ཟླ་བ་འོད་ཟེར་གྱིས་སྦྱར་བའི་རྩོམ་ཐུང《ཕ་ཡུལ་སྨར་ཁམས》།

རྩོམ་པ་པོ།:ཟླ་བ་འོད་ཟེར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-04-11 09:35:00 ཀློག་གྲངས།:

ཕ་ཡུལ་སྨར་ཁམས།
ཟླ་བ་འོད་ཟེར།

1 བྱ་སྟོད་སྨར་ཁམས།
     སྨར་ཁམས་ཞེ་ན་མི་མང་མང་གིས་ཆབ་མདོའི་མངའ་ཁོངས་ཀྱི་ཁམས་སྨར་ཁམས་ལ་ཐད་ཀར་གོ་བ་ལེན་ཡང་སྲིད་པས་ངའི་ཕ་ཡུལ་སྨར་ཁམས་ནི། གནའ་སྔ་མོ་སྔ་མོའི་དུས་ཤིག་ལ་ཁམས་སྨར་ཁམས་ལས་མཆེད་དེ་མདོ་སྨད་ཡུལ་གྱི་མང་འབའ་བྱ་གསུམ་ཞེས་གྲགས་པའི་ཡ་གྱལ་བྱ་གཞུང་དུ་གཞིས་ཆགས་པའི་སྡེ་བ་ཞིག་ཡིན།
     སྡེ་བ་འདིའི་སྔོན་ཆད་ཀྱི་གནས་བབས་ནི་ཡུལ་ཕྱོགས་དེའི་གཡས་གཡོན་གྱི་སྡེ་བ་དག་དང་བསྡུར་ཏེ་བལྟས་ན་ཅུང་མི་འདྲ་ས་མང་བས། སྨར་ཁམས་ཞེ་ན་ཀུན་གྱིས་མཐོང་ཆེན་བྱེད་པའི་གཞི་རུ་གྱུར་ཡོད། དེ་ནི་སྡེ་བ་འདི་དཔའ་མཛངས་ལྡན་པ་ཞིག་ཡིན་པས་མ་ཡིན་ལ། འབྱོར་ཕྱུག་མངའ་བ་ཞིག་ཡིན་པས་དེ་ལས་ཀྱང་མིན།
     འོ་ན་སྡེ་བ་འདི་ལ་ཀུན་གྱི་ཡིད་སྨོན་འཆོར་དགོས་ས་ནི། སྡེ་བ་འདིར་གནའ་བོའི་བོད་ཀྱི་རིག་གནས་ཀྱི་དྲི་བསུང་མ་ཡལ་བས་ཡིན། ངའི་ཕ་ཡུལ་སྨར་ཁམས་སྡེ་བ་ནི་སྔགས་སྡེ་ཞིག་ཡིན་ལ། ཁོ་ཚོས་གསོ་བ་རིག་པ་དང་རྩིས་རིག་པ་གཙོ་བོར་གྱུར་ནས་བོད་ཀྱི་རིག་པའི་གནས་མང་བོ་ཞིག་བརྒྱུད་འཛིན་བྱས་ཡོད་པས། ད་གཟོད་ཡུལ་འདིའི་སྡེ་བ་གཞན་པ་ལས་མངོན་པར་འཕགས་ཡོད།
     སྨར་ཁམས་ཀྱི་སྡེ་བ་འདིར་སྔོན་མ་སྔོན་མ་ནས་བརྒྱུད་པའི་རིག་གནས་སྣ་ཚོགས་ཤིག་མཆིས་ཏེ། རང་གི་འཚོ་བའི་ཁྲོད་མེད་དུ་མེད་མི་རུང་བའི་གསོ་བ་རིག་པའི་སྐོར་དང་། དེ་ནས་ནམ་ཟླ་དུས་བཞིའི་ཆར་རླུང་དང་ཐན་པ་ཡོད་མེད་བརྟག་ཐབས་ཀྱི་རྩིས་དང་མོ་ཡི་སྐོར། ཡང་ན་ནད་གདོན་སོགས་འགོག་ཐབས་དང་དེ་ལས་གྲོལ་ཐབས། དྲག་ཆར་དང་རླུང་ཆེན་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་སྲུང་ཐབས་ཀྱི་ཆོ་གའི་སྐོར། ད་དུང་སྤྱང་གི་དང་གཟའ་སོགས་འགོག་ཐབས་དང་། མི་ཤི་ན་འདད་ཀྱི་སྐོར།  བྱིས་པ་སྐྱེས་ན་མིང་འདོགས་ཚུལ་གྱི་སྐོར། རྐུན་མ་འགོག་ཐབས་དང་རྐུན་མ་ངོས་འཛིན་ཐབས་སོགས་གདམས་པ་ངག་ཐོག་ཁོ་ན་རུ་མ་གཏོགས་མེད་པའི་རིག་གནས་རྩ་ཆེ་བ་མང་བོ་འདུག
2 བྱ་གཞུང་སྨར་ཁམས་ཀྱི་མིང་།
     སྨར་ཁམས་ཞེས་པའི་མིང་གི་སྟེང་ནས་བཤད་ན། སྨར་ནི། ཕུལ་དུ་བྱུང་བ་དང་མཆོག་ཏུ་གྱུར་པའི་དོན་དང་། ཁམས་ནི། ཡུལ་གྱི་མཐའ་ལ་འཇུག་པས། དབུས་ནས་ཨ་མདོ་དང་ཁམས་སོགས་ཡུལ་གྱི་མཐའ་རུ་གྱུར་ཡོད་སྟབས། བོད་རང་གི་ཡུལ་དབུས་ནས་མཐའི་ཡུལ་བཟང་བོའམ་ཡུལ་མཆོག་ཏུ་གྱུར་པ་ལ། སྨར་ཁམས་ཞེས་མིང་ཆགས་པར་འདོད་དོ། ། སྡེ་བ་འདིའི་མིང་ལ་སྨྲ་སྐམ་དང་། དམར་སྐམ་སོགས་ཁ་སྐད་ཡིག་ཐོག་ཏུ་ཤོར་ནས་མ་དག་པ་འགའ་རེ་ཡོད་ཀྱང་། དོན་ངོ་མ་སྡེ་བ་འདིའི་མིང་དག་པ་ནི་སྨར་ཁམས་ཞེས་པ་འདི་ཡིན་ནོ། །
3 བྱ་གཞུང་སྨར་ཁམས་ཀྱི་རུས།
     བོད་ལ་མཚོན་ན་རང་གི་རུས་དེ་ནི་ཆེས་བརྩི་མཐོང་ཅན་ཞིག་ཏུ་ངོས་འཛིན་བཞིན་ཡོད་པས། འདིར་ཡང་སྨར་ཁམས་ཀྱི་རུས་གང་ཡིན་ལ་ཅུང་ཙམ་བལྟ་འདོད་ན། སྤྱིར་བོད་ལ་རྩ་བའི་རུས་ཆེན་བཞི་སྟེ། ཡེ་སང་དང་། ཡེ་སྨོན། སྤྱང་ཕྲུག མོན་རྫུ་སོགས་བཞི་ཡོད་པ་ལས་གང་ཡིན་ཟེར་ན། དང་བོ་ཡེ་སང་གི་རུས་ཡིན་ཏེ། རྒྱུ་མཚན་ནི། བོད་ཀྱི་གྲུབ་ཐོབ་ཕལ་ཆེར་ཡེ་སང་གི་རིགས་ཡིན་ཞེས་པ་ལྟར། སྨར་ཁམས་ཀྱི་རུས་འདི་ལས། ངེས་དོན་གྱི་གྲུབ་ཆེན་གསེར་གྱི་རི་ཕྲེང་མངོན་པར་བསྟར་ཡོད་དེ། སྨར་ཁམས་ཉི་མ་ཐག་བརྟོད། སྨར་ཁམས་གཡའ་མ་མེ་འབུད། སྨར་ཁམས་གོ་ལོ་རྟ་ལྕག སྨར་ཁམས་གུ་རུ་ཐོག་འཛིན། སྨར་ཁམས་ཕག་མོ་གྲི་མདུད། སྨར་ཁམས་ཨ་ཁུ་ཆེ་ཆུང་སོགས་གྲུབ་པའི་དབང་ཕྱུག་མང་བོ་འཁྲུངས་ཡོད།
4 བྱ་གཞུང་སྨར་ཁམས་གང་ནས་གང་ལ་མཆེད་ཚུལ།
     སྨར་ཁམས་སྡེ་བ་གང་ནས་གང་ལ་མཆེད་ཚུལ་གྱི་ཐད་ནས་འདང་བརྒྱབ་ནའང་། གཅིག་ནས་བཅུ་དང་བཅུ་ནས་བརྒྱ་སོགས་རིམ་གྱིས་ཇེ་མང་དུ་སོང་བ་ལ་བརྟེན་ནས་གནས་གཅིག་ནས་འདུས་སྡོད་བྱེད་མ་ཐུབ་པ་དང་། ཡང་ན་ནང་འཁྲུག་ཙམ་ལ་རྐྱེན་བྱས་ཏེ་ཕྱོགས་ཕྱོགས་སུ་མཆེད་པར་མངོན་ཏེ།  དེ་བས་སྨར་ཁམས་ཞེས་པའི་མི་ཚན་འདི་ཉིད་ཀྱང་ལོ་དྲུག་བརྒྱ་ལྷག་གི་གོང་རོལ་ཏེ། བསྟན་པ་སྔ་དར་གྱི་དུས་སུ་ཁམས་ཀྱི་སྨར་ཁམས་ནས་སྔགས་པའི་ཆས་དང་བཅས་པ་མཆེད་ནས་རེབ་གོང་དགུ་རོང་སྣ་ཁ་དགུ་བརྩེགས་སོགས་སུ་གཞིས་ཆགས་ནས། བན་བོན་སྔགས་པའི་བསྟན་པ་སྤེལ་ནས་འདུག་མྱོང་བ་ངག་རྒྱུན་དང་གནའ་ཤུལ་སོགས་ཀྱི་བདེན་དཔང་ཡང་དག་ཡོད། གང་ནས་གང་ལ་མཆེད་པའི་ལོ་རྒྱུས་རང་བཞིན་གྱི་གཏམ་དཔེ་ངག་ནས་ངག་ཏུ་བརྒྱུད་པའི་བསྡོམས་ཚིག་ཅིག་ཡོད་པ་ནི། ང་སྟོད་ནས་མཆེད་ནས་རོང་ལ་སོང་། རོང་ནས་མཆེད་ནས་འབྲོག་ལ་བུད།ཅེས་པ་འདི་ཡིན་ལ།  འདིས་ཅི་ཞིག་བསྟན་ཡོད་ཅེ་ན། སྨར་ཁམས་ཞེས་པའི་མི་ཚན་འདི་ནི་ཁམས་སྨར་ཁམས་ནས་མདོ་སྨད་དགུ་རོང་དུ་མཆེད་ཅིང་། དེ་ནས་རིམ་གྱིས་དེང་གི་འབྲོག་ཡུལ་ཏེ་བྱ་གཞུང་དུ་མཆེད་པ་བསྟན་ཡོད། སྨར་ཁམས་ཀྱི་སྡེ་བ་འདི་ནི་མདོ་སྨད་ཀྱི་ཡུལ་ཕྱོགས་འདི་ཉིད་དུའང་གང་ས་གང་དུ་ཡོད་དེ། མགོ་ལོག་དང་། མཚོ་སྔོན་པོའི་རྐང་ཚ་དང་། སྤྲེལ་ནག  རྒྱ་ཡེ།  ཁྲི་ག གློའུ་ཚང་།  ཁ་རྒྱ།  ཨ་ཚོགས།  བོང་སྟག་གོང་ཞོལ་སོགས་ན་སྨར་ཁམས་སྡེ་བ་ཡོད།
5 བྱ་གཞུང་སྨར་ཁམས་ཀྱི་ཆོས་བརྒྱུད།
     གནའ་སྔ་མོ་སྨར་ཁམས་ཀྱི་ཆོས་བརྒྱུད་ཅི་ཡིན་བཤད་ཁག་པོ་ཡིན་ནའང་། དེང་གི་འདོན་ཆོས་དང་ཕྱག་ལེན།  ངག་རྒྱུན་མང་བོ་ཞིག་ལ་གཞིགས་ན། གནའ་སྔ་མོ་སྨར་ཁམས་ཀྱི་ཆོས་བརྒྱུད་ནི་ཕལ་ཆེར་གཡུང་དྲུང་བོན་གྱི་ཆོས་བརྒྱུད་ཡིན་བསམ་པ་ཞིག་རེད། དེ་ནས་རིམ་གྱི་གསང་སྔགས་རྙིང་མའི་ཆོས་བརྒྱུད་ལ་གྱུར་པ་དང་།  བསྟན་པ་ཡང་དར་གྱི་དུས་ནས་བཟུང་སྟེ། ཕལ་ཆེར་དགེ་ལུགས་པར་ཤུགས་ཆེ་བར་གྱུར་ཡོད། ཡིན་ནའང་ཁོ་ཚོར་ཁྱད་ཆོས་ཤིག་ཡོད་པ་ནི་དག་སྣང་གཙོ་བོར་འཛིན་པ་ལས། ཆོས་བརྒྱུད་ཀྱི་ཕྱོགས་འཁྱེར་གཏན་ནས་མི་བྱེད་པ་དེ་རེད།
     སྔོན་མ་ཞིག་ནས་སྔགས་པ་རྣམས་ལོ་རེ་བཞིན་མཚམས་ལ་འདུག་པའི་སྲོལ་ཞིག་ཆགས་ཏེ། དེ་ལ་སྨར་ཁམས་མཚམས་ཐོག་ཅེས་མིང་ཆགས།  སྤྱི་ལོ1948ལོར་དེ་དགོན་པར་བསྒྱུར་ཏེ། སྨར་ཁམས་དགོན་ཚོགས་གཉིས་འཕེལ་རྒྱས་གླིང་ཟེར།
6 བྱ་གཞུང་སྨར་ཁམས་ཀྱི་ད་ལྟའི་གནས་བབས།
     བྱ་གཞུང་སྨར་ཁམས་ནི། ད་ལྟ་མཚོ་སྔོན་ཞིང་ཆེན། མཚོ་ལྷོ་ཁུལ། མང་རྫོང་། མགོ་མང་གྲོང་རྡལ་གྱི་མངའ་ཁོངས་སུ། སྤྱི་ལོ  1958ལོར་སྨར་ཁམས་དང་བྱ་ཁོག་སྡེ་བ་གཉིས་གཞི་གཅིག་ཏུ་བསྲེས་ཏེ་སྡེ་བ་གཅིག་བྱས་པ་ཡིན། དེ་དུས་སྨར་ཁམས་ལ་དུད་ཁྱིམ71དང་། མི་གྲངས283ཡོད་པ་དང་། བྱ་ཁོག་ལ་དུད་ཁྱིམ35དང་། མི་གྲངས138ཡོད། དེ་གཉིས་གཅིག་ཏུ་བསྲེས་ནས་དེང་སྐབས་སྡེ་བ་འདི་ལ་དུད་ཁྱིམ335མི་གྲངས1300ཡས་མས་ཤིག་ཡོད།
     སྨར་ཁམས་སྡེ་བར་གནའ་ནས་ད་ལྟའི་བར་དུ་མཁས་པ་གསེར་གྱི་རི་འདྲ་ཞེ་ན་དཀོན་ཡང་། གང་ལྟར་རང་གི་ཉེ་འཁོར་གྱི་སྤྱི་ཚོགས་ལ་ཕན་པའི་གསོ་བ་རིག་པ་ལ་མཁས་པའི་ངེས་དོན་གྱི་ལྷ་རྗེ་མང་བོ་བྱོན་མྱོང་ཞིང་། དེ་དག་གིས་རང་ཡུལ་དུ་སྐྱེས་པའི་སྨན་རྩྭ་སྣ་ཚོགས་ཀྱི་སྡེབ་སྦྱོར་ལ་བརྟེན་ནས་གང་ལ་འཚམ་གང་འཚམ་གྱིས་སྨན་སྣ་མང་བོ་གསར་གཏོད་ཀྱང་མི་ཉུང་བ་བྱས་ཡོད།
     ལྷག་པར་དུ་སྨན་པ་མང་བོ་རིམ་པར་བྱོན་པའི་ཁྲོད་ལས་སྨར་ཁམས་སྨན་རྒན་ཨ་ཁུ་བདེ་ལེགས་ཞེས་པ་འཁྲུངས་ནས། གསོ་རིག་གི་སྐོར་ལ་མཛད་རྗེས་མི་ཉུང་བ་བཞག་ཡོད་པ་མ་ཟད། སྨན་ཕྲུག་མང་བོ་སྐྱེད་སྲིང་བྱས་ཡོད་དེ། རང་སྡེ་ཁོ་ན་ནས་ཀྱང་། གསོ་རིག་གི་གཞུང་ལུགས་ལ་མཁས་པ་སྨར་ཁམས་སྨན་པ་ཕུན་ཚོགས། ལག་ལེན་ལ་མཁས་པ་བྱ་ཁོག་སྨན་པ་ཚེ་བྱམས་རྒྱལ། གཞུང་ལུགས་དང་ལག་ལེན་གཉིས་ཀར་མཁས་པ་སྨར་ཁམས་སྨན་པ་བསོད་རྒྱལ་སོགས་དེང་སང་ཡང་སྤྱི་ཚོགས་ལ་ཕན་ཐོགས་པའི་སྨན་པ་མང་བོ་བཞུགས། 
     གཞན་པའི་དགེ་བཤེས་འགའ་རེ་དང་སློབ་གྲྭ་ཆེན་མོ་བ་སོགས་ཤེས་ལྡན་པ་སྐོར་ཞིག་ཀྱང་བྱུང་ཡོད།

2016.2.4།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།