བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པའི་གལ་ཆེའི་རང་བཞིན་གླེང་བ།

རྩོམ་པ་པོ།:བཀྲ་ཤིས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-11 09:12:00 ཀློག་གྲངས།:
ནང་དོན་གནད་བསྡུས།
      སྤྱིར་ན་འཛམ་གླིང་གི་ཡུལ་གྲུ་ཀུན་ན་མི་རིགས་སོ་སོས་རང་ཉིད་ཀྱི་རིག་གནས་དེ་ཉིད་གང་གཅེས་གཅེས་སུ་འཛིན་ཞིང་བསྐྱངས་མོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཕན་ཚུན་དབར་འབྲེལ་འདྲིས་དང་ཕོག་ཐུག་ཏུ་སོང་གཤིས་རིག་གནས་སོ་སོའི་རྒྱབ་ཕྱོགས་ན་འགལ་བ་ཡོད་པར་ངེས། ཡིན་ཡང་འགྱུར་ལྡོག་ཁོ་ནས་སྔ་རབས་ཀྱི་རིག་གནས་ལ་རྡོག་རོལ་གཏོང་བ་དང་བསྐྱར་བཟློས་ཁོ་ནས་གསར་བྱུང་གི་རིག་གནས་ལ་འགོས་ནད་བཞིན་དུ་བརྩིས་ན་དེ་ནི་ཆ་མེད་ཡ་མེད་དང་ཆོ་མེད་བྲོ་མེད་དུ་འགྲོ་བར་ཡིན་པས་བོད་ཀྱི་རྩོམ་རིག་གཞུང་ལུགས་འདི་ཉིད་ལ་མཚོན་ན་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཏུ་གནས་ཡོད་པས་ང་ཚོས་ལྟ་བ་གསར་བ་འདྲ་འཁྱེར་ནས་བོད་པའི་གཤིས་སུ་འཇགས་པའི་རྩོམ་པའི་ངོས་འཛིན་ལ་ཡིན་གཅིག་གིས་རྣམ་པ་གསར་རྐྱང་དུ་བཅོས་དགོས་དོན་མེད་ལ་ངོས་འཛིན་དེས་ཕྱི་འོང་གི་རིག་གནས་ལ་ཨུ་ཚུགས་ཀྱིས་བཀག་འགོག་བྱ་དོན་ཡང་མ་མཆིས་པས་གནའ་དེང་བཟུང་འབྲེལ་གྱིས་བོད་ཀྱི་རྩོམ་སྲོལ་འདི་ཉིད་མི་རིགས་རང་གི་སྲོག་རྩ་དེ་བཟུང་དགོས་པ་ཡིན་ནོ།།
གནད་ཚིག   བོད།  རྩོམ་རིག་གཞུང་ལུགས།  མི་རིགས་ཀྱི་ཁྱད་ཆོས།
内容摘要:在历史的潮流中世界各民族文化之间发生着相互包容与冲突,但在传统与新兴的文化关系中我们应该着手于不同时代的文化间的反复与变更。因此对藏族文学理论而言她现处于转折的关键时期,所以不能盲目地否定传统的文学概论,也不能固执地拒绝新兴的文学理论。在这段关键时刻我们要结合古今的理论,注重藏族文学的民族性。
关键词: 藏族  文学理论 民族性

གླེང་གཞི།

ཕ་མཐའ་མི་དམིགས་རིག་གཞུང་རྒྱ་མཚོའི་ཟླར།།
འཇུག་པའི་བློ་མིག་གྲུ་ཆེན་བསྩལ་མཛད་པོ།།
དྲིན་ཆེན་རྩ་བ་དང་བཅས་བརྒྱུད་པ་ཡི།།
དཔལ་ལྡན་བླ་མ་དག་ལ་བདག་ཕྱག་འཚལ།།
ཕ་ས་གཞི་གླིང་རྒྱལ་མཚན་བསྒྲེངས་པ་པོ།།
ཕ་སྐད་གཙང་མའི་གཟུགས་རིས་གཏོད་པ་པོ།།
སྲོང་བཙན་རྗེ་དང་ཐོན་མི་ཨ་ནུས་གཙོས།།
ཡབ་མེས་ཚོགས་ལ་ལར་ཞེན་དག་པོས་བཀུར།།
ཕྱག་ན་པད་མོ་བྱམས་པའི་བདག་ཉིད་ཅན།།
དུས་གསུམ་ཀུན་གཟིགས་གངས་རིའི་རྣལ་འབྱོར་བ།།
ཟུངས་དྲུག་གསུང་གི་ཡང་དག་ནུས་མཐུ་ཅན།།
སྐྱབས་མགོན་ཁྱེད་ལ་སྒོ་གསུམ་གཙང་མས་འདུད།།
རིག་དང་མ་རིག་ཉག་ཕྲའི་སེམས་རྒྱུ་ཅན།།
ཐོག་མེད་དུས་ནས་འཁྱམས་པའི་ཡུལ་གྱར་ལ།།
བྱམས་པའི་ཚང་མལ་སྦྱིན་མཁན་མ་རྒན་ལ།།
ཅིས་ཀྱང་བརྩི་འོས་ཉིད་ཀྱི་གཟི་འོད་བསྩོལ།།
ཡུན་ནས་གོམས་པའི་གཏི་མུག་ཤས་ཆེ་ཡང་།།
བསམ་ན་དེ་ལ་དྲིན་ཞེས་འབོད་བཞིན་དུ།།
རང་ནུས་གང་འཇོན་ནུས་པ་བསྐྱེད་ནས་སུ།།
རྩ་ཁམས་འཁྲུག་བཞིན་ལས་ལ་འཇུག་པར་བྱེད།།
ཤར་ལྷོ་ནུབ་བྱང་གླིང་གི་སྣེ་ཐག་དེ།།
དྲ་བ་བཞིན་དུ་ཕན་ཚུན་བསྣོལ་བ་ཡིས།།
རང་ཅག་ཨུ་ཚུགས་སོ་མེད་འཆའ་དོན་མེད།།
ཨ་གསར་ཁོ་ནས་རང་ཁྱིམ་གཏོར་དོགས་མེད།།
རྒྱ་ལ་རྒྱ་གཞུང་བོད་ལ་བོད་གཞུང་ཉིད།།
རང་གི་ཡུལ་ན་རང་གི་ལུགས་སྲོལ་གཙོ།།
གཞན་ལུགས་རང་གིས་འཛིན་ཏེ་རང་གི་ལུགས།།
དོར་ན་དེ་ལ་བུ་རབ་མི་ཟེར་རོ།།
དེས་ན་བློ་གྱོང་འབྲོག་ཕྲུག་སྣབས་ལུགས་ཀྱིས།།
རྩེད་མཚར་ཡིན་ཆོག་གོ་བ་ཡིན་པས་ཆོག །
ངན་དམོད་ཚིག་དང་གཅམ་བུའི་ཚིག་གི་གཏམ།།
རྣ་བས་ཉན་ནས་ངས་ནི་འདི་ལྟར་བྲིས།།ཞེས་གཏམ་གྱིས་སྔོན་དུ་སོང་སྟེ་བརྗོད་པར་འདོད་པ་ལ། འཛམ་གླིང་འདི་ཉིད་འགྱུར་བའི་ཆོས་ཉིད་ཀྱིས་མཚམས་མེད་དུ་བསྐོར་བས་མི་རིགས་ཁག་གི་རིག་གནས་ལ་མ་བུ་དགྲ་གྲོགས་ཀྱི་རྣམ་པར་གནས་གཤིས་བོད་ཀྱི་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་ལག་ལེན་འདི་ཉིད་ལ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས། འཕེལ་རྒྱས་ནས་ཉམས་ཉེས། ཉམས་ཉེས་ནས་སླར་གསོ། སླར་གསོ་ནས་རྒྱུན་འཛིན་བཅས་ཀྱི་བརྒྱུད་རིམ་ཁྲོད་སྔོན་བྱོན་མཁས་དབང་ཚོས་བློ་དཀྱེལ་ཡངས་པོས་རང་རིགས་ཀྱི་སྔར་ནས་གཤིས་སུ་འཇགས་པའི་ཚིག་སྦྱོར་དང་མཛེས་དཔྱོད་ཀྱི་ལྟ་བ་གཞི་རུ་བཅས་ཏེ་ཉེ་འཁོར་གྱི་སྔོན་ཐོན་མི་རིགས་ཁག་ལས་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་བརྩམས་ཆོས་མང་དག་གཅིག་བསྒྱུར་གནང་མཛད་དེ་བོད་ཀྱི་རྩོམ་རིག་འཕྲིན་ལས་ལ་རྨད་བྱུང་གི་ཕྱག་རྗེས་བཞག་ཡོད་པ་རེད། ཡིན་ཡང་བཅིངས་འགྲོལ་བཏང་ཚུད་བོད་ཀྱི་སྤྱི་ཚོགས་སྒྲིག་གཞིར་འགྱུར་བ་བྱུང་བ་དང་བསྟུན་རྩོམ་རིག་གཞུང་ལུགས་ཀྱི་བསམ་བློའི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཐེབས་སྟབས་ཨ་གསར་དང་ཨུ་ཚུགས་ལྟ་བུས་རྒྱ་མི་རིགས་ཀྱི་ལྔ་བཞིའི་ལས་འགུལ་ཡས་མས་སུ་དར་བའི་ནུབ་ཕྱོགས་ཀྱི་རྩོམ་རིག་ལྟ་བ་དེ་དག་རང་རིགས་ཀྱི་སྐད་ཆའི་ལམ་ནས་སྔར་སྲོལ་གྱི་རྩོམ་རིག་གི་གཞུང་ལ་ཡོངས་སུ་དགག་རྒྱག་གམ་ཙི་ཙི་སྒམ་པོའི་ཆ་བྱད་ཀྱིས་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་ལེའུ་གསར་པ་ཞིག་བཏོད་པས་ལག་ལེན་ལ་ནུས་པ་འདྲ་ཐོན་ཡོད་པ་རེད་དེ། མི་རིགས་ཀྱི་འདུ་ཤེས་སམ་མི་རིགས་ཀྱི་ཁྱད་ཉམས་འདི་ཡིན་པ་ཞིག་སྟོན་རྒྱུ་མེད་པས་གཞུང་དེས་ཁྲིད་པའི་རྩོམ་རིག་ལག་ལེན་ལ་མི་རིགས་ཀྱི་ཁྱད་ཉམས་ཐོན་དཀའ་པོ་གྱུར་བ་རེད། དེས་ན་གཤམ་ལ་ཁོ་བོས་ཅི་ཞིག་མཐོང་བ་བཞིན་རང་གིས་བསམ་བཞིན་དུ་བོད་ཀྱི་རྩོམ་རིག་གཞུང་ལུགས་ཏེ་དེང་གི་རྩོམ་རིག་གཞུང་ལུགས་ལ་ངེས་པར་མི་རིགས་རང་གི་ཤ་ཉམས་རུས་ཉམས་ཐོན་དགོས་ཚུལ་སྐོར་ཤོད་པར་ནང་དོན་གསུམ་གྱི་ལམ་ནས་བརྗོད་པར་འདོད་པ་ཡིན་ཏེ།

དང་པོ། བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་སྐོར།

      དེ་ཡང་རང་ཅག་བོད་ཀྱི་ཡུལ་དུ་འགྲོ་བ་མིའི་རྐང་རྗེས་བྱུང་བ་ནས་བོད་མི་ཚོས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཆོས་ཉིད་ལ་ངོས་འཛིན་ཐོག་མར་བྱུང་བ་དང་ཆོས་ཉིད་དེ་ལས་འཚོ་གནས་ལ་འཐབ་རྩོད་བྱ་ཆེད་ཚོགས་པའི་འདུ་ཤེས་བྱུང་ཞིང་བརྒྱུད་རིམ་དེའི་ཁྲོད་མི་ཕན་ཚུན་དབར་ལ་དགའ་སྡང་དང་ཕྱི་སྣོད་ཀྱི་འཇིགས་ཡེར་བའི་འགྱུར་ལྡོག་ལས་རིམ་བཞིན་བསམ་པའི་བརྩེ་དུང་གི་མྱུ་གུ་འབུས་པ་ལས་དང་ཐོག་མའི་རྩོམ་རིག་གི་སྔོན་འགྲོ་དེ་བྱུང་བ་རེད། ཕྱི་སྣོད་ཀྱི་འགྱུར་བ་དང་བསྟུན་ནས་མི་རྣམས་ཀྱི་འཚོ་གནས་ལ་འཛིན་པའི་ལྟ་སྟངས་དེ་ལའང་འགྱུར་བ་བྱུང་ཞིང་བསམ་གཞིགས་ཀྱི་ནུས་པ་གོང་དུ་འཕེལ་བས་འགྱུར་བ་དེ་དག་ལས་ཚུར་སྣང་བྱས་པའི་སེམས་འགྱུ་དག་གླུ་ཚིག་གཙོར་བྱས་པའི་སྙན་རྩོམ་དང་ལྷ་སྒྲུང་གཙོར་བྱས་པའི་སྒྲུང་གི་རིགས་ཐོག་མར་དར་ཞིང་དེ་གཉིས་ཀྱི་རྨང་གཞིའི་ཐོག་ཏུ་ཕྱིས་ཀྱི་རྩོམ་ལུས་དག་དར་བ་ཡིན་ཏེ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་རྒན་ལྷག་པ་ཆོས་འཕེལ་ལགས་ཀྱིས་མཛད་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ལས“སྔ་དར་སྙན་རྩོམ་དང་ལྷ་སྒྲུང་གིས་གཙོས་པའི་ངག་ཐོག་རྩོམ་རིག་གི་རྨང་གཞིའི་ཐོག་རྟོགས་བརྗོད་དང་ལེགས་བཤད་ལ་སོགས་པའི་ཡིག་ཐོག་རྩོམ་རིག་ཁག་གཅིག་ཀྱང་གསར་དུ་དར་བ་དང་། དམངས་ཁྲོད་ངག་ཐོག་རྩོམ་རིག་གཏམ་དཔེ་ལ་སོགས་ཡིག་ཐོག་ཏུ་དངོས་སུ་ཕབ་འགོ་ཚུགས་ཤིང་། རྩོམ་པ་པོ་སྒེར་གྱི་གསར་རྩོམ་ཡང་འགོ་ཚུགས་པ་རེད།”①ཅེས་གསུངས་པ་ལྟར་རོ།།
     བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་བསྟན་པ་སྔ་དར་རམ་དེ་ལས་སྔ་བའི་གཉའ་ཁྲི་བཙན་པོ་ཡན་ན་བོད་དུ་རྩོམ་རིག་གི་ལག་ལེན་ཡོད་ཀྱང་དེ་དག་གི་ཆོས་ཉིད་ཕྱོགས་བསྡོམ་བྱེད་པའི་རྩོམ་རིག་གཞུང་ལུགས་མེད་པར་གྲག  ང་ཚོས་ཞིབ་ཏུ་སེམས་ན་རྩོམ་རིག་གཞུང་ལུགས་ཟེར་བ་དེ་ཡིག་ཐོག་ཏུ་འཁོད་པའི་གཟུགས་ཅན་ཁོ་ནར་གོ་མི་རིགས་པར་བསམ། གང་ཡིན་ཟེར་ན་རྩོམ་རིག་གསར་རྩོམ་གྱི་ལས་དེ་དུས་སྔ་མོ་ཞིག་ནས་དར་ཞིང་འཕེལ་བ་ཡིན་གཤིས་རྩོམ་སྲོལ་དག་ཕ་ཐོག་བུ་ཐོག་ཏུ་ངག་ནས་བརྒྱུད་པས་མ་མཐར་ཡང་དེ་དག་གི་ཆོས་ཉིད་ཅི་འདྲ་ཞིག་ཡིན་མིན་སྟོན་པའི་སྒྲིག་གཞི་ཙམ་ཞིག་ཡོད་ངེས། སྒྲིག་གཞི་དེ་ཇི་ལྟར་དུ་བསླངས་ཡོད་མིན་ནི་སྔར་གྱི་གསར་རྩོམ་ལས་མཆེད་པའི་རྩོམ་སྲོལ་གྱི་སྐད་ཆའི་འགྲོ་སྟངས་དང་དོན་གྱི་གནད་འཛིན་སྟངས་ལས་རྗེས་དཔག་བྱ་ཐུབ་ལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་བཙན་པོ་དར་མ་བཙན་ཡན་གྱི་བོད་ཀྱི་རྩོམ་རིག་ལ་དཔྱད་བརྗོད་བྱ་སྐབས་དཔེར་ན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་རྒན་ལྷག་པ་ཆོས་འཕེལ་ལགས་ཀྱིས་མཛད་པའི་《བོད་ཀྱི་རྩོམ་རིག་ལོ་རྒྱུས་》ལས་“སྐབས་དེའི་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་ནི། ༡ དུས་རབས་སོ་སོའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་བཞིན་མཚོན་པ། ༢ རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་མང་པོ་ཞིག་གི་བརྗོད་སྙིང་གཅིག་ཏུ་ངེས་པ། ༣ ནང་ཆོས་ཀྱི་བསམ་བློའི་ཤུགས་རྐྱེན་དེ་ཙམ་ཆེན་པོ་མེད་པ། ༣ རྗོད་བྱེད་ཚིག་སྦྱོར་བབས་ཆགས་ཤིང་ཚད་མཐོའི་གཅིག་བསྡུས་རང་བཞིན་ལྡན་པ།  ༤ རྩོམ་རིག་གི་རྣམ་པ་གཙོ་བོ་དམངས་ཁྲོད་རྩོམ་རིག་ཡིན་པ་བཅས་དང་། ད་དུང་འཆར་སྒོ་ཕུན་སུམ་ཚོགས་པའི་ཁར་གཅིག་རྟེན་གཅིག་དྲན་གྱི་བློ་ཁོག་ཡངས་པ་དང་། ས་མཐོའི་ཉམས་མདངས་མངོན་པར་བཀྲ་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། སྤྱིར་རྩོམ་རིག་དང་མཚན་ཉིད་རིག་པ་བཅས་མཉམ་བསྲེས་དབྱེར་མེད་དུ་སྣང་བ་བཅས་ཁྱད་ཆོས་གཞན་ཡང་མང་དུ་ཡོད་དོ།”②ཞེས་གསུངས་པ་ལས་བསྟན་པ་སྔ་དར་གོང་གི་བོད་ཀྱི་རྩོམ་རིག་ལ་ཆོས་ཉིད་ཡོད་པ་རྟོགས་ཐུབ་པས་ཆོས་ཉིད་དེ་ནི་དོན་དུ་རྩོམ་རིག་གསར་རྩོམ་ལ་ནུས་པ་ཐོན་པའི་གཞུང་ལུགས་ལྟ་བུ་དེ་རེད། འོན་ཀྱང་ང་ལ་ངས་བརྗོད་པའི་གཞུང་དེ་འདྲ་གང་དུ་འདུག་བཏོན་ཟེར་ན་དེ་འདྲ་སྟོན་རྒྱུ་མེད། གལ་ཏེ་སྔ་རབས་ཀྱི་སྲིད་པའི་རྒན་པོ་ཞིག་ད་ལྟ་འཚོ་བཞིན་མཆིས་ན་འདྲི་ཆོག་མོད་དེ་འདྲ་ནི་མི་སྲིད་པ་རེད། ཡིན་ཡང་ང་ཚོས་ལེགས་པོར་བསམས་དགོས་པ་རེད། འདི་ནི་བོད་ཀྱི་རྩོམ་རིག་གཞུངས་ལུགས་ཀྱི་འཕེལ་འགྱུར་མ་གླེང་བའི་གོང་ལ་ཕྲན་གྱིས་བརྗོད་འདོད་པའི་བསམ་ཚོར་དེ་ཡིན།
      ད་ནི་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་སྐོར་བརྗོད་པ་ལ་༧ས་སྐྱ་པཎྜི་ཏ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར་དུ་བྱུང་བའི་བོད་སྔ་རབས་ཀྱི་རྩོམ་རིག་གཞུང་ལུགས་གང་དག་བྱུང་ཡོད་མིན་དང་བཅིངས་འགྲོལ་རྗེས་ནས་ད་ལྟའི་བར་དུ་བྱུང་བའི་བོད་ད་རབས་ཀྱི་རྩོམ་རིག་གཞུང་ལུགས་ཅི་དག་བྱུང་མིན་ལ་ངོ་སྤྲོད་ཚུལ་དུ་རང་གིས་འཇོན་ཚོད་ཀྱིས་བརྗོད་པ་ལ།
གཅིག ས་སྐྱ་པཎྜི་ཏ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར།
      སྤྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་ཙམ་དུ་དུས་རབས་གསུམ་ཙམ་གྱི་བོད་བཙན་པོའི་གཅིག་གྱུར་གྱི་སྲིད་དབང་སོག་རུལ་གྱི་ཕོན་ཐག་ཆད་པ་བཞིན་དུ་འཐོར་ཞིག་ཏུ་སོང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་སྟེ་བོད་སིལ་བུའི་དུས་སྐབས་དེ་རུ་བོད་ཀྱི་རིག་གནས་འདི་ཉིད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་སོན་ཡོད་པ་རེད། དུས་སྐབས་དེར་བོད་དུ་སྲིད་དབང་ལ་གཅིག་གྱུར་གྱི་རྣམ་པ་ཞིག་མེད་མོད་རིག་གནས་ལ་གཅིག་གྱུར་གྱི་བསམ་པ་གྲུབ་བཞིན་ཡོད་པ་སྟེ་ས་སྟག་ལོའི་སྤྱི་ལོ༩༧༨ལོར་བསྟན་པ་ཕྱི་དར་མགོ་ཚུགས་པ་ཡིན་ཞིང་རྒྱ་གར་ནས་ཇོ་བོ་རྗེ་དང་ཕ་དམ་པ་སངས་རྒྱས། སྨྲི་ཏི་ཛྙ་ན་སོགས་པའི་མཁས་པ་མང་པོ་བོད་དུ་ཕེབས་ཏེ་ཆོས་ལ་དག་ཐེར་གནང་བ་དང་རྒྱ་གར་གྱི་རིག་གནས་མང་པོ་ཞིག་བོད་ཀྱི་རིག་གནས་ཀྱི་ཁྲོད་དུ་སིམ་མགོ་བརྩམས།
      དུས་དེ་ཤད་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས་བོད་ཀྱི་སྔ་རབས་རྩོམ་པའི་ཆོས་ཉིད་དང་རྒྱ་གར་གྱི་སྙན་ངག་གཞུང་ལུགས《མེ་ལོང་མ》གཉིས་མཐུན་སྡེབས་གང་ལེགས་ཀྱིས་སྒོ་ནས《མཁས་པ་རྣམས་འཇུག་པའི་སྒོ》ཞེས་དང་དེའི《རང་འགྲེལ》བརྩམས་གནང་བས་བོད་ཀྱི་ཡིག་ཐོག་གི་རྩོམ་པའི་   རྣམ་གཞག་ཐོག་མར་དར་བ་རེད་ཅེས་ཟེར་ཡང་མི་ཐལ་རྒྱུ་གང་ཡང་མེད།དེའི་དུས་སུ་བོད་དུ་རྣམ་ཐར་རྟོགས་བརྗོད་དང་བསྟོད་པ། ལེགས་བཤད། ལོ་རྒྱུས་སོགས་པའི་རྩོམ་སྲོལ་མང་དག་ཅིག་དར་ཞིང་བོད་ཀྱི་རྩོམ་རིག་དེ་ཉིད་རིམ་བཞིན་འཕེལ་རྒྱས་འགྲོ་མགོ་བརྩམས་སོ།
      སྤྱི་ལོ༡༢༧༠ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཡོན་རྒྱལ་རབས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་སྐྱའི་སྲིད་དབང་བཙུགས་ཏེ་བོད་འདི་ཉིད་སླར་ཡང་གཅིག་གྱུར་གྱི་རྣམ་པ་གྲུབ་པ་རེད། སྤྱི་ལོ༡༢༧༧ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་བགོས་བཞིན་ཤོང་སྟོན་ལོ་ཙྰ་བ་རྡོ་རྗེ་རྒྱལ་མཚན་མཆོག་གིས་ས་སྐྱའི་གཙུག་ལག་ཁང་དུ《སྙན་ངག་མེ་ལོང་མ》ཆ་ཚང་བར་བསྒྱུར་གནང་མཛད་དེ་བོད་དུ《མེ་ལོང་མར》འཆད་ཉན་གྱི་ལས་ཐོག་མར་ཚུགས་ཤིང་གཞུང་དེ་ཉིད་ལ་ད་བར་བོད་འགྲེལ་གྲངས་ཀྱིས་ལོན་པ་ཐོན་ཡོད་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་སྔར་ཡོད་བོད་ཀྱི་རྩོམ་སྲོལ་ཁག་ཏུ་བསྟན་བཅོས་དེའི་རྒྱན་གྱི་སྦྱོར་ཚུལ་དང་ས་མིང་ཡུལ་མིང་དང་དཔེ་འཇོག་སྟངས་སོགས་སྤྱད་དེ་གཞུང་དེ་ཉིད་དར་འཕེལ་གང་ལེགས་ཡོང་བར་བྱས།
      དེ་ཡང《སྙན་ངག་མེ་འོང་མ》བོད་དུ་དར་རྗེས་གཞུང་དེ་ལ་བོད་ཀྱི་སེར་སྐྱ་མཁས་དབང་ཚོས་བོད་འགྲེལ་མང་དུ་མཛད་ཡོད་པ་ལ།  སྤྱི་ཚོགས་ཚན་རིག་ཁང་གི་རྒན་ཀུན་དགས་མཛད་པའི《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》ལས“དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་སྙན་ངག་མེ་ལོང་མར《དཔང་ཊིཀ》སྟེ་བོད་འགྲེལ་དང་པོ་བརྩམས་ཏེ་འཆད་ཉན་གྱི་བྱ་བ་རྒྱ་ཆེར་སྤེལ་བ་དང་། དེ་རྗེས་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མེ་ལོང་མའི་རྒྱ་གར་གྱི་དཔེ་རྙིང་དང་འགྲེལ་པར་གཏུགས་ཏེ་དག་བཅོས་དང་མཆན་བུ་འདེབས་པར་མཛད།  བོད་རབ་བྱུང་དགུ་པའི་མེ་ཁྱི་སྟེ་སྤྱོ་ལོ༡༥༢༦ལོར་སྡེ་པ་རིན་སྤུངས་པ་ངག་དབང་འཇིག་གྲགས་ཀྱིས《སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ》མཛད། རབ་བྱུང་བཅུ་གཅིག་པའི་མེ་ཕག་སྟེ་སྤྱི་ལོ༡༦༤༧ལོར་རྒྱལ་དབང་ལྔ་པ་ཆེན་པོས《སྙན་འགྲེལ་དབྱངས་ཅན་དགྱེས་གླུ》མཛད། རབ་བྱུང་བཅུ་གཅིག་པའི་ས་རྟ་སྟེ་སྤྱི་ལོ་༡༦༧༨ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས《སྙན་ངག་མེ་ལོང་གི་བཤད་སྦྱར་དཎྜིའི་དགོངས་རྒྱན》མཛད། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྟེ་སྤྱི་ལོ༡༧༧༠ལོར་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》མཛད། རབ་བྱུང་བཅོ་ལྔ་པའི་ས་བྱ་སྟེ་སྤྱི་ལོ༡༩༠༩ལོར་མི་ཕམ་རྣམ་རྒྱལ་རྒྱ་མཚོས《སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ》མཛད”③ཅེས་འཁོད་པ་བཞིན་བོད་ཀྱི་སྔ་རབས་རྩོམ་པའི་གཞུང་ལུགས་ནི《སྙན་ངག་མེ་ལོང་མ》གཞིར་བཟུང་ཐོག་བོད་རང་གི་མི་གཤིས་བཟུང་དུ་སྦྲེལ་ཏེ་མཁས་དབང་ཚོས་མཛད་གནང་བའི་བོད་འགྲེལ་དག་ཡིན་པ་རེད། བོད་འགྲེལ་དེ་དག་གི་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་དུ་ལུགས་མི་འདྲ་བའམ་བཞེད་པ་མི་གཅིག་པ་ཁག་གཉིས་སུ་གྱེས་པ་སྟེ་སྙན་ངག་ལ་སྲོག་ལྡན་དགོས་མིན་ཐད་དུ་ཟུར་མཁར་བློ་གྲོས་རྒྱལ་པོ་མཆོག་གིས་དང་ཐོག་མར་སྙན་ངག་ལ་སྲོག་དགོས་ལུགས་ཀྱི་བལྟ་ཚུལ་སྟོན་པ་ལ་ཁོང་གིས་སྐྱེ་བོ་ལུས་སྲོག་རྒྱན་གསུམ་ལ་དཔེ་བྱས་ནས། བརྗོད་བྱ་སྡེ་བཞི་བསྡུས་པའི་དོན་རྣམས་སྲོག་དང་། བརྗོད་བྱེད་ཀྱི་ཚིག་བཅད་ལྷུག་སྤེལ་གསུམ་དང་། དོན་རྒྱན་སྒྲ་རྒྱན་གབ་ཚིག་རྣམས་རྒྱན་དུ་བསྟན་པ་ཡིན་ནོ། འདི་ལྟ་བུའི་འཇོག་མཚམས་ཁོང་དུ་མ་ཆུད་པར་རིགས་པ་གཞན་གྱིས་རྒྱབ་བཀབ་ན་བསྟན་བཅོས་ཆུད་འཛའ་བར་འགྱུར་རོ་ཞེས་གསུངས་པ་ལ་བོད་མཁས་པས་《དཎྜིའི་དགོངས་རྒྱན་》དུ་ “དཔང་ཊིཀ་ཏུ་ཡང་། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་།དེ་མཛེས་པར་བྱེད་པའི་རྒྱན་ཡང་བསྟན་ཅིང་གསལ་བར་བྱས་སོ་ཞེས་འབྱུང་བ་སོགས་རྒྱ་གར་མཁས་པའི་གསུང་རྒྱུན་ཅན་གྱི་མཁས་པ་ཐམས་ཅད་ལུས་རྒྱན་གཉིས་ལས་མི་བཞེད་པར་གསལ་ཡང་། གསོ་རིག་པའི་བག་ཆགས་མཐུ་བརྟས་པས། ཇི་སྐད་དུ། སྲིག་གི་དབང་པོས་མ་བཟུང་བའི།། མི་རོ་བཟང་ཡང་སུ་ཞིག་ལེན།།”④ ཞེས་པ་དང། ཡང་དེ་ལས་ “ལུས་ཡིན་ཕྱིན་སྲོག་དགོས་པར་ངེས་ན་ནི་མིག་ལ་སོགས་པའི་དབང་པོ་གཞན་ཡང་ཅིའི་ཕྱིར་མི་དགོས། གོས་མེད་པའི་གཅེར་བུ་ལ་རྒྱན་ཡང་མི་མཛེས་ཤིང་མི་འཚམ་པས་སོ།”⑤ཞེས་གསུངས་འདུག གཞན་ཡང་བོད་ཀྱི་རྩོམ་རིག་ལག་ལེན་ཁག་ཏུ་རྒྱ་གཞུང་གི་ལྷོ་ཤར་གྱི་རྩོམ་གཤིས་མི་འདྲ་བའི་ཤན་ཤུགས་ཀྱིས་བོད་ཀྱི་རྩོམ་པ་པོའི་སྡེ་ཁག་ཏུའང་ཞང་ཞུང་ཆོས་དབང་གྲགས་པ་མཆོག་གིས་གཙོས་པའི་མཁས་གྲུབ་ཐམས་ཅད་མཁྱེན་པ་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། བོད་མཁས་པ། སྡེ་པ་རིན་སྤུངས་པ་སོགས་ཀྱིས་མཚོན་པའི་ཚིག་སྦྱོར་གྱོང་ལ་བརྗོད་དོན་འཕྲལ་མར་གོ་མི་ཐུབ་པའི་རྒྱ་གར་ཤར་ཕྱོགས་ཀྱི་ལུགས་འཛིན་མཁས་པ་རྣམས་དང་། ས་སྐྱ་པཎ་མཆོག་གིས་གཙོས་པའི་ཀློང་ཆེན་རབ་འབྱམས་པ་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། ཀརྨ་རང་བྱུང་རྡོ་རྗེ། འབྲུག་པ་ཀུན་ལེགས། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱིས་མཚོན་པའི་ཚིག་སྦྱོར་འཇམ་ལ་བརྗོད་དོན་ཆུ་དྭངས་ཉ་མོ་མཐོང་བ་བཞིན་གྱི་རྒྱ་གར་ལྷོ་པའི་ལུགསའཛིན་མཁས་པ་སོགས་བྱུང་བས་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་ཡིན་ནའང་འདྲ། རྩོམ་པ་པོའི་སྡེ་ཁག་ཡིན་ནའང་ཆོག་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་ཁས་ལེན་འོས་པའི་ཕྱག་རྗེས་བཞག་གནང་སྟེ་བོད་ཀྱི་ཕྱིས་ཀྱི་རྩོམ་རིག་བྱ་གཞག་ལ་ཕན་པ་ཆེན་པོ་ཐོན་ཡོད་ཅིང་མི་རིགས་ཀྱི་ཁྱད་ཉམས་མངོན་པར་གསལ་ཐོན་པ་བྱས་ཡོད་པ་རེད་འདི་ནི་ངས་བརྗོད་པའི་ས་པཎ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་བར་གྱི་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་རང་བློས་འཇོན་ཚོད་དུ་བཤད་པ་དེ་ཡིན། གཤམ་དུ་སྤྱི་ལོ་༡༩༥༡ལོར་བོད་དུ་བཅིངས་འགྲོལ་བཏང་བ་ནས་ད་བར་དུ་བྱུང་བའི་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་སྐོར་བཤད་པར་བྱ་སྟེ།
གཉིས། བཅིངས་འགྲོལ་བཏང་བ་ནས་ད་བར།
      དེ་ཡང་སྤྱི་ལོ༡༩༥༡ལོར་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་གཉིས་ཀྱིས་པེ་ཅིང་དུ་ཞི་བའི་གྲོས་ཡིག་ལ་གྲོས་མཐུན་མིང་རྟགས་བཀོད་པ་ནས་སྤྱི་ལོ༡༩༥༩ལོའི་དམངས་གཙོའི་བཅོས་བསྒྱུར་བྱས་པ་ལས་བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་རིག་གཞུང་གི་སྣེ་ཁྲིད་ཀྱི་བསམ་བློར་འཕོ་འགྱུར་བྱུང་བ་རེད།
      དུས་དེ་ནས་བཟུང་བོད་དུ་མྰ་ལེ་རིང་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དྲིལ་བསྒྲགས་ཤུགས་ཆེན་བྱུང་བ་དང་བོད་ཀྱི་རིག་གནས་ཁག་དང་ལྷག་པར་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་གི་ཚིག་སྦྱོར་དང་ནང་དོན་ལ་སྤྱི་ཚོགས་ཀྱི་སྒྲིག་གཞི་གསར་པས་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱར་དགག་སྤོང་བྱེད་མགོ་ཚུགས་ཤིང་རྒྱལ་ནང་གི་ལྔ་བཞིའི་ལས་འགུལ་གྱི་ཡས་མས་སུ་སུའུ་ལེན་ནས་དར་བའི་ཕྱི་རྒྱལ་གྱི་རྩོམ་རིག་གཞུང་ལུགས་བསྒྱུར་མ་དག་བོད་དུ་དར་ཞིང་སྔ་རྗེས་སུ་བོད་པ་རང་གིས་བསྒྲིགས་པའི་རྩོམ་པའི་རྣམ་གཞག་དང་རྒྱ་རིགས་ཀྱི་མཁས་པས་བསྒྲིགས་པའི་བོད་ཀྱི་རྩོམ་པའི་རྣམ་གཞག་གི་དཔེ་དེབ་བཅས་ཐོན་ཡོད་ཅིང་རྩོམ་པའི་རྣམ་གཞག་དེ་དག་གིས་སྣེ་འདྲེན་འོག་ཏུ་ཐོན་པའི་བོད་ཀྱི་རྩོམ་རིག་བརྩམས་བྱའང་མང་དག་གཅིག་ཐོན་ཡོད་པ་རེད།
      བཅིངས་འགྲོལ་བཏང་བ་ནས་ད་བར་དུ་བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་དེབ་གང་དག་བྱུང་མིན་སྐོར་བཤད་ན། དེ་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུ་ནང་མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་མཆོག་གི《སྙན་ངག་ལ་འཇུག་པའི་ཚིག་རྒྱན་རིག་པའི་སྒོ་འབྱེད》དང་ཨ་ལག་ཚེ་ཏན་ཞབས་དྲུང་མཆོག་གི《སྙན་ངག་སྤྱི་དོན》དང་ཨ་ལག་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི《ཚངས་སྲས་བཞད་པའི་སྒྲ་དབྱངས》དང་ཨ་ལག་དོར་ཞིའི《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ》ལ་སོགས་པའི་བོད་ཀྱི་སྔ་རབས་རྩོམ་པའི་གཞུང་ལུགས《མེ་ལོང་མའི》དུས་རབས་གསར་པའི་བོད་འགྲེལ་ཁག་ཅིག་བྱུང་ཡོད་པ་རེད། དུས་སྐབས་དེར་བོད་ལ་མ་གཞི་དུས་སྔ་མོ་ཞིག་ནས་རྩོམ་རིག་གི་ལག་ལེན་བྱུང་ཞིང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ་ལག་ལེན་དེ་དག་ལ་སྣེ་འདོན་གྱི་ནུས་པ་ལྡན་པའི་རྩོམ་པའི་གཞུང་ལུགས་སམ་རྩོམ་པའི་རྣམ་གཞག་བྱུང་ཡོད་པ་ཡིན་མོད། ཡིན་ཡང་རྩོམ་རིག་གི་ལོ་རྒྱུས་སམ་དེའི་བྱུང་འཕེལ་སྟོན་པའི་གཞུང་ལུགས་ཐོག་མ་ནི་སྤྱི་ལོ༡༩༨༥ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་བསྒྲིགས་པའི་རྒྱ་ཡིག་གི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཞེས་པ་དེ་ཡིན་རེད། དེ་རྗེས་སྤྱི་ལོ༡༩༨༨ལོར་ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་དབྱི་ནོན་དང་ཐང་ཅིན་ཧྥུ་གཉིས་ཀྱིས《བོད་ཀྱི་རྩོམ་རིག་ལོ་རྒྱུས་མདོར་བསྡུས》ཞེས་པ་བསྒྲིགས། བོད་རང་གིས་དུས་རབས་གསར་པར་བསྒྲིགས་པའི་རྩོམ་རིག་ལོ་རྒྱུས་ཀྱི་གཞུང་ལུགས་གང་གང་བྱུང་མིན་གྱི་སྐོར་ལ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒན་མཁས་བཙུན་མཆོག་གིས་སྤྱི་ལོ་ཉིས་སྟོང་དྲུག་ལོའི《ཀྲུང་གོའི་བོད་རིག་པའི》དུས་དེབ་གསུམ་པའི་ནང་དུ“སྤྱི་ལོ༡༩༩༩ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔའ་རྩེ་དང་གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ཞེས་པའི་དཔེ་དེབ་བོད་ཡིག་གི་ལམ་ནས་རྩོམ་བསྒྲིགས་བྱས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། དེ་དང་དུས་མཚུངས་པར་སྤྱི་ལོ༡༩༩༩ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྩོམ་ཞིབ་པ་གཞོན་པ་རྒན་ཀུན་དགའ་ལགས་ཀྱིས《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》ཅེས་པའི་དཔེ་དེབ་བོད་ཡིག་ནས་རྩོམ་བསྒྲིགས་བྱས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པ་དེའི་ས་བཅད་དང་པོ་རྩོམ་རིག་གི་སྔོན་འགྲོ་ཞེས་པ་ལ་ལེ་ཚན་གཉིས་ཡོད་པའི་དང་པོ་བོད་ཀྱི་རྩོམ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས་བཤད་པ་ཞེས་པའི་ལེ་ཚན་དེར་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ལ་ཆེད་དུ་དམིགས་ནས་དཔྱད་འཇོག་བྱས།
      ཡང་སྤྱི་ལོ༢༠༠༢ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་གཙོ་བསྒྲིགས་བྱས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》ཞེས་པ་སྟོད་སྨད་གཉིས་ལྡན་གྱི་དཔེ་དེབ་བོད་ཡིག་ནས་རྩོམ་བསྒྲིགས་བྱས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས། དེ་ནས་སྤྱི་ལོ༢༠༠༣ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་ལྷག་པ་ཆོས་འཕེལ་ནས《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ》ཞེས་པ་བོད་ཡིག་ནས་རྩོམ་བསྒྲིགས་བྱས་པ་ལས་སྟོད་ཆ་གནའ་རབས་ཀྱི་སྡེ་ཚན་དེ་དཔེ་དེབ་གཅིག་ཏུ་བྱས་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་ཤིང་། དཔེ་དེབ་འདིའི་ནང་དོན་གཙོ་ཆེ་བ་དག་རྒྱ་ཡིག་ཏུ་བསྒྱུར་ནས་དེབ་འདི་ཉིད་ཀྱི་མཇུག་ཏུ་ལྷན་ཐབས་སུ་སྦྱར་འདུག”⑥ཅེས་གསུངས་སོ།།
      དེས་ན་བོད་དུ་རྩོམ་རིག་ལོ་རྒྱུས་ཀྱི་གཞུང་ལུགས་དེ་ཉིད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་དུ་འགྲོ་བཞིན་མཆིས་ལ་རྩོམ་རིག་དུས་མཚམས་ཀྱི་དབྱེ་སྟངས་ཐད་ཆབ་སྲིད་ཀྱི་སྒྲིག་གཞིའམ་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་གཞིགས་ནས་དུས་མཚམས་དབྱེ་བ། རྩོམ་ཡིག་རང་ངོས་ཀྱི་ངོ་བོར་གཞིགས་ནས་དུས་མཚམས་དབྱེ་བ། རྩོམ་མཁན་གྱི་ཆ་ནས་དུས་མཚམས་དབྱེ་བ་སོགས་རིགས་མི་འདྲ་བ་ཅི་རིགས་པ་བྱུང་བ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་འདི་ཉིད་འཕེལ་རྒྱས་སུ་འགྲོ་བའི་སྔོན་རྟགས་ཤིག་ཡིན་པར་ངེས། དུས་སྐབས་དེ་ཤད་དུ་བོད་དུ་རྩོམ་རིག་གཞུང་ལུགས་འགའ་ཡང་ཐོན་ཡོད་པ་སྟེ། སྤྱི་ལོ༡༩༩༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཚན་གྱི་དགེ་རྒན་རྡོ་རྗེ་རིན་ཆེན་གྱིས《རྩོམ་རིག་གཞུང་ལུགས་གནད་བསྡུས》ཞེས་པ་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བ་དང་དེ་ཉིད་ནུབ་བྱང་གིས་བསླབ་གཞིར་བཅས་སྐད། དེ་རྗེས་སྤྱི་ལོ༡༩༩༩ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྒན་ཀུན་དགའ་ལགས་ཀྱིས《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》ཅེས་པ་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། སྤྱི་ལོ༢༠༠༥ལོར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོབས་རྒྱལ་ལགས་ཀྱིས《རྩོམ་རིག་རྣམ་གཞག》ཅེས་པ་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ་པ་དང་དེ་ཉིད་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་སློབ་གླིང་གི་བོད་ཡིག་ཚན་ཁག་གི་བསླབ་གཞི་བྱས།
      གཞན་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་བོད་དུ་རང་མོས་སྙན་ངག་གི་རྩོམ་སྲོལ་ལམ་རང་མོས་སྙན་ངག་ཅེས་འབོད་སྲོལ་ཡོད་པའི་རྩོམ་རིག་གི་རྣམ་པ་གསར་པ་ཞིག་གསར་དུ་ཐོན་པ་སྟེ། དཔལ་དོན་གྲུབ་རྒྱལ་གྱིས་སྤྱི་ལོ༡༩༨༣ལོའི་སྦྲང་ཆར་དུས་དེབ་གསུམ་པའི་ཐོག་ཏུ《ལང་ཚོའི་རྦབ་ཆུ》ཞེས་པའི་དུས་རབས་ཀྱི་འབོད་སྒྲ་དང་བོད་ཀྱི་ཕྱི་རབས་ན་གཞོན་ཚོ་ལ་དུས་རབས་ཀྱི་རྗེས་བསྙེགས་དང་ཡར་ཐོན་གྱི་ཕྱོགས་སུ་གོམ་པ་འགྱུར་ཏེ་མི་རིགས་འདིའི་དུས་རབས་ཀྱི་ཁག་ལེན་དགོས་པར་གདམ་པའི་“ཁ་གཡང”རང་མོས་སྙན་ངག་དེ་ཐོག་མར་སྤེལ་ཞིང་ད་བར་མི་ལོ་སུམ་ཅུ་ལྷག་གི་རིང་དུ་རྩོམ་སྲོལ་གསར་པ་དེ་ཉིད་བོད་ཀྱི་སློབ་གྲྭ་ཆེ་འབྲིང་དང་སྐྱ་སེར་རྩོམ་མཁན་ཡོངས་ལ་རྒྱ་ཁྱབ་ཏུ་དར་ཡོད་པ་རེད། སྙན་རྩོམ་འདི་དར་བར་དཀའ་ཁག་ཆེན་པོ་བྱུང་ཡོད་དེ། རྩོམ་སྲོལ་དེ་བོད་ཀྱི་རྩོམ་རིག་དོ་རྭར་རྐང་ཚུགས་གནང་མཁན་གྱི་འདས་པོ་དཔལ་དོན་གྲུབ་རྒྱལ་ལགས་དང་ཁོང་གི་རྗེས་འབྲངས་རྩོམ་མཁན་གྱི་སྡེ་ལ་མཁས་མིང་འཛིན་པའི་རྒན་པོ་སྐྲ་དཀར་འགའ་དང་གཤིས་གྱོང་དང་ཡོད་ཚད་ལ་འཇིགས་པའི་བོད་ཀྱི་རིག་གནས་པ་འགའ་ཞིག་གིས་ངན་དམོད་དང་འཇིགས་སྐུལ་བྱས་ལ་རྩོམ་སྲོལ་དེ་ལ“རྐང་ཆག་མའམ”ཡང་ན“འཐེང་འགྲོས”“རང་མོས་མ་མོས”སོགས་པའི་བསྙོན་བཏགས་ཏེ་བོད་ཀྱི་རྩོམ་རིག་གི་སྡེ་ལས་ཕུད་ཅི་ཐུབ་བྱས་རུང་ངལ་བ་འབྲས་མེད་དུ་གྱུར་ཏེ་ཁ་རོག་གེར་སྣ་གཉེར་བྱེད་བཞིན་ཁྱི་རྒན་རུས་པར་འཆའ་བའི་ངང་ཚུལ་བཟུང་སྟེ་སྡོད་པ་ལས་ཅང་མ་བྱུང་།
      རྩོམ་སྲོལ་དེ་དར་རྗེས་དེའི་ཚིག་སྦྱོར་གོ་དཀའ་སླའི་ཐད་དུ་རྗེ་བཤད་སྒྲུབ་རྒྱ་མཚོ་དང་རྒྱ་ཡེ་བཀྲ་བྷོ་དགེ་སློབ་གཉིས་ཀྱིས་དང་ཐོག་མའི་རྩོད་གཞི་བསླངས་ཤིང་དེ་རྗེས་སུ་སྤྱི་ལོ༡༩༩༩ལོའི《སྦྲང་ཆར》དུས་དེབ་དང་པོར་བོད་ཀྱི་རྩོམ་པ་པོ་གངས་ཞུན་ལགས་ཀྱིས་དཔྱད་རྩོམ《གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ》ཞེས་པ་སྤེལ་བ་དང་། གོ་དཀའ་བ་ནི་སྙན་ངག་གི་ཡོན་ཏན་ཡིན་ལུགས་ལ་སྐྱ་བྷ་ལགས་ཀྱིས་མཆོད་མེའི་དྲྭ་བའི་ནང་དུ《གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན》ཞེས་པའི་དཔྱད་རྩོམ་ཞིག་གངས་ཞུན་ལགས་ལ་དྲིས་ལན་གྱི་ཚོད་དུ་སྤེལ་འདུག དུས་སྐབས་དེ་ཤད་དུ་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་ཁྱབ་ཁོངས་སུ་རྩོམ་རིག་དཔྱད་བརྗོད་ཀྱི་སྡེ་ཁག་ཅིག་ཀྱང་ཐོན་ཞིང་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ལ་ནུས་པ་མི་དམན་པ་ཐོན་ཡོད། རྩོམ་རིག་དཔྱད་བརྗོད་ཀྱི་ཚབ་མཚོན་མི་སྣའི་གྲས་སུ་ནུབ་བྱང་ཚང་གི་དགེ་རྒན་བདུད་ལྷ་རྒྱལ་དང་། སྙན་ངག་པ་གཅན་མེ་སྟག  ཁྲི་སེམས་དཔའ། མེ་ལྕེ། ཨ་རྡོར། བྱང་སྐར། རྣམ་སྲས་སོགས་མདོ་ཁམས་ཀྱི་དགེ་རྒན་ནམ་རྩོམ་མཁན་དག་ཡིན་ཞིང་དབུས་གཙང་ཁུལ་དུ་དེ་འདྲའི་ལས་ལ་གཞོལ་མཁན་ཡོད་པ་མ་གོ་མ་རིག དེ་ནི་ངས་བརྗོད་པར་འདོད་པའི་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་གླེང་བ་ལས་བཅིངས་འགྲོལ་བཏང་ནས་ད་བར་གྱི་རྩོམ་རིག་གཞུང་ལུགས་ཀྱི་སྐོར་རང་བློས་དཔོག་ཚོད་དུ་བཤད་པ་དེ་ཡིན། གཤམ་དུ་གུས་པས་ནང་དོན་གཉིས་པ་བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པའི་སྐོར་དེ་བརྗོད་པ་འདོད། ནང་དོན་འདི་ནི་གུས་པས་དཔྱད་རྩོམ་འདི་འབྲི་བའི་དགོས་པའམ་ཤོད་འདོད་ཤོས་དེ་ཡིན། འོན་ཀྱང་འདི་ཐད་ལ་མཐོས་པའམ་དམས་པའི་ཆ་ངེས་པར་ཡོད་སྲིད་པས་རིག་གནས་པའི་གོ་མིང་འཛིན་པའི་དགེ་རྒན་ལྷན་རྒྱས་དང་ན་མཉམ་གྱི་སློབ་གྲོགས་རྣམས་ནས་བསམ་གཞིགས་དང་གུ་ཡངས་ལས་ཚིག་གི་ཟུར་མདའ་མི་འཕེན་པར་འཚལ་ལོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།