བོད་ཅེས་པའི་གོ་དོན་གྱི་བྱུང་བ་རགས་ཙམ་བརྗོད་པ།

རྩོམ་པ་པོ།:ཀླུ་ཨ་རྡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-11-23 09:16:00 ཀློག་གྲངས།:

བོད་ཅེས་པའི་གོ་དོན་གྱི་བྱུང་བ་རགས་ཙམ་བརྗོད་པ།
ཀླུ་ཨ་རྡོར།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་བོད་དང་བོན་གཉིས་ནི་རྟེན་ཅིང་བརྟེན་པའི་འབྲེལ་བར་གཞིགས་ཏེ་བོད་ནི་ཐོག་མ་ནས་ཡུལ་གྱི་མིང་དང་བོན་ནི་བོད་ཡུལ་གྱི་གདོད་མའི་ཆོས་ལུགས་ཀྱི་མིང་། དེ་བས་བོད་ཀྱི་ཐོག་མའི་ཆོས་དང་ཤེས་རིག་འགོ་ཁུངས་ཏེ་བོན་ནས་བྱུང་བ་དང་། དེ་དུས་ཀྱི་མི་རིགས་ལ་ཆོས་ལུགས་ཀྱི་དབང་གིས་བོན་པོ་ཞེས་འབོད་ཅིང་། སྤྱིར་བོད་ཀྱི་མི་རིགས་དང་དོན་གཅིག་པར་འདོད་པས། དེ་དག་གི་བྱུང་བ་ལུང་དང་རིག་པས་རགས་ཙམ་བརྗོད་ཡོད། 
བརྡ་ཆད་གཙོ་བོ། བོན། བོད། གོ་དོན། བྱུང་བ།
     ཐོག་མར་བོན་དང་བོད་གཉིས་ཀྱི་གོ་དོན་འགྲེལ་ཚུལ་སྐོར་ཅུང་ཟད་བཤད་ན། བོན་ནི་ངག་དབང་རྒྱ་མཚོའི《ཏུན་ཧོང་ཡིག་རྙིང་ལས་བོན་དང་བོན་པོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་མཐའ་དཔྱོད》ཅེས་པར། (རྩོམ་ཁུངས། ཧི་མ་ལ་ཡའི་བོན།)བོན་དང་བོན་པོ་ཞེས་པའི་ཐ་སྙད་འདི་①ཆོས་ལུགས་ཆོ་གའམ་རིམ་གྲོ་ལ་འཇུག་པར་མ་ཟད། ཆོ་ག་དེ་སྤེལ་པའི་གང་ཟག་བོན་པོ་ལའང་འཇུག ②བོན་དང་བོད་གཉིས་བརྗེ་སྤོར་བྱེད་པ། ③བོན་ནི་བཤད་པའམ་འདོན་པའི་དོན་ལ་འཇུག ④ཤེས་བ་ཀུན་ལ་འཇུག་པ་དང་འདོན་པ་དང་བཟླས་པའི་དོན་ལ་འཇུག ⑤ས་བོན་གྱི་བོན་ལ་འཇུག་སྟེ། གངས་ལྗོངས་ཀྱི་གྲུབ་མཐའ་ཀུན་གྱི་ཐོག་མ། གྲུབ་མཐའ་སྣ་ཚོགས་འབྱུང་བའི་ས་བོན་ལྟ་བུ། ⑥ཞང་ཡིག་ཏུ་གྱེར་བ། ལ་ལས་སྟག་གཟིག་སྐད། བོན་དྲུང་བོན་ཞེས་པའི་བོན་ནི་ཆོས་ཞེས་པའི་དོན་དང་ཡོངས་སུ་མཐུན་ཞེས་བཀོད་ཡོད། ཡང་། སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》(ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐུན་ཁང་། ཤོག་ངོས་༥)ལས། བོན་ནི་ཤེས་བྱ་དང་ལམ། འཁོར་འདས། ཡིད་ཀྱི་ཡུལ། བསོད་ནམས། དོན་དང་གསུང་རབ་སོགས་དང་། བོན་ནི་མི་གཡོ་སྐྱོབ་པའི་སྒྲ་ཞེས། མི་གཡོ་བ་མཚན་མར་གཡོ་བ་སྟེ། སྡེ་སྣོད་མཐའ་དག་གི་དགོངས་པ་གཅིག་ཏུ་སྟོན་པ། བཅས་ལ་འཇུག་པར་གསུངས་པ་དང་། 《མདོ་སྨད་ཞིབ་འཇུག》དེབ་ལྔ་བ། (མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གིས་བསྒྲིགས།)བཀྲ་ཤིས་སྐྱིད་ཀྱི《བོན་སྲིད་གཉིས་ཀྱི་ཐོག་མའི་འབྲེལ་བའི་སྐོར་ལ་རགས་ཙམ་དཔྱད་པ》ཞེས་པ་ལས་བོན་ནི་གནའ་བོའི་བོད་སྐད་དུ་བཟླ་བའི་དོན་ཏེ། སྔགས་བཟླ་བའི་དོན། སུ་ཞིག་གིས་སྔགས་མང་དུ་བཟླ་ཞིང་། དེའི་མཐུ་ལ་བརྟེན་ནས་གནས་སྐབས་ཀྱི་དཀའ་ངལ་ཅི་རིགས་སེལ་ཐུབ་མཁན་དེ་ལ་བོན་པོ་ཞེས་པའ་ཐ་སྙད་བྱུང་ཞེས་པ་བཞིན། བོད་ནི《ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུངས་འབུམ》(པོད་གཉིས་པ། ཤོག་ངོས་༧༢༠)ལས། བོད་པ་ཞེས་པ་ནི་རྗོད་ཚིག་འབོད་པ་ལས་བྱུང་བའི་མིང་ཚིག་ཅིག་ཡིན། བོད་ཀྱི་རྡོ་རིང་དང་ཤོག་དྲིལ་དག་ཏུ་རྗེས་འཇུག་ད་དང་ན་གཉིས་ཀྱི་སྦྱོར་ཚུལ་ལ་ངེས་པ་མེད་པར། དཔེར་ན། བཙན་པོ་དང་བཙད་པོ།  ཞེས་གསུངས། གང་ལྟར་སྔ་མོ་ནས་བོན་ནི་རྗེས་གྲུབ་གྱི་མིང་ཞིག་ཏུ་སྣང་ལ། བོད་ཅེས་པའི་མིང་ནི་གདོད་མ་བོན་གྱི་ཟུར་ཆགས་དང་དེ་ནས་ཚལ་བའི《དེབ་ཐེར་སྔོན་པོ》(ཤ ༦༠)ལས། ཁྱད་པར་ཏུ་ཐུབ་པ་བཞུགས་པའི་དུས་ན་བོད་ཅེས་བྱ་བ་ལུང་གནམ་འབྱེད་ལས་བཤད་ཅེས་གསུངས་བ་ལྟར་ན་བཙན་པོ་འོ་ལྡེ་སྤུ་རྒྱལ་གྱི་ཡར་སྔོན་རྒྱལ་རབས་སིལ་མ་བཞི་བཅུའམ་སིལ་མ་བཅུ་གཉིས་ཀྱི་སྐབས་ནས་བོད་ཅས་པའི་མིང་བྱུང་ཞིང་། དེ་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་དང་པོ་གནོད་སྦྱིན་ནག་པོའི་དབང་བྱས་ཏེ་ཡལ་མིང་བདུད་ཡུལ་ཁ་རབ་མགོ་དགུར་བཏགས། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ་མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ་ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། ཡུལ་མིང་བོད་ཁམས་གཡག་དྲུག་བྱ་བར་བཏགས། དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ་ཡུལ་གྱི་མིང་ནི་ས་ཁ་བརྒྱད་དུ་བཏགས། གཞུག་ཏུ་སྤུར་རྒྱལ་བཙན་པོས་དབང་བྱས་ཏེ་མིང་ཡང་བོད་ཁམས་རུ་བཞི་བྱ་བར་བཏགས།  གདོད་མའི་དུས་ནས་བཟུང་བོད་ཀྱི་ཡུལ་ཞིས་འབོད་ཅིང་། དེ་ནས་རིམ་བཞིན་ཆབ་སྲིད་རྒྱ་བསྐྱེད་དང་དཔལ་འབྱོར་ཡར་རྒྱས་བྱུང་བ་དང་བསྟུན་ནས་བཙན་པོ་སྲོང་བཙན་ཀྱི་དུས་སུ་མཆོལ་ཁ་གསུམ་གྱི་སྤྱིའི་མིང་དུ་སྤུར་རྒྱལ་བཙན་པོའི་རྒྱལ་ཁམས་ཞེས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ། ། རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི། ། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། ། སུམ་གཉིས་ས་ཡི་དཀྱིལ་མཁོར་བཟུང་ཞེས་གྲགས། ། ཞེས་གསུངས་པ་ལྟར། ཡུལ་ཁམས་དུ་མ་མངའ་འོག་ཏུ་བཅུག་ཡོད།
     བོད་ཀྱི་གནས་ཡུལ་ནི་གདོད་མའི་དུས་ནས་བཟུང་གངས་ཏི་སེ་དང་མཚོ་མ་ཕམ་འགྲམ་རྒྱུད་དེ། བོད་ཡུལ་ཆོལ་ཁ་གསུམ་གྱི་ཡ་གྱལ། བཅུ་ཕྲག་རིག་པའི་གནས་ཀྱི་འགོ་ཁུངས་ཏེ་སྟོད་མངའ་རིས་སུ་ས་སྐྱེས་རྡོ་སྐྱེས་སུ་གཞིས་ཆགས་ཤིང་། ཞིང་དང་ཕྱུགས་ལས་མཉམ་འདྲེས་ཀྱི་སྤེལ་བཞིན་པའི་གདོད་མའི་མི་རིགས་ཤིག་ཡིན། དེ་ནི་སྟོད་རྒྱ་གར་དང་འདྲ་བར་སྔོན་ཞིག་ན་སྟོད་སྟོད་རྒྱ་གར་དང་སྨད་རྒྱ་ནག་སོགས་ཉེ་འབྲེལ་གྱི་མི་རིགས་ཀུན་གྱི་ཤེས་རིག་གི་འབྱུང་ཁུངས་སུ་གཏོགས།  དེའི་འདེབས་འབྲེལ་ནས་བྱུང་བའི་སྤུ་རྒྱལ་གདུང་དམར་བོད་ཅེས་པའི་གསུམ་གཉིས་ས་ཡི་དབང་སྒྱུར་བྱེད་པོར་བསྔགས་པའི་མི་རིགས་ཤིག དེའི་རིགས་ལས་རྒྱས་པའི་གླིང་ཀུན་སྙན་པར་སྒྲོགས་ཤིང་ཟག་བཅས་ཀུན་འདུ་བར་རྩོམ་བའི་ཐུབ་བསྟན་དང་བོན་བསྟན་ཀྱི་ཤེས་རིག་ཅིག དེ་ན་མཚོ་བོད་མཐོ་སྒང་ཞེས་འཛམ་གླིང་འདིར་མིང་དུ་གྲགས་པའི་རིན་ཆེན་གཏེར་གྱི་བང་མཛོད་ཅིག་དང་། ཧི་མ་ལ་ཡ་ཞེས་འཛམ་གླིང་གི་ཡང་རྩེར་སྙེག་པའི་ཚེ་སྲོག་གི་འབྱུང་ཁུངས་ཤིག  འདི་དག་ནི་བོད་ཀྱི་ཤེས་རིག་གི་བསྐྱེད་ཡུམ་དང་ཚེ་སྲོག་གི་འབྱུང་རྩ་སྟེ་ཡིན་ལ། མང་པོ་མང་པོ་ཞིག་གི་སྲོག་ལྡན་གྱི་སྐྱེས་དངོས་དང་རིགས་ཚོགས་མང་པོ་ཞིག་གནས་འདི་ན་ཞི་དུལ་བག་ཡོད་ངང་འཚོ་ཞིང་གནས། འདི་ནི་ལོ་རྒྱུས་ཀྱི་རྡོ་རིང་དང་མི་རིགས་ཀྱི་རྣམ་ཤེས་འཕོ་བའི་གནས་ཡིན། དེའི་དཔེ་ལུང་གཤམ་གསལ་ལྟར།  ①སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》(ཤོག་ངོས་༡༤༢)ལས། བོད་དང་ཞང་ཞུང་བོན་མིན་པ་མེད།ཅེས་གསུངས་པ་དང་། ②སྐྱ་བསོད་ནམས་རྒྱལ་མཚན་གྱི《རྒྱལ་རབས་གསལ་བའི་མེ་ལོང》ལས། བྱང་ཇི་སྷོན་པ་ཤེས་རབ་འབུམ་གྱིས《རྒྱལ་རབས་དཔག་བསམ་ལྗོན་ཤིང》ཞེས་པར་རྒྱལ་བོ་གཉའ་ཁྲི་ནས་སྲོང་བཙན་ཡབ་གནམ་རི་སྲོང་བཙན་ཡན་ཆད་ཀྱི་ལོ་རྒྱུས་རྒྱས་པར་བཤད་ཡོད་ཀྱང་། ཆོས་དང་འབྲེལ་བའི་ལོ་རྒྱུས་མེད་པས་འདིར་མ་བྲིས་པ་དང་། ལྟ་འདོད་ཡོད་ན་དེ་དག་ཏུ་ལྟོས་ཞེས་གསལ་བ་ལྟར་ན་དུས་རབས་བཅུ་གསུམ་པར་དེབ་དེ་དུ་རུང་བཞུགས་ཡོད་པར་མངོན། ③ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》(མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༥༩ནས ༡༦༠བར།)ལས། སྤྱིར་བོད་ཁམས་ཞེས་པ་ནི་བོན་ཁམས་ཞེས་པའི་སྒྲ་ཟུར་ཆགས་ཏེ་བོད་ཁམས་ཞེས་གྲགས་པར་སྔ་རབས་པས་བཞེད་ལ། ལུང་གིས་ཀྱང་ངེས་ཏེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། མཁས་པ་མི་བཞི་དང་སྐུ་སྲུང་སྡེ་བཞི། གེར་མི་སྤུན་གསུམ་གྱི་རིང་ལ་མངའ་རིས་བོན་གྱི་སྐོར་དུ་འགྱུར་བ་ལགས། ཞེས་པས་སོ། དེར་ཡང་གཡུང་དྲུང་གི་བོན་བྱུང་སྔ་བ་དང་། རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱི་བོན་ཁམས་ཞེས་གྲགས་སོ། ཞེས་གསུངས་པ་ལ་ཡིད་རྟོན་པར་བྱའོ། ། ④འགོས་ལོ་གཞོན་ནུ་དཔལ་(༡༣༩༢—༡༤༨༡)གྱིས་མཛད་པའི《དེབ་ཐེར་སྔོན་པོ》(སི་ཁྲོན་སྟོད་ཆ་ཤ༦༠ ཕ ༩)ལས། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིག་པའི་ལྡོག་པ་མེད་ཅིང་། སྟོན་པ་ཐུབ་པ་བྱོན་པའི་དུས་ལས་སྔ་བ་རྩོད་ལྡན་གྱི་ཐོག་མ་སྐྱ་སེང་བུ་ལྔས་དཔུང་ཚོགས་ཡན་ལག་བཅོ་བརྒྱད་དམ། བཅུ་གཉིས་བཅོམ་པའི་ཚེ། རུ་པ་ཏེ་ཞེས་བྱ་བའི་རྒྱལ་བོ་དཔུང་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ་བུད་མེད་ཀྱི་ཆ་ལུགས་སུ་བྱས་ནས་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་ན་ཡང་། བོད་ཅེས་བྱ་བ་གྲགས་པ་ཡིན། ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དེ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཟེར་པ་ལ། ཕྱིས་ཀྱི་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་རོ།  ཞེས། འདི་དག་ལས་རི་བོང་རྣམ་རྡིབས་ཀྱི་ཚུལ་མཆོས་སྤྲས་པའི་བོད་མི་གང་མང་ཞིག་གིས་བོད་མི་རིགས་ཀྱི་འབྱུང་ཁུངས་རྒྱ་གར་དང་རྒྱ་ནག་སོགས་མི་རིགས་གཞན་ཡིན་ཞེས་གྲག་སྐམ་ཁྱི་ཕྲུག་ཇི་བཞིན་ཟུག་སྐད་འབྱིན་པ་ལས། ཡང་སྙིང་རྟོགས་མེད་པ་མཐོང་ཆོས་སུ་གྱུར་བའི་རི་བོའི་གཏོས་དང་མཉམ་པའི་གླེགས་བམ་དག་ལས་ཤེས།
     དེ་བཞིན་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མ་ཤེས། ། ནོར་བུ་གཞན་ལ་ཤོར་དུས་སྙིང་བློ་སྟོད་ལ་འཚང་། ཟེར་བ་བཞིན། མི་རིགས་གཞན་གྱིས་ཀྱང་བོད་ཡུལ་འདི་གནའ་སྔ་མོ་ནས་ཤེས་རིག་གི་ཉི་ཟླ་འཆར་པའི་གནས་ཤིག་ཏུ་ངེས་འཛིན་གྱིན་ཡོད་པ། ①《བོད་རིག་པ་ཞིབ་འཇུག》དེབ་དགུ་པ། (ཤོག་ངོས་༨ནས་༡༨)བར། ཐུབ་བསྟན་ཕུན་ཚོགས་ཀྱི《བོན་དང་རྒྱ་གར་རིག་གནས་བར་གྱི་འབྲེལ་བ་གླེང་བ》ལས། རྒྱ་གར་བ་རྣམས་ཀྱིས་གངས་ཏི་སེ་ནི་ལྷ་དབང་ཕྱུག་གི་གནས་དང་དབང་ཕྱུག་གི་རལ་བ་ནི་ཆུ་བོ་གངྒཱ་ཡིན་པས། ཆུ་བོ་དེའི་འགྲམ་རྒྱུད་ཀྱི་བྱ་དངོས་ཐ་དག་ལ་སྐྱོན་དང་སྦྱོར་བ་རྩུབ་མོས་མི་སྤེལ་བར་དེ་ལ་སྲུང་སྐྱོབ་དང་མོས་གུས་བྱེད་པ། ཆུ་དེ་ལས་ཁྲུས་བྱས་ན་དགག་བར་ཆད་འཇོམས་ཞིང་ཆུ་དེ་གཏོར་ན་དུས་ཀུན་ཀྱི་ཐན་སྐྱོན་སེལ་བར་འགྱུར་བའི་ཡོན་ཏན་གྱི་ཆུ་བོར་བཀུར་གྱིན་ཡོད། དེ་ལས་རྒྱ་གར་རིགས་ཀྱི་ཨརྱ་(འཕགས་པ་)མི་རིགས་དེ་གངས་ཏི་སེ་དང་ཕ་མ་གཡུ་མཚོའི་གནས་ཡུལ་དེ་སྟོད་མངའ་རུས་ནས་མཆེད་པ། མཁན་ཆེན་དཡཱནས་ཨརྱ་མི་རིགས་ནི་བོད་ནས་བྱུང་ཡོད་འདུག་ཅེས《བདེན་དོན་གསལ་བ》ལས་གསུངས་པ་དང་། ②བོད་ལ་ཨ་རབ་པས(Tibet)ཟེར་བ་འདི་ནི་རྒྱ་གར་གྱི་སྲིད་བློན་ནེ་རོའི་རྒྱ་གར་མཁས་ཆེན་དཡཱནནྡ་ཟེར་བ་དེས《བདེན་དོན་གསལ་བ》ཞེས་པའི་ནང་དུ་། ཐྲཱི་བེ་ཐཱི་ཞེས་པ་ནི་གནའ་བོའི་རྒྱ་གར་གྱི་སྐད་དེ་ཏྲྀབྀཥཊཔྲ་ཞེས་པ་དེ་སྒྲ་ཟུར་ཆགས་ཅེས་གསུངས། ཏྲྀབྀཥཊཔྲ་ཞེས་པའི་དོན་ནི་བོད་སྐད་དུ་སུམ་རྩེན་ཟེར་(སའི་དཀྱིལ་འཁོར་གྱི་སྙིང་བོ་འམ་ཡང་རྩེ། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས། བརྒྱ་བྱིན་དང་ཚངས་བ། དབང་ཕྱུག་སོགས་ལྷ་གཙོ་བོ་དག་བཞུགས་པའི་གནས་ཏེ་རྣམ་རྒྱལ་ཕོ་བྲང་།)ཅིང་། གངས་ཏི་སེ་དང་མཚོ་མ་ཕམ་པའི་ཉེ་སྐོར་གྱི་མངའ་རིས་ཡུལ་གྱི་ལུང་པ་དག་པ་སུམ་རྩེན་གྱི་ལྷ་གནས་སུ་འདོད། དེ་བས་རྒྱ་གར་གྱི་ཡུལ་སྲོལ་དུ་གངས་ཏི་སེ་དང་མཚོ་མ་ཕམ་ཡོད་པའི་ས་ཕྱོགས་འདི་ནི་གནའ་བོའི་རྒྱ་གར་གྱི་ཆོས་དང་རིག་གནས་ཐམས་ཅད་འབྱུང་ཁུངས་ཀྱི་ཞིང་ཁམས་ལྟ་བུར་བརྩི། ③《བོད་རིག་པ་ཞིབ་འཇུག》དེབ་དགུ་པ།(ཤོག་ངོས་༡་ནས་༨)བར་གྱི《བོན་གྱི་རིག་གནས་ཀྱི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ》ལས་བོན་ཆོས་ནི་སྟོད་མངའ་རིས་གངས་རི་བོ་ཆེའི་མདུན་དང་མཚོ་མ་ཕམ་གྱི་འགྲམ་གྱི་འོལ་མོ་ལུང་རིང་ཡིན་ཞིང་། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་ད་བར་ལོ་ངོ་སུམ་སྟོང་དགུ་བརྒྱ་ལྷག་ཙམ་སོང་ཡོད། མཛད་མདོ་ལ་པོ་ཏི་བཅུ་གཉིས། དུས་རབས་བཅུ་གཉིས་པའི་སྐབས་སུ་གཏེར་ལས་བཏོན་པར་བཤད། ཅེས། ④《མདོ་སྨད་ཞིབ་འཇུག》དེབ་གསུམ་པ། (མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གིས་བསྒྲིགས།)གཡུང་དྲུང་སྐྱབས་ཀྱི《བོད་ཀྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱི་མཚན་གསོལ་བའི་ཐད་ལ་དཔྱད་པ》ལས། 《རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས། གནམ་རི་སྲོང་བཙན་ཡན་ཆོད་དུ། རྒྱལ་རབས་སུམ་ཅུ་རྩ་གསུམ་ལ། ཆབ་སྲིད་འཛིན་པའི་རྒྱལ་བོ་རེ། འདྲེན་པའི་སྐུ་གཤེན་རེ། སྐད་བསྒྱུར་བའི་ལོ་པཎ་རེ་ཞེས། སྐུ་གཤེན་ནི《དུང་དཀར་ཚིག་མཛོད་ཆེན་མོ》(ཤོག་ངོས་༢༣༩)ལས། རྒྱལ་བའི་རིམ་གྲོ་བྱེད་མཁན་གྱི་བོན་པོ་རྣམས་ལ་ཞེས་སའི་ཚིག་གིས་འབོད་པའི་ཚེ་སྐུ་གཤེན་ནམ་སྐུ་བོན་ཟེར། ཞེས་གསུངས། དེ་ནི་སྐུ་བླའམ་དབུ་བླ་དེ་སྐུ་ནི་རྒྱལ་བོའི་སྐུ་དང་གཤེན་ནི་བླ་མའི་དོན། 《བསྒྲགས་བྱང》ལས། དེ་ཡན་ཆད་དུ་བོད་འདི་ན་བོན་མིན་པ་མེད་ལ་ཞེས་གསུངས་ཡོད།
     གོང་གསལ་གྱི་དཔྱད་གཞི་གང་ལ་གཞུགས་ན་ཡང་། དེ་སྔོན་བོད་ཀྱི་ཡུལ་དུ་གནའ་སྔ་མོ་ནས་བཟུང་བོད་ཀྱི་མི་རིགས་ཆགས་ཤིང་འདུས་སྡོད་བྱས་ཡོད་པ་ནི་ད་ལྟའི་ཚན་རིག་བརྟག་དཔྱད་ཀྱིས་མཚོན་ཐུབ་ལ། བཙན་པའི་རྒྱལ་རབས་གོང་རོལ་ནས་བཟུང་བོད་ལ་ཡི་གེ་ཡོད་པ་དང་། དེ་དུས་བོད་ཡུལ་ཕྱོགས་ཀུན་བོན་བསྟན་གྱི་ཆོས་ལུགས་དར་ཤས་ཆེ་བའི་དབང་གིས་ཡུལ་ཀུན་ལ་བོན་གྱི་ཡུལ་ལམ་བོད་ཀྱི་ཡུལ་ཞེས་འབོད་པར་སྙམ། རྗེས་སུ་བོད་གདོད་མའི་ཡུལ་གྱི་མིང་ནས་ཐོགས་ཅིང་། བོན་ནི་དེ་དུས་གྱི་བོད་ཆོས་སུ་མཐོང་བར་སྣང་ལ། བོད་རིགས་ཀྱི་གཙང་མའི་མེས་པོ་དེ་ཡང་བོན་ཡིན་པ་གོང་གསལ་ལྟར། བོད་ནི་གདོད་མའི་ཡུལ་གྱི་མིང་དང་བོན་ནི་ཆོས་ལུགས་ཀྱི་མིང་དུ་བདགས་པར་བྱར་ན་སྔོན་མའི་ལོ་རྒྱུས་ཀྱི་ཁ་སྐོང་ཐུབ་ལ། ད་ལྟའི་ལོ་རྒྱུས་ཀྱི་གནས་བབ་དང་མཐུན་པ་ཞིག་ཀྱང་ཡིན་པར་མ་ཟད། མེས་པོའི་བླ་སྲོག་རྙེད་པའི་མཚོན་རྟགས་ཤིག་དུའང་ག་ལ་མིན། དེ་གང་ཡིན་ཞེས་ན།
     (ཀ)《དེབ་དཀར》(དགེ་འདུན་ཆོས་འཕེལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༧ )བར། བོན་པོ་རྣམས་ཀྱིས་བོན་ཞེས་པ་བོད་ཀྱི་དོན་ཏེ། བོད་ནི་བོན་གྱི་མིང་ལས་ཟུར་ཆགས་པར་ཅུང་ཟད་བསམ་དགོས་པའང་ཡོད་དོ་ཞེས་དང་། (ཤོག་ངོས༦)པར། བོད་ཅེས་པ་རྣམ་པ་ཀུན་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད། ཅེས་དང་། (ཤོག་ངོས་༥)པར་དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས་རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུངས་པ་བཞིན། ཁོང་གིས་ཀྱང་ཁ་ཚོན་བཅད་དུ་མེད་ལ། དེ་ལ་ནི་རྟགས་དགོས་པའི་གནད་ཡིན་ནོ། ། ཆེས་ཐོག་མར་བོད་ཀྱི་ཡུལ་གྲུ་འདི་ལ་སྔ་མོ་ནས་བོད་ཡུལ་ཞེས་གྲགས་ཅིང་དར་བའི་ཆོས་ལུགས་ཀྱི་མིང་ལ་བོན་ཆོས་ཞེས་གྲགས་ཤིང་། དེ་དུས་ཆུ་མིན་རླན་དང་། བོན་མིན་ཆོས་མེད་པ། དེ་དུས་བོན་གྱི་མི་རིགས་ཟེར་བ་ཆོས་ལུགས་ཀྱི་མིང་གིས་སྦྱར་བར་འདོད་ཅིང་། བོན་ཀྱི་ཤེས་རིག་ཟེར་བ་ཡང་བོད་ཀྱི་ཤེས་རིག་ཟེར་བ་དང་མིང་དོན་མཚུངས་བར་འདོད་པས། བོན་ཞེས་པའང་མི་རིགས་གཞན་མ་ཡིན་པར་བོད་ཀྱི་མེས་པོ་གོང་མ་སྟེ་རྣམས་ཡིན་ལ། རྗེས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་བོད་དུ་དར་བ་ནས་བཟུང་མི་རིགས་གཅིག་ལ་ཆོས་ལུགས་གཉིས་ཀྱི་ཕྱོགས་ཞེན་དང་ཆོས་ལུགས་ཀྱི་འགལ་འབྲེལ་དབང་གིས་བྱུང་བས། མི་རིགས་ཡ་བྲལ་དུ་འགྱུར་བཞིན་པ་དབང་བོས་ཚོར་ནུས་པ་འདི་ལགས། གལ་སྲིད་བོད་དང་བོན་གཉིས་མི་རིགས་མི་གཅིག་པ་གཉིས་ཡིན་ན། དུས་ད་ལྟ་འཛམ་གླིང་ན་སྙན་གྲགས་འབར་ཅིང་འོད་སྟོང་འཕྲོད་པའི་ཤེས་རིག་འདི་གྲུབ་པར་མ་ངེས་ལ། དེ་ནི་ལོ་ངོ་ལྔ་སྟོང་ཡན་གྱི་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོ་དེ་ལས་གྲུབ་པ་གདོན་མི་ཟ།
     (ཁ)ནམ་མཁའི་ནོར་བུས་བརྩམས་པའི《བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་སྐོར》ལས་(ཤོག་ངོས་༦༢)བར། བོན་གྱི་ལུགས་ཐོག་མའི་འབྱུང་ཁུངས་འཁྲུལ་བ་དང་བྲལ་བ་ནི་ཞང་ཞུང་གི་རྒྱལ་སའི་ལྟེ་བ་འོལ་མོ་ལུང་རིང་ཞེས་གྲགས་པ། དེང་དུས་སུ་གུ་གེ་ཞེས་བྱ་བའི་ཡུལ་གྱི་འབུས། གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ་ངོགས་སུ་ཡོད་པའི་གནས་དེ་ཡིན་ལ། ཞང་ཞུང་གི་ཡུལ་དབུས་སུ་ཡོད་པའི་གངས་ཆེན་པོ་ཏི་སེ་ལ་རྒྱ་གར་སྐད་དུ་(ཀཻ་ལ་ཤ)ཞེས་པ་དང་། མཚོ་མ་ཕམ་ལ་(མ་ནམ་ས་རོ་ཝ)ཞེས་པ་སྟེ། རྒྱ་གར་བ་རྣམས་ཀྱིས་གངས་ཏི་སེ་ནི་དབང་ཕྱུག་ཆེན་པོའི་གནས་རི་ཁྱད་དུ་འཕགས་པ་ཞིག་ཏེ། དབང་ཕྱུག་པའི་སྲོལ་ལུགས་གང་ནས་བྱུང་བའི་གནས་ཐུན་མོང་མ་ཡིན་པ་ཞིག་ཏུ་ངོས་འཛིན་པ་དང་། གངས་ཏི་སེ་འབྲེལ་མཚོ་མ་ཕམ་ཡང་བྱིན་ཅན་གྱི་མཚོ་ཞིག་ཏུ་ངོས་འཛིན་ཞིང་། མཚོ་དེའི་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་རྣམས་རྒྱ་གར་གྱི་ཡུལ་དུ་སླེབས་པའི་ཚེ། རྒྱ་གར་བ་རྣམས་ནས་ཆུ་བོ་དེ་དག་ཏུ་ཁྲུས་བྱེད་ཅིང་གནས་མཆོག་གངས་ཏི་སེ་དང་། མཚོ་མ་ཕམ་གྱི་བྱིན་རླབས་ཀྱི་ཆུ་བོ་དེ་དག་ཏུ་སུས་ཁྲུས་བྱས་པ་དེ་དག་སྒྲིབ་པ་རྣམས་འདག་ཐུབ་པའི་ཡིད་ཆེས་བྱེད་སྲོལ་ཡོད་པ་དང་། རྒྱ་གར་གྱི་གནས་སྐོར་བ་བརྒྱ་ཕྲག་མང་པོ་ལོ་རེ་བཞིན་གངས་ཏི་སེ་དང་མཚོ་མ་ཕམ་མཇལ་བསྐོར་དུ་འགྲུལ་བཞུད་བྱས་པ་དང་བྱེད་བཞིན་པ་དངོས་ཀྱི་གནས་ཚུལ་དེ་དག་ལ་ལེགས་པར་པར་དཔྱད་ན། རྒྱ་གར་གྱི་དབང་ཕྱུག་པའི་ལུགས་དེ་བོད་ཀྱི་གནའ་བོའི་ཤེས་རིག་ཡོངས་རྫོགས་ཀྱི་ཁུངས་ཞང་ཞུང་ནས་ཕར་དར་བ་ཞིག་ཡིན་ནམ། རྒྱ་གར་ནས་བོད་དུ་ཚུར་དར་བ་ཞོག་ཡིན་པའི་ཚུལ་ལ་ངོས་ཤེས་བརྟན་པོར་རྙེད་ཐུབ།
     (ག)བོད་ཀྱི་ད་ལྟའི་རིག་གནས་འདིའི་ཕྱི་མོ་ནི་རང་རིགས་ཀྱི་གདོད་མའི་མེས་པོ་དེ་བོན་གྱི་རིག་གནས་དང་གནའ་བོའི་རྒྱ་གར་གྱི་རིག་གནས་ཀྱི་མ་ལག་གཉིས་ཀྱིས་གྲུབ་པ་ཡིན། དེ་ལ། 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་གྱི་རིག་གཞུང་བཅར་འདྲིའི་ཟིན་ཐོ་ཕྱོགས་སྒྲིག》གཙོ་སྒྲིག་པ་ལྷག་པ་ཚེ་རིང་།(མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༥༤༢)་སྟོང་སྐོར་ཚེ་རིང་ཐར་གྱི《བོད་སྔ་རབས་ཀྱི་ལོ་རྒྱུས་བསྐྱར་འབྲི་བའི་དུས་ཚོད་ལ་སླེབས་འདུག》ཅེས་པ་ལས། སྲིད་པའི་བོན། སྐབས་དེར་བོད་ས་གནས་ཀྱི་རིག་གནས་འདིའི་ལྟེ་བའམ་དཀྱིལ་སྙིང་ཞིག་ཡོད་དམ་ཞེ་ན་ཡོད་པ་སྟེ། དེ་ནི་གངས་རིན་པོ་ཆེའི་མཐའ་འཁོར་གྱི་རིག་གནས་དེ་རེད། བོན་གྱི་འབྱུང་གཞིའི་ཆ་ནས་གླེང་ན་འབྱུང་ཡུལ་བོད་རང་གི་ས་ཆ་འདི་རེད། ས་སྐྱེས་རྡོ་སྐྱེས་རེད། དེ་བས་ཕྱི་ནས་ཐོན་པའི་རིག་གནས་ཤིག་མ་རེད། རིག་གནས་འདི་རང་སར་ཡོད་པ་མ་ཟད་གངས་རིན་པོ་ཆེའི་འཐའ་འཁོར་གྱི་རིག་གནས་དེ་ནི་སྲིད་པ་རྒྱུད་ཀྱི་བོན་ཀྱི་ལྟེ་གནས་ཤིག་རེད། དེའི་རྗེས་བོད་བཙན་པོའི་དུས་སྐབས་སུ་ཐུ་མི་སམྦྷོཌ་ནས་ཐོག་མའི་བོན་གྱི་ཡི་གེ་སྤུངས་ཡིག་ཅེས་པ་ལེགས་སྒྱུར་དང་བཟོ་བཅོས་བྱས་པ་ལས་ད་ལྟའི་བོད་ཀྱི་ཡི་གེ་བྱུང་ཞིང་། བོད་ཁམས་ཐམས་ཅད་དུ་ཡང་བོད་བཙན་པོའི་རྒྱལ་ཁམས་སུ་གྲགས། མདོར་ན་སྔོན་རྒྱ་གར་ཀྱི་ཡིག་རིགས་ཀུན་གྱི་ཁུངས་ཡང་གངས་རི་པོ་ཆེའི་ཡིན་ལ། དེའི་རྒྱུད་ལས་དར་ཅིང་གྲུབ་པ་ཞིག་ཡིན་པས་ཡིག་རིགས་ཀུན་ལ་ཐུན་མོང་གི་གྲུབ་ཚུལ་དང་ཁྱད་ཆོས་རེ་འཛོམས་པ་ཡིན། དེ་བས་སྔོན་བྱོན་མཁས་པ་གནམ་གྱི་ས་གབ་པ་དང་འདྲ་བ་མང་བོ་ཞིག་གིས་ནང་ཆོས་ཀྱི་འགོ་ཁུངས་སྟོད་རྒྱ་གར་ལ་གཏུག་པ་བཞིན་རིགས་དང་ཡི་གེའི་ཁུངས་ཡང་རྒྱ་གར་ལ་གཏུག་པའི་སྲོལ་ལུགས་ཤིག་ཆགས་པ་རྒྱུན་འབྱམས་སུ་སོང་ཕྱིར། ད་ལྟ་བོད་མི་མང་པོ་ཞིག་གིས་རྒྱ་གར་ནི་ཤེས་རིག་ཀུན་གྱི་འགོ རིགས་ཅན་ཀུན་གྱི་མཆོག་ཏུ་རློམ་ཡོད་པའང་ལོ་པཎ་དག་དང་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པ་དཔེར་ན། ནམ་མཁའི་ནོར་བུས་བརྩམས་པའི《བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་སྐོར》(ཤོག་ངོས་༦༢ནས་༦༣)བར། དུས་ཕྱིས་ཀྱི་བོན་ཚོས་བོན་གྱི་ཁུངས་སྟག་གཟིག་གམ་ཏ་ཟིག རྟག་གཟིག་གི་ཡུལ་ལམ། དེང་དུས་ཀྱི་པར་སིག་ལ་གཏུག་སྲོལ་ཡོད་འདུག་པ་དེ་ནི། བོད་ཀྱི་བན་དེ་ཚོས་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པར་བརྟེན། རྒྱ་གར་ནས་གང་བྱུང་བ་དེ་དག་ཁུངས་ལྡན་དང་རྩ་འགངས་ཆེན་པོར་བརྩིས་སྟབས། བོད་ནས་བྱུང་བ་ཐམས་ཅད་རང་ཤུགས་ཀྱི་རྩིས་ཐང་ཆུང་བར་བལྟ་བའི་སྲོལ་ཞིག་བྱུང་མྱོང་ཡོད་པ་ལྟར། ཕྱིས་ཀྱི་བོན་པོ་རྣམས་ལའང་བན་དེའི་ཤན་ཤུགས་ནས་བོན་གྱི་འབྱུང་ཁུངས་དེ་བོད་ཀྱི་མངའ་ཁོངས་ལས་གཞན་པའི་ཡུལ་སྟེ་པར་སིག་ལ་གཏུག་པའི་སྲོལ་དེ་བྱུང་པ་གོར་མ་ཆགས། ཤེས་གསུངས་བ་བཞིན།
     (ང)བོད་དུ་ལོ་ངོ་བཞི་ནས་ལྔ་སྟོང་ཡན་དུ་བོད་ཀྱི་མི་རིགས་ཆགས་པ། བོན་གྱི་སྲིད་པ་ཀློང་གི་སྒོ་ང་ལས་མིའི་འགྲོ་བྱུང་ལུགས་བཞེད་སྲོལ་འདི་ཡང་གནའ་མི་རྒན་པོའི་གཏམ་ཙམ་མ་ཡིན་པར་དེ་ནི་ཐོག་མའི་སྲིད་པའི་འབྱུང་བ་ཆགས་ཚུལ་གྱི་དབྱིབས་དང་འདྲ་བར། ད་ལྟའི་ཚན་རིག་གི་འཇིག་རྟེན་གྲུབ་ཚུལ་དང་། གཟའ་སྐར་དང་སའི་གོ་ལ་ཆགས་ཚུལ་འདི་ཡང་སྒོ་ང་དང་འདྲ་བར་རིལ་མོ་ཞིག་ཡིན་པ་ར་སྤྲོད་བྱས་པ་ལྟ་བ་དང་ཡོངས་སུ་མཐུན་ལ། དཔེར་ན། 《རླངས་ཀྱི་པོ་ཏི་བསེ་རུ》(ལྷ་ས་ཤ༤ ཕ ༡༧)ལས། འབྱུང་བ་སྣ་ལྔའི་སྙིང་པོ་ལས༎ སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་མོ་ཆགས། ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། ཞེས་ཡུལ་གྱི་ཆགས་ཚུལ་བཀོད་པ་ལྟར། ལོ་ངོ་སུམ་སྟོང་ལྷག་གི་གོང་རོལ་ནས་བོད་ཀྱི་མེས་པོ་དག་གིས་སྣོད་བཅུད་ལ་ངོས་འཛིན་པའི་གོ་རྟོགས་ཟམ་མོ་འདི་འདྲ་ནི་ཅིའི་ཀྱང་མཐོང་བཀོན་ཞིང་། ད་ལྟའི་བར་དུ་རྒྱུན་ཆགས་སོང་བ་འདི་དག་ཀྱང་ཡབ་མེས་རྣམས་ཀྱིས་འཇིག་རྟེན་རིལ་མོར་འདིར་བཞག་པའི་མཛད་འཕྲིན་རླབས་ཆེན་དང་། དེ་དུས་བོད་ཀྱི་གནའ་བོའི་ཚན་རིག་གི་རྟོགས་པ་དེ་ཡང་མངོན་པར་གསལ། འདི་ནི་འཛམ་གླིང་འདིའི་ཚན་རིག་གི་ཐོག་མའམ་འགོ་ཚུགས་ས་དེར་བསྒྲེངས་ནའང་མི་ཆོག་པ་མེད་པར་འདོད།
     མདོར་ན། ཆུ་མགོ་གངས་དང་། ཆོས་ཕུག་བོན་ལ་ཐུག་པ་བཞིན་བོད་ཅེས་པ་ནི་ཐོག་མའི་ཡུལ་གྱི་མིང་དང་བོན་ཞེས་པ་ནི་ཐོག་མའི་ཆོས་ལུགས་ཀྱི་མིང་། བོན་པོ་མི་རིགས་ཤེས་པ་ནི་ཆོས་ལུགས་ཀྱི་མིང་ནས་ཚུར་བཏགས་པ་ཞིག་ཡིན་པས། གནའ་དུས་སུ་བོན་རིགས་ནི་བོད་ཀྱི་ཡུལ་དུ་འཚོ་གཞིས་བྱེད་པའི་བོད་མི་ཡོངས་ཀྱི་སྤྱི་མིང་དུ་གོ་བར་འདོད། དེ་བཞིན་ཤེས་རིག་རྩ་བ་ཐོག་མའི་བོན་ལ་གཏུག་པར་བྱས་ན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ། མི་རིགས་མཐུན་སྒྲིལ་ངང་གཅིག་གྱུར་དང་འཕེལ་རྒྱས་འགྲོ་བར་ལྡོག་མེད་ཀྱི་སྒུལ་ཤུགས་སྦྱིན་ཐུབ་ལ། འཕུར་སྐྱོད་ཀྱི་དུས་རབས་སུ་སྒལ་ཚིགས་ཅན་གྱི་མི་རིགས་ཤིག་ཏུ་འགྱུར་ཐུབ་པར་ཡིད་ཆེས་ཡོད། དེ་བས་མེས་པོ་གཅིག་ལ་རིགས་རུས་ཀྱི་གཙོ་ཕལ་དབྱེ་བ་དང་། ཆོས་ལུགས་མི་གཅིག་པ་དང་གྲུབ་མཐའ་མི་གཅིག་པ། དད་མོས་ཀྱི་བླ་མ་མི་གཅིག ཡུལ་ཁམས་མི་གཅིག་པ། ཚོ་ཁག་མི་གཅིག་པ་སོགས་ཀྱི་དབྱེ་བ་མེད་པར་གང་ལ་གང་འཚམ་དང་། ཕན་ཚུན་ཆུ་དང་འོ་མ་འདྲེས་བའི་ཚུལ་བཞིན་དུ་རྡོག་རིལ་གྱི་གོང་བུ་ཞིག་ཏུ་ཆགས་ན། དེའི་སྟོབས་ཤུགས་ཀྱིས་གང་ལ་ཡང་འགོང་ཐུབ་ལ། ཅི་ལས་ཡང་རྒྱལ་བར་བྱ་ཐུབ། འདི་ནི་ཐུན་མོང་གི་སྟོབས་ཤུགས་དང་ནུས་པ་ཡིན་པས། རང་རིགས་ཀྱི་ཆོས་དང་རིག་གནས་གང་ལ་ཡང་དུས་ད་ནས་བཟུང་བདག་པོ་རྒྱག་ཅི་ཐུབ་བྱ་དགོས། འདི་འཛིན་ཐུབ་ན་ལ་རྒྱ་དང་སྤོབས་སེམས་ལྡན་ངེས། འདི་ནི་མེས་པོའི་རྔུལ་ཁྲག་ཡིན། འདི་ནི་འོ་སྐོལ་དག་གི་རྣམ་ཤེས་ཡིན། མཐར་དཔྱད་རྩོམ་འདི་ནི་ཁོ་བོའི་བློ་རིག་གིས་ཅི་ཐུབ་ངང་བརྩོན་པས་བྲིས་པ་ཞིག་ཡིན་མོད། འོན་ཀྱང་ཤེས་བྱ་ཡི་བློ་མིག་དམན་པས་སྐྱོན་དང་ནོར་འཛོལ་གང་མང་ཞིག་མཆིས་པ་སྲིད་པས། རིག་པ་དྲི་མེད་ཀྱི་ནམ་མཁའ་ལ། ཐབས་ཤེས་གཉིས་ཀྱི་ཉི་ཟླ་ཤར་བའི་ལོ་པཎ་དང་། བཅུ་ཕྲག་རིག་པའི་ཤེས་བྱ་ཀུན། བླ་རིག་གཉིས་ཀྱི་སྐར་ཚོགས་བཀྲ་བའི་མཁྱེན་ལྡན་གྱི་མཁས་པ་རྣམས། བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ། རིག་པ་བློ་ཡི་ཆུ་ཕྲན་འཁོར་བའི་བདག་ལས་ཤེས་རབ་གྱི་རྩལ་རྫོགས་པའི་དཔྱོད་ལྡན་དག་ལ་དགོངས་འགལ་རེ་མེད་པར་མཁྱེན་མཁྱེན།
དཔྱད་ཡིག་གི་སྐོར།
༡. འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི(༡༣༩༢—༡༤༨༡)《དེབ་ཐེར་སྔོན་པོ》「M」(སི་ཁྲོན་སྟོད་ཆ་ཤ༦༠ ཕ ༩)
༢.《བོད་རིག་པ་ཞིབ་འཇུག》「M」 དེབ་དགུ་པ། (ཤོག་ངོས་༨ནས་༡༨)བར། ཐུབ་བསྟན་ཕུན་ཚོགས་ཀྱི《བོན་དང་རྒྱ་གར་རིག་གནས་བར་གྱི་འབྲེལ་བ་གླེང་བ》「J」
༣.《བོད་རིག་པ་ཞིབ་འཇུག》「M」 དེབ་དགུ་པ།(ཤོག་ངོས་༡་ནས་༨)བར་གྱི《བོན་གྱི་རིག་གནས་ཀྱི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ》「J」
༤.《མདོ་སྨད་ཞིབ་འཇུག》「M」 དེབ་ལྔ་བ། (མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གིས་བསྒྲིགས།)བཀྲ་ཤིས་སྐྱིད་ཀྱི《བོན་སྲིད་གཉིས་ཀྱི་ཐོག་མའི་འབྲེལ་བའི་སྐོར་ལ་རགས་ཙམ་དཔྱད་པ》「J」
༥.《མདོ་སྨད་ཞིབ་འཇུག》「M」 དེབ་གསུམ་པ། (མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གིས་བསྒྲིགས།)གཡུང་དྲུང་སྐྱབས་ཀྱི《བོད་ཀྱི་སྤུ་རྒྱལ་རིམ་བྱུང་ལ་ཞང་སྐད་ཀྱི་མཚན་གསོལ་བའི་ཐད་ལ་དཔྱད་པ》「J」
༦. དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི《དུང་དཀར་ཚིག་མཛོད་ཆེན་མོ》「M」(ཤོག་ངོས་༢༣༩)
༧. ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི《རྒྱལ་རབས་གསལ་བའི་མེ་ལོང》「M」
༨. དགེ་འདུན་ཆོས་འཕེལ་གྱིས་བརྩམས།《དེབ་དཀར》「M」(མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས༧ ཤོག་ངོས་༦ ཤོག་ངོས་༥)
༩. 《ཀྲུང་གོའི་བོད་ཀྱི་ཤེས་རིག》སྤྱི་ལོ་༡༩༨༨ལོའི་དུས་དེབ་གཉིས་པ། ནམ་མཁའི་ནོར་བུའི《བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་སྐོར》(ཤོག་ངོས་༦༢ནས་༦༣)བར། 「J」
༡༠.《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ཀྱི་རིག་གཞུང་བཅར་འདྲིའི་ཟིན་ཐོ་ཕྱོགས་སྒྲིག》「M」 གཙོ་སྒྲིག་པ། ལྷག་པ་ཚེ་རིང་། མི་རིགས་དཔེ་སྐྲིན་ཁང་། (ཤོག་ངོས་༥༤༢)་སྟོང་སྐོར་ཚེ་རིང་ཐར་གྱི《བོད་སྔ་རབས་ཀྱི་ལོ་རྒྱུས་བསྐྱར་འབྲི་བའི་དུས་ཚོད་ལ་སླེབས་འདུག》「J」
༡༡.《རླངས་ཀྱི་པོ་ཏི་བསེ་རུ》「M」(ལྷ་ས་ཤ༤ ཕ ༡༧)ལས།
༡༢. ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》「M」(མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༥༩ནས ༡༦༠བར།)

ཀླུ་ཨ་རྡོར། སྤྱི་ལོ་༡༠༡༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་དངོས་གཞིའི་སློབ་མཐར་ཕྱིན་པ་དང། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་དུ་ཤེས་རམས་པའི་སློབ་གཉེར་བྱེད་བཞིན་ཡོད།
ས་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། (北京市海淀区中关村南大街27号中央民族大学)


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།