་འདིར་གསོན་ཤུགས་བསྣན་བྱུང་། ཁོ་གཉིས་ཀ བལྟས་མ་ཐག་ནས་གཞི་གཅིག་ཏུ་འདྲེས་འདུག་པས། འཇམ་ཐིང་ཐིང་གི་མཚན་མོ་འདི་ནི་ཆེད་དུ་ཁོ་གཉིས་ཀར་བཀོད་པ་དང་མཚུངས། ཁོ་གཉིས་བགྲེས་སོང་ལ་ཕྱོགས་ནས་སོང་། ཧ་ལམ་དེ་ནི་དྲིས་ལན་གསོན་པོ་ཞིག་ཡིན་པ་ལྟར། ཁོའི་གནམ་བདག་གིས། ཁོས་ད་གིན་བཏོན་པའི་དྲི་བ་དེར་བཏབ་པའི་དྲིས་ལན་ཡིན།
ཁོ་ཧད་ནས་གནས་དེར་འགྲེང་སྟེ། སྙིང་ལྟིག་ལྟིག་ཏུ་ལྡིང་བཞིན། ཅི་ཞིག་བྱེད་དགོས་པ་རྩ་བ་ཉིད་ནས་མ་ཤེས། དུས་འདིར། ཁོས་ཧ་ལམ་《དམ་པའི་གསུང་རབ》་ཀྱི་དོན་ཚན་གང་འཚམ་ཞིག་མཐོང་བྱུང་བ་འདྲ། ལུའོ་ཏི་དང་པོ་ཨ་སི་ཡི་འདོད་བརྩེ་ནང་བཞིན། ཁོའི་མིག་མདུན་དུ་མངོན་བྱུང་། དེ་ནི་གསུང་རབ་ནང་ཞིབ་འབྲི་བྱས་པའི་བླ་མེད་རྒྱབ་ལྗོངས་སུ། གནམ་བདག་གི་དགོངས་པ་མངོན་འགྱུར་བྱེད་བཞིན་པའི་སྒང་ཡིན། ཁོའི་ཀླད་པའི་ནང་《དམ་པའི་གསུང་རབ》་ཁྲོད་ཀྱི་《ཡ་གཞས་ཚན་པ》འི་སྙན་ཚིག་དེ་གྲགས་བྱུང་། དེ་ནི་སྤྲོ་སེམས་འཁོལ་བའི་འབོད་སྒྲ་ཡིན་པ་མ་ཟད། ཤ་ཁྲག་གི་ཕུང་བོའི་རེ་འབོད་ཡིན་ལ། འབར་བཞིན་པའི་འདོད་བརྩེའི་སྙན་ངག་ཚན་པའི་ཁྲོད་ཧ་ཅང་དབལ་ཚ་བའི་སྙན་ངག་གི་བྲོ་བ་ཡོད་ཚད་ཡིན།
དེ་ནས། ཁོས་འདི་ལྟར་བསམ་སྟེ། “གཅིག་བྱས་ན། གནམ་བདག་གིས་མཚན་མོ་འདི་འདྲ་ཞིག་གསར་དུ་བསྐྲུན་པ་ནི་མི་ཡུལ་གྱི་འདོད་བརྩེར་ཕུགས་བསམ་གྱི་གདོང་ཁེབས་ཅིག་འགེབས་ཆེད་ཡིན་རྒྱུ་རེད།”སྙམ།
དགའ་གྲོགས་འདི་གཉིས་ཕན་ཚུན་གྱི་སྐེད་པར་འཐམ་ནས་དལ་བུར་ཚུར་བསླེབས་བྱུང་། ཡིན་ཡང་ཁོ་མཚམས་མ་ཆད་པར་ཕྱི་ནུར་བྱས། བུད་མེད་དེ་ནི་ཏག་ཏག་ཁོའི་ཚ་མོ་རེད། འོན་ཀྱང་དུས་འདིར་ཁོས་བསམ་བློ་གཏོང་བ་ནི། ཁོ་གནམ་བདག་གི་བཀའ་དང་འགལ་མིན་མ་ཡིན་ཏེ། གནམ་བདག་གིས་འདི་ལྟ་བུའི་མཛེས་སྡུག་གི་འོད་ཟེར་གྱིས་བརྩེ་དུང་གཟེངས་སུ་ཐོན་པར་བྱས་པ་ཧ་ཅང་གསལ་བོ་ཡིན་ན། ཕོ་མོ་ཕན་ཚུན་དགའ་རོགས་བསྒྲིགས་ཏུ་མི་འཇུག་ག་ལ་སྲིད།
ཁོ་རྒྱབ་ལོགས་སུ་བྲོས། ཁོའི་སེམས་པ་ཟང་ཟིང་དུ་གྱུར་བ་མ་ཟད། ངོ་ཚ་ནས་འདུག་བཟོད་ཀྱང་མེད་པར་གྱུར། དེ་ནི་ཁོ་རང་གོམ་པ་སྤོ་རྒྱུའི་དབང་ཆ་རྩ་བ་ནས་མེད་པའི་མཆོད་ཁང་ཅིག་ཏུ་འཛུལ་བ་བཞིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com