ཀྲུང་གོའི་སློབ་གསོའི་ནད་རྟགས་ནི་འདུ་ཤེས་ཀྱི་གནད་དོན་མིན་པར་ཁེ་ཕན་གྱི་གནད་དོན་རེད།
ཀྲུང་གོའི་སློབ་གསོའི་ནད་རྟགས་ནི་འདུ་ཤེས་ཀྱི་གནད་དོན་མིན་པར་ཁེ་ཕན་གྱི་གནད་དོན་རེད།
རྩོམ་པ་པོ། ཆན་ལི་ཆོན།
སྒྱུར་མཁན། རུ་མང་ཀླུ་མཁར་རྒྱལ། (མཚོ་སྔོན་མི་རིགས་སློབ་ཆེན། )
ཀྲུང་གོ་ཡི་སློབ་གསོའི་ནད་རྟགས་ནི་འདུ་ཤེས་དང་བྱེད་ཐབས་ཀྱི་གནད་དོན་མིན་པར་ཁེ་ཕན་གྱི་གནད་དོན་རེད་དེ། ཀྲུང་གོའི་སློབ་གསོའི་ཁྲོད་དུ་ཁེ་ཕན་འབོར་ཆེན་གྱི་སྦྲེལ་ཐག་ཅིག་གྲུབ་འདུག སློབ་གསོ་བཅོས་སྒྱུར་ལ་རྩ་འཛུགས་བྱེད་མཁན་དག་ནི་རྒྱུགས་བསྟུན་སློབ་གསོའི་ཁྲོད་དུ་ཁེ་ཕན་ཐོབ་མཁན་དུ་གྱུར་ཡོད་པས། རྒྱུགས་བསྟུན་སློབ་གསོར་ཇི་ལྟར་རྒོལ་ན་དེ་ལྟར་ཤུགས་དྲག་དུ་དར་བའི་རྒྱུ་རྐྱེན་ཡང་དེ་ལ་ཐུག ད་ལྟའི་ཀྲུང་གོའི་བཅོས་སྒྱུར་ཧྲིལ་བོ་ནི་གཏིང་ཟབ་སར་ཕྱིན་ཡོད་ལ་སློབ་གསོའི་བཅོས་སྒྱུར་ནི་ལྷག་ཏུ་དེ་ལྟར་ཡིན། རྒྱུགས་བསྟུན་སློབ་གསོ་དང་འབྲེལ་ཏེ་བཙུགས་པའི་ཁེ་ཕན་གྱི་སྦྲེལ་ཐག་དེ་དག་རྦད་དེ་མ་བཅད་ན་ཀྲུང་གོའི་སློབ་གསོའི་བཅོས་སྒྱུར་དང་སློབ་གསོ་ལ་རེ་བ་སྤུ་ཙམ་ཡང་མི་འདུག
སློབ་གསོ་ཡིས་ཅི་ཞིག་བྱེད་དམ།
མི་སེར་རྣམས་ལ་བབ་ཆགས་པའི་བཤད་སྟངས་ཤིག་ཡོད་དེ། བྱིས་པ་སློབ་གྲྭར་འགྲིམས་པ་ནི་དཔེ་ཀློག་བྱེད་དུ་འགྲོ་བ་ཡིན་ཟེར། ཡིན་ཏེ། དཔེ་ཀློག་ནི་གནད་འགག་ཡིན། སློབ་མའི་སྣེ་ཁྲིད་དེ་དཔེ་ཀློག་བྱེད་དུ་འཇུག་པ་ནི་སློབ་གསོའི་རྩ་བའི་འགན་འཁྲི་ཡིན།
ད་ལྟའི་སློབ་གསོའི་གནད་དོན་ཆེས་ཆེ་བ་ནི་ཀུན་གྱིས་དཔེ་ཀློག་མི་བྱེད་པ་དང་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པ། སློབ་མས་ཀྱང་དཔེ་ཀློག་མི་བྱེད་པ་དེ་ཡིན། ཡང་གཅིག་བཤད་ན། དགེ་རྒན་གྱིས་དཔེ་ཁྲིད་དཔྱད་གཞི་ཁོ་ན་ཀློག་པ་དང་སློབ་མས་གློག་བརྙན་དང་འབྲེལ་བའི་དཔེ་དེབ་ཁོ་ན་ཀློག་པ། སློབ་གྲྭའི་ནང་དུ་རང་མོས་ཀྱིས་དཔེ་ཀློག་བྱེད་པའི་གོ་བར་དང་དུས་ཚོད་མེད་པ་བཅས་ཡིན།
ད་ལྟ། ང་ཚོས་སློབ་གསོའི་རྒྱུན་ཤེས་སླར་གསོ་དགོས་ན་རང་མོས་ཀྱིས་དཔེ་ཀློག་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག མཁའ་དབུགས་བསྐྱར་སྐྲུན་བྱ་དགོས། ངས་བལྟས་ན། སློབ་གསོ་ལེགས་པར་བསྒྲུབ་དགོས་ན་ཆ་རྐྱེན་གསུམ་མཁོ་དགོས།
ཐོག་མར་སློབ་གཙོ་བཟང་པོ་ཞིག་མཁོ། སློབ་གཙོ་བཟང་པོ་ཞིག་གི་གཤིས་སྤྱོད་ཆེས་ཡག་ཤོས་ནི་དཔེ་ཀློག་ལ་དགའ་དགོས་པ་དེ་ཡིན།
ད་དུང་དགེ་རྒན་བཟང་པོ་ཞིག་ཀྱང་མཁོ། སློབ་གཙོ་བཟང་པོ་ཞིག་གིས་བསྒྲུབ་དགོས་པའི་དོན་བྱ་དང་པོ་ནི་དགེ་རྒན་སྐོར་ཞིག་འཚོལ་འདེམས་དང་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དགེ་རྒན་བཟང་པོ་ནི་ཅི་འདྲ་ཞིག་ཡིན་ནམ། དགའ་བ་གསུམ་དང་ལྡན་དགོས་ཏེ། སློབ་གསོར་དགའ་བ་དང་སློབ་མར་དགའ་བ། དཔེ་ཀློག་ལ་དགའ་བ་བཅས་ཡིན།
ངེས་དོན་གྱི་དགེ་རྒན་ནི་སློབ་གསོའི་ཕུགས་འདུན་དང་། རྒྱུ་འབྲས་ཀྱི་བློ་མིག ཚོད་བགམ་གྱི་སྙིང་ཁམས་དང་ལྡན་པ་ཞིག་ལ་བྱ། ཡིན་ཡང་དངོས་ཡོད་ནི་འདི་ལྟར་མ་ཡིན་ཏེ། བློ་འགེལ་ཐོབ་མཁན་དག་ནི་རྟག་པར་དར་སྲོལ་བསྙེག་པར་དང་འུད་ཤོབ་བྱེད་པར་དགའ་བ་སྟེ། དོན་དངོས་སུ་སློབ་གསོའི་ཁེ་ཕན་གྱི་སྦྲེལ་ཐག་ཁྲོད་ཀྱི་དགེ་རྒན་རྫུས་མ་དང་བཅོས་སྒྱུར་བ་རྫུས་མ་ཡིན། སློབ་གསོའི་བཅོས་སྒྱུར་ནི་ཁོ་ཚོར་མཚོན་ནས་བཤད་ན་སྔར་ལས་ལྷག་པའི་སྒོ་ནས་ཁེ་ཕན་རྒྱ་བསྐྱེད་དེ་འཐོབ་པར་བྱེད་པའི་ཐབས་གསར་བ་ཞིག་ཡིན།
སྒྲིག་སྲོལ་གྱི་ནང་དུ་ངེས་པ་དོན་གྱིས་སློབ་གསོ་བཅོས་སྒྱུར་བྱེད་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་ཅིག་བྱུང་སྟེ་དགེ་རྒན་དང་བཅོས་སྒྱུར་བའི་བདེན་རྫུས་འབྱེད་དགོས་པར་སྐུལ་འདེད་བྱེད་འདོད་མོད། འོན་ཀྱང་འདི་ལྟར་བསྒྲུབ་རྒྱུ་ཤིན་ཏུ་དཀའ་བ་སྨོས་མེད་ཡིན། རྒྱུ་མཚན་དགེ་རྒན་རྫུས་མས་གོང་རིམ་འགོ་ཁྲིད་དང་བསྟུན་ཐབས་བྱེད་ཐུབ། ཡིན་ཡང་དགེ་རྒན་དངོས་མ་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་རྐྱེན་དེ་དག་གི་ངག་བཀོད་ཇི་བཞིན་ཉན་མི་སྲིད་པས་སློབ་གསོ་བརྟན་བརླིང་མིན་པའི་རྒྱུ་རྐྱེན་དུ་མཐོང་བར་སླ།
དཔེ་མཛོད་ཁང་བཟང་པོ་ཞིག་ཀྱང་མཁོ། དཔེ་མཛོད་ཁང་གི་ནང་རྒྱུགས་གཞི་དང་འབྲེལ་བའི་དཔེ་དེབ་ཁོ་ན་ཡོད་པས་མི་ཆོག་པར་བྱིས་པས་བཀླག་ན་འཚམ་པའི་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་གསུང་རབ་གྲགས་ཅན་མཁོ་བ་ཡིན། ད་ལྟ་ནི་དྲ་རྒྱའི་དུས་རབས་ཡིན་པས་དཔེ་མཛོད་ཁང་གི་ནང་དུ་རྩིས་འཁོར་སྒྲིག་འཇུག་བྱེད་དགོས། ད་ལྟ་བསྒྲུབ་མི་ཐུབ་ཀྱང་རྗེས་ཕྱོགས་ཆ་རྐྱེན་བསྐྲུན་ཏེ་དྲ་རྒྱའི་སྒྲིག་འཇུག་འཐུས་ཚང་དུ་གཏོང་དགོས། དྲ་རྒྱ་ནི་མ་འོངས་པར་ན་གཞོན་དག་གི་འཚོ་བ་རོལ་སྟངས་དང་སློབ་སྦྱོང་བྱེད་སྟངས་གཙོ་བོ་ཡིན་པས་འདིའི་ཕྱོགས་ནས་རྗེས་སུ་ལུས་ན་ནམ་ཡང་རྗེས་སུ་ལུས་སྲིད།
སློབ་གསོ་ནི་ཅི་ཞིག་ཡིན་ནམ། དེ་ནི་དཔེ་ཀློག་ལ་དགའ་བའི་སློབ་གཙོ་དང་དཔེ་ཀློག་ལ་དགའ་བའི་དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་དེ་དཔེ་ཀློག་བྱེད་པ་ལས་སླ་མོ་ཞིག་ཡིན། འོན་ཀྱང་ངེས་པ་དོན་གྱིས་བསྒྲུབ་རྒྱུ་ནི་སླ་མོ་ཞིག་ག་ལ་ཡིན། སློབ་མ་ཚོར་ཤོག་བུའི་དཔེ་ཆ་བལྟ་རུ་འཇུག་དགོས་པར་མ་ཟད་ཆ་རྐྱེན་བསྐྲུན་ཏེ་དྲ་རྒྱ་སྤྱད་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས།
སློབ་མར་འཚོ་བ་ཟེར་བའི་དཔེ་དེབ་མཐུག་པོ་འདི་ཉིད་ཀྱང་བཀླག་ཏུ་འཇུག་དགོས། སློབ་མ་ཚོར་རང་ཉིད་ཀྱི་རྐང་འོག་གི་ས་གཞི་འདི་དང་། ས་གཞིའི་སྟེང་གི་རིག་གནས། ཡུལ་མི་སྤུན་མཆེད་དང་བཅས་པ་ངོས་ཟིན་དུ་འཇུག་དགོས། ཕ་ས་གོར་མོས་ཡུལ་མི་སྐྱོང་ཟེར་བ་བཞིན་ཡུན་རིང་གི་ལོ་རྒྱུས་ལག་ལེན་ཁྲོད། ཡུལ་ཕྱོགས་སོ་སོའི་མི་རྣམས་ཀྱིས་རང་ཉིད་གནས་སའི་ཁོར་ཡུག་ནས་འཚོ་གནས་བྱེད་པའི་འོས་འཚམ་གྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཤིག་རྙེད་ཡོད་པར་མ་ཟད། དེ་མཐུན་གྱི་ཡུལ་གྲུའི་རིག་གནས་དང་ཤེས་བྱ་ཞིག་གྲུབ་ཡོད།
དཔེ་ཀློག་བརྒྱུད་དེ་དཔེ་ཀློག་གི་སྤྲོ་སྣང་དང་བྱེད་ཐབས། གོམས་གཤིས་སོགས་འཇགས་པར་བྱེད་ཆོག་ལ། ཡུལ་བབ་ཤེས་བྱ་སློབ་སྦྱོང་བྱས་པ་བརྒྱུད་རང་གི་ཕ་གཞིས་ནས་རྩ་བ་ཚུགས་སུ་བཅུག་ཆོག འདི་ལྟར། སློབ་མའི་ཚེ་གང་གི་སློབ་སྦྱོང་དང་བསམ་པའི་འཕེལ་རྒྱས་ལ་སྲ་བརྟན་གྱི་རྨང་གཞི་འདིང་བར་ནུས།
ང་རང་སྤྱི་ཁོག་སློབ་གསོ་ལ་རེ་ཐག་རྨང་ནས་ཆད་ཡོད། འོན་ཀྱང་རྣམ་དག་གི་བྱ་བར་འཇུག་པའི་དགེ་རྒན་དག་མཐོང་ན་རེ་བ་མཐོང་ཐུབ། ང་ཚོས་རང་ཉིད་ནས་མགོ་བརྩམ་ཆོག་ལ་རང་ཉིད་དང་རང་ཉིད་ཀྱི་ཉེ་འཁོར་ནས་མགོ་བརྩམ་ཆོག་སྟེ། དགེ་རྒན་གྱིས་སློབ་ཁྲིད་བཅོས་སྒྱུར་བྱེད་པ་ནས་མགོ་བརྩམ་དགོས་པ་དང་སློབ་གཙོས་སློབ་གྲྭ་བཅོས་སྒྱུར་བྱེད་པ་ནས་མགོ་བརྩམ་དགོས། འདོད་བློ་གཅིག་ཏུ་གཞོལ་ནས་མཉམ་དུ་ང་ཚོའི་སློབ་གསོའི་གནས་སྟངས་ལ་བཅོས་སྒྱུར་བྱས་ན་རེ་བ་ཡོད་ཐག་ཆོད་ཡིན།
ད་ཡོད་ཀྱི་སློབ་གསོའི་ལམ་ལུགས་འོག་ང་ཚོས་སློབ་གསོ་རིགས་གཉིས་པ་ཞིག་གསར་དུ་གཏོད་དགོས། ང་ཚོ་ལ་སློབ་གསོའི་ལྟ་གྲུབ་ཐུན་མོང་བ་ཡོད་པས་མཉམ་གཅིག་ཏུ་རང་ཅག་གི་སློབ་གསོའི་ལྟ་གྲུབ་ལ་གཞིགས་ཏེ་ཅི་ཙམ་འཁྱོངས་ན་དེ་ཙམ་བསྒྲུབ་ཆོག འོན་ཀྱང་སྔོན་འགྲོ་ཞིག་ཡོད་པ་ནི་ང་ཚོས་འབད་པ་གྱིས་ན་གཞི་ནས་ཕན་འབྲས་ཤིག་ཐོབ་ཐུབ་སྙམ་མི་རུང་བར་སློབ་མ་གཅིག་ལེགས་ལམ་དུ་བཅུག་ནའང་འཐུས་པའི་ངོས་འཛིན་གསལ་བོ་ཞིག་ཡོད་དགོས། དགེ་རྒན་གྱིས་སློབ་ཁྲིད་བྱས་ན་སློབ་མ་ཚང་མས་ངག་ལ་ཉན་སྲིད་ཅེས་མ་བསམ་དང་། དེ་ནི་དཔེ་སྲིད་པ་ཞིག་མ་ཡིན།
ད་ལྟ་ནི་བྱ་བཞག་ཆེན་པོ་བསྒྲུབ་ཆོག་པའི་དུས་རབས་ཤིག་མ་ཡིན། འོན་ཀྱང་ང་ཚོས་ཆེན་པོ་མ་ནུས་ཀྱང་ཆུང་ངུ་བསྒྲུབ་ཆོག གལ་ཏེ་ང་ཚོས་འབད་པ་བྱས་ཏེ་བྱ་བཞག་འབྲིང་ཙམ་ཞིག་བསྒྲུབ་ཐུབ་ན། དེ་ནི་ཤིན་ཏུ་ལེགས་ཤིང་བློ་ཚིམས་ནས་བསྡད་ཆོག་པ་ཞིག་ཡིན། ངས་རང་ཉིད་ཀྱིས་བསྒྲུབས་པའི་བྱ་བ་ཙག་ཙིག་འདི་དག་གི་ཚད་བཀག་རང་བཞིན་ལ་གསལ་བོར་རྟོགས་ཡོད། མཐར་གཏུགས་ན། མཐའ་དག་དེ་འདྲ་ཞིག་ཡིན་པ་ཤེས་བཞིན་དུ་འཇུག་པའི་འཕག་འཚག་ཅིག་ཡིན།
ང་ཡི་སློབ་གསོའི་དད་འདུན་གསུམ།
ང་རང་ཉིད་ལ་དད་འདུན་ཆེན་པོ་གསུམ་ཡོད།
ཐོག་མར་མི་གཤིས་ནི་ཡར་འགྲོ་ཅིག་དང་བྱིས་པ་རེ་རེའི་སེམས་སུ་དགེ་བའི་ས་བོན་ཡོད་པའི་ཡིད་ཆེས་ཡོད།
མི་གཤིས་ཀྱི་ཟུར་ཚད་ནས་བསམ་ན། མི་གཤིས་ནི་དགེ་སྡིག་མཉམ་གནས་ཤིག་ཡིན། སློབ་གསོ་ལེགས་པོ་ནི་དགེ་སྤེལ་སྡིག་སྤོང་ཅིག་དང་། སློབ་གསོ་ངན་པ་ནི་སྡིག་སྤེལ་དགེ་སྤོང་ཅིག་ཡིན་ཏེ། མི་གཤིས་ལ་དད་འདུན་གྱིས་ཁེངས་དགོས།
བར་དུ་ང་ཚོའི་བུས་ཕྲུག་གི་བྱིས་དུས་དང་ལང་ཚོའི་དུས་སྐབས་ལ་བློ་གདེང་གིས་ཁེངས་ཡོད།
བྱིས་པ་ནི་དུས་སྐབས་འདིར་མཚར་སེམས་ཀྱིས་ཁེངས་ཤིང་སློབ་སྦྱོང་བྱེད་པའི་རེ་འདོད་ཆེན་པོ་ཡོད། རེ་འདོད་འདི་ནི་མ་གཞི་ནས་ཡོད་པ་ཞིག་ཡིན། མི་ཞིག་གི་བྱིས་དུས་སུ་མཛེས་སྡུག་གི་དྲན་ཤིང་ཡོད་མེད་དེས་ཁོའི་མི་ཚེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།
ང་ཚོའི་ད་ལྟའི་བུས་ཕྲུག་དང་ལྷག་པར་དུ་ཞིང་སྡེའི་བུས་ཕྲུག་དག་གི་བྱིས་དུས་ལ་སྤྲོ་སྐྱིད་ཏིལ་ཙམ་ཡང་མི་འདུག པེ་ཅིང་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་གིས་ང་རང་གསོན་པའི་གནས་ལུགས་ཅི་ཞིག་ཡིན་ནམ། ང་རང་འཆི་བའི་གནས་ལུགས་ཅི་ཞིག་ཡིན་ནམ་ཞེས་པའི་ཐད་ནས་རང་སྲོག་མ་བཅད་གོང་རེའུ་མིག་ཅིག་བསྒྲིགས་ཡོད། མཐའ་གཞུག་ཁོས་འཆི་བའི་གནས་ལུགས་དེ་གསོན་པའི་གནས་ལུགས་ལས་བརྒལ་འདུག་སྙམ་ཡོད།
ང་ཚོའི་སློབ་གསོའི་གནད་དོན་ཆེས་ཆེ་བ་ནི་བུས་ཕྲུག་གསོན་འདོད་ཀྱི་མོས་པ་གཅོད་འབྲེག་བྱས་པ་དེ་ཡིན། ད་ལྟའི་སློབ་གསོས་ཐོག་མར་བུས་ཕྲུག་གི་ཕུགས་བསམ་བྲེགས། བར་དུ་བུས་ཕྲུག་གི་བརྩེ་སེམས་བྲེགས། ཐ་མར་བྱིས་པའི་སྤྲོ་སྣང་བྲེགས། དེའི་ཕྱིའི་ཁོ་རང་གསོན་པའི་གནས་ལུགས་མེད་སོང་བ་ཡིན།
ངས་ཐོག་མཐའ་བར་གསུམ་དུ་སློབ་གསོ་ནི་ཕུགས་བསམ་རིང་ལུགས་ཀྱི་བསམ་གཞིགས་ཤིག་ཡིན་འདོད་ཡོད།
སློབ་གསོ་དང་ལས་རིགས་གཞན་པ་མི་འདྲ་བར། ཕུགས་བསམ་རིང་ལུགས་མེད་ན་རྩ་བའི་སྟེང་སློབ་གསོ་དང་ཁ་སྦྱོར་མི་ཐུབ།
ང་ཚོས་བསྒྲུབས་པའི་བྱ་བར་ཕྱོགས་སོ་སོའི་རྒྱབ་སྐྱོར་ཐོབ་མི་ཐུབ་ཀྱང་། ང་ཚོས་བསྒྲུབས་པའི་བྱ་བ་ནི་མི་གཤིས་དང་མཐུན་ཞིང་བུས་ཕྲུག་གི་རེ་འདུན་དང་འཚམ་ལ། སློབ་གསོའི་རང་བཞིན་དང་ཡང་འཚམ་པ་ཡིན། ང་ཚོས་བསྒྲུབས་པ་བཟང་ན་བུས་ཕྲུག་གི་ཚེ་གང་བོར་ཤུགས་རྐྱེན་ཐེབས་སྲིད། ཁྱོད་ཀྱིས་བསྒྲུབས་པ་བཟང་ན་རང་ཤུགས་ཀྱིས་ཁྱོད་ལ་སློབ་སྦྱོང་བྱེད་མཁན་དང་ཐེ་ཞུགས་བྱེད་མཁན་ཡོད་པ་ཡིན། ལོ་རྒྱུས་ནི་སྡོམ་ཤུགས་ཀྱི་བྱེད་ནུས་ཅན་ཡིན། ཀུན་གྱིས་རང་རང་གི་བྱ་བ་བསྒྲུབས་ཏེ་གསལ་ཤེས་ལབ་མེད་སྒོས་ཆ་ཤས་ནས་བཟུང་ཉེ་འཁོར་གྱི་ད་ཚུལ་ལ་འགྱུར་བ་གཏོང་བཞིན་ཡོད། ཐོག་མར་རང་ཉིད་ལ་འགྱུར་བ་གཏོང་དགོས་ཤིང་ཉེ་འཁོར་གྱི་གནས་སྟངས་ལ་འགྱུར་བ་གཏོང་དགོས། དེ་ལྟར་རང་གཞན་གཉིས་ཀའི་སྟོབས་ཤུགས་མཉམ་དུ་རུབ་ན་ཤིན་ཏུ་ནས་ཀྱང་ཆེ་བའི་བྱེད་ནུས་ཤིག་ཐོན་སྲིད།
ངས་བསམ་ན་ཀྲུང་གོས་བཅོས་སྒྱུར་བྱས་ན་རེ་བ་ཡོད་པ་ཡིན།
2016ལོའི་ཟླ11པའི་ཚེས29ཉིན་ཙོང་ཁ་གྱི་ཐང་ནས་བསྒྱུར་གྲུབ།
རྩོམ་པ་པོ་ངོ་སྤྲོད།
ཆན་ལི་ཆོན། པེ་ཅིང་སློབ་ཆེན་གྱི་བསླབ་པ་ཟབ་པའི་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན། ཆིང་ཧྭ་སློབ་ཆེན་ཀྲུང་ཡིག་ཚན་ཁག་གི་སློབ་དཔོན་ཆེན་མོ། ཀྲུང་གོའི་དེང་རབས་རྩོམ་རིག་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་བཅས་ཀྱི་འགན་བཞེས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com