བཅས་པའི་ཁ་ན་མ་ཐོ་བར་རྣམ་སྨིན་ཡོད་མེད་ལ་དཔྱད་པ།

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-19 09:08:00 ཀློག་གྲངས།:
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
ཐུབ་གསུང་ཚངས་པའི་རལ་ཀློང་ལས་འོངས་ཤིང་། །
འཕགས་ཚོགས་ཛ་ཧུའི་ལྟོ་བར་བསྐྱིལ་བའི་བཅུད། །
ཉེས་སྤྱོད་དྲི་མ་འཁྲུད་མཁས་ལྷའི་ཆུ་རྒྱུན། །
ཐུབ་བསྟན་སྙིང་པོ་སོ་སོར་ཐར་ལ་འདུད། །
    བཅས་པའི་ཁ་ན་མ་ཐོ་བར་རྣམ་སྨིན་ཡོད་མེད་ཅུང་ཟད་དཔྱད་པ་ལ། ཐོག་མར་སྔོན་གྱི་དམ་པ་རྣམས་ཀྱི་བཞེད་པ་ལས། སོག་ལུགས་པ་དག་ནི། བཅས་པའི་ཁ་ན་མ་ཐོ་བ་དག་ཀྱང་སྡིག་པ་ཡིན་པར་བཞེད་དེ། ལུང་རིགས་གཉིས་ཆར་གྱིས་བསྒྲུབས་ཚུལ་མཚོ་ཊཱིཀ་སོགས་ལས་གསུངས་པ་བཞིན་ནོ། །དེ་དང་མཚུངས་པར་འབྲི་གུང་པ་དག་གི་བཞེད་པ་ཀར་ཊཱིཀ་ཏུ་བཀོད་པ་འདི་ལྟར། རྒྱལ་བ་འབྲི་གུང་པ་རྣམས་ལུགས་འདི་ལ་དགོངས་ནས་འདི་སྐད་དུ་བརྗོད་པར་གྲགས་ཏེ། བཅས་རང་ངོ་བོ་གཅིག སྡིག་ལྟུང་ངོ་བོ་གཅིག དེའི་ཕྱིར་ཁྱིས་ཕྱི་དྲོའི་ཟས་བཟས་ནའང་ལྟུང་བྱེད་དུ་འགྱུར་ཞེས་ཟེར་རོ། །ལུགས་ཕྱི་མ་འདི་མི་འཐད་པ་ནི་ཆོས་རྗེ་པས། ཁ་ཅིག་རབ་ཏུ་བྱུང་བ་ལ། །ལྟུང་བ་ཇི་སྙེད་འབྱུང་བ་དེ། །ཁྱིམ་པ་ནས་ནི་དམྱལ་བའི་བར། །དུད་འགྲོ་ལ་སོགས་ཐམས་ཅད་ལ། །ལྟུང་བ་མཚུངས་པར་འབྱུང་ཞེས་ཟེར། །འདི་ནི་སངས་རྒྱས་དགོངས་པ་མིན། །ཅི་སླད་ཅེ་ན་ལྟུང་བ་དེ། །བཅས་པ་ཕན་ཆད་འབྱུང་མོད་ཀྱི། མ་བཅས་པ་ལ་ལྟུང་མེད་ཕྱིར། །དེས་ན་ཐུབ་པས་ལས་དང་པོས། །ཉེས་པ་བྱས་ཀྱང་ལྟུང་མེད་གསུངས། །དེ་ལྟ་མིན་ན་ཐམས་ཅད་ལ། །གལ་ཏེ་ལྟུང་བ་ཀུན་འབྱུང་ན། །འགྲོ་ཀུན་ལྟུང་བ་དང་བཅས་པས། །མཐོ་རིས་ཀྱང་ནི་འབྱུང་རེ་ཀན། །ཞེས་སུན་ཕྱུང་ངོ་ཞེས་ཟེར་ལ། ཞེས་གསུངས་སོ། །བདག་ཉིད་ཆེན་པོ་མཚོ་སྣ་པ་ནི། བཅས་པའི་ཁ་མ་ཐོ་བ་རང་གི་ངོ་བོའི་ཆ་ནས་རྣམ་སྨིན་མི་འབྱིན་ལ། ཁྱད་གསོད་དང་འབྲེལ་ཚེ་ཁྱད་དུ་བསད་པའི་ཆ་ནས་ཉེས་བྱས་གཞན་ཞིག་སྐྱེད་ཅིང་། དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས། ལུང་ལས་དེར་དགོངས་ནས་སྡིག་པར་གསུངས་ཞེས་བཞེད་དོ། །ཀར་ཊཱིཀ་དང་འཇམ་བཞད་ཀྱི་ཊཱི་ཀ་ལས་ཀྱང་དེ་ལྟར་དུ་གསུངས་སོ། །དེ་བཞིན་དུ་རྒྱ་འདུལ་འཛིན་དང་། ཤ་མི། སྦལ་ཏི་སོགས་ཀྱང་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལུང་མ་བསྟན་ཡིན་པར་བཞེད་ཅེས་གསུངས་སོ། །དེ་ལྟར་སྔོན་གྱི་དམ་པ་འགའ་ཞིག་གི་བཞེད་པ་དག་བཀོད་ནས། ད་ནི་འཐད་པའི་ཕྱོགས་ངོས་གཟུང་སྟེ། དེ་ཡང་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཏེ། འཕགས་པའི་ཞལ་ནས། སྟོང་ཉིད་རིགས་པས་ཀྱང་ནི་གོ་ནུས་ཀྱི། །ཤིན་ཏུ་རྟོགས་དཀའ་རྒྱུ་འབྲས་ཟབ་མོའི་གནས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཤིན་ལྐོག་ལུང་ཚད་མ་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་ཏེ།  རྣམ་འགྲེལ་ལས། སྐབས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་གསུངས་པས་སོ། །དེ་ལྟ་ན་བཅས་པའི་ཁ་ན་མ་ཐོ་བར་རྣམ་སྨིན་ཡོད་མེད་ཀྱི་རྣམ་གཞག་ནི་ལུང་གཏམ་གྱི་གཞི་ལས་ཞིབ་པར་གསུངས་པས་དེའི་རྗེས་སུ་འབྲང་བར་བྱ་དགོས་སོ། །ལུང་དེ་ལས། ལྟུང་བ་རྣམས་སྤྱིར་རྒྱུ་དགེ་མི་དགེ་ལུང་མ་བསྟན་གསུམ་གང་གིས་སྐྱེད་པ་དང་། བྱེ་བྲག་རྟེན་དགྲ་བཅོམ་པའི་རྒྱུད་ཀྱི་ལྟུང་བ་དག་དགེ་བ་དང་ལུང་མ་བསྟན་གྱི་སེམས་གང་གིས་སྐྱེད་པ་སྟེ་གཉིས་དང་། འབྲས་བུ་ལ་རྣམ་སྨིན་ཡོད་མེད་དེ། རྒྱུ་འབྲས་ཀྱི་དྲི་བ་དྲིས་ལན་གསུམ། ངོ་བོ་ལ་སྤྱིར་ལུང་དུ་བསྟན་མ་བསྟན་གང་ཡིན་དང་། བྱེ་བྲག་ཉོན་མོངས་ཅན་ཡིན་མིན་དང་། དགེ་མི་དགེ་ལུང་མ་བསྟན་གང་ཡིན་གསུམ་སྟེ། ཁྱོན་སྐབས་འདིར་ཉེ་བར་མཁོ་བའི་དྲི་བ་དྲི་ལན་དྲུག་གི་སྒོ་ནས་གསལ་བར་གཏན་ལ་ཕབ་བོ། །དེ་དག་ལས་དང་པོ་ནི། བཅོམ་ལྡན་འདས་དགེ་སློང་དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ། དེ་སྟེ་མི་དགེ་བའི་སེམས་དང་། ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགེ་བའི་སེམས་དང་མི་དགེ་བའི་སེམས་དང་། ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་དོ། །དགེ་བའི་སེམས་ཀྱིས་ཇི་ལྟར་ཞེ་ན། འདི་ལྟར་དགེ་སློང་གསར་བུ་བསླབ་པའི་ཡི་དམ་ལ་མི་མཁས་པས་མཆོད་རྟེན་འཁོར་གྱི་རྩྭ་རྔའམ། འཆག་ས་དང་ཁྱམས་ཀྱི་རྩྭ་རྔའམ། མེ་ཏོག་འཐོག་པ་ནི་དགེ་བའི་སེམས་ཀྱིས་སོ།།མི་དགེ་བའི་སེམས་ཀྱིས་ཉེས་པ་ཇི་ལྟར་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བ་འདི་ནི་མི་དགེ་བའི་སེམས་སོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་ཇི་ལྟར་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་བཞིན་དུ་འདའ་བ་སྟེ། དེ་ལྟ་བུ་ནི་ལུང་དུ་མི་སྟོན་པའི་སེམས་ཀྱིས་སོ། །ཞེས་གསུངས་སོ། །གཉིས་པ་ནི། བཙུན་པ་དགྲ་བཅོམ་པ་དག་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ། དེ་སྟེ་ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དགྲ་བཅོམ་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཞེས་བྱའོ། །བཙུན་པ་ཇི་ལྟར་ན་དགེ་སློང་དགྲ་བཅོམ་པ་ནོངས་པར་བགྱིད་ན་དེ་དག་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་བགྱིད་པ་ཞེས་བགྱི། ཨུ་པཱ་ལི་འདི་ལྟར་དགེ་སློང་དགྲ་བཅོམ་པས་བརྒྱ་ལམ་བརྒྱ་ལམ་ན་དྲན་པ་ཉམས་པར་གྱུར་ནས་ཆོས་གོས་ཅི་ཆོག་ཏུ་འཆང་ལ། སྦྱར་མ་མེད་པར་གྲོང་དུ་འཇུག  ཡང་ཡང་ཟ། འདུས་ཤིང་ཟ། གཉིད་ལོག་པའི་ཚེ་མལ་སྟན་ཆེན་པོའི་སྟེང་བཞག་པ་དང་། གཉིད་ལོག་པའི་ཚེ་བུད་མེད་ཀྱི་མལ་དུ་བསྙལ་བ་དང་། བསྙེན་པར་མ་རྫོགས་པ་རྣམས་དོང་བའི་ཚེ་ཉལ་ལ་ཕྱིས་བསྙེན་པར་མ་རྫོགས་པ་རྣམས་འོངས་ན་དེ་སུ་དང་ལྷན་ཅིག་འདུག་འདུག་པ་དེ་ལ་ལངས་པའི་ཚེ་ཆོས་བཞིན་དུ་བཤགས་པ་དེ་ལྟ་བུ་དག་ནི་དགེ་སློང་དགྲ་བཅོམ་པ་ཉེས་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་བྱེད་ཅེས་བྱའོ། །ཞེས་གསུངས་སོ། །གསུམ་པ་ནི། ནོངས་པ་རྣམ་པར་སྨིན་པ་ཞེས་བགྱིའམ། རྣམ་པར་མ་སྨིན་པ་ཞེས་བགྱི། གསུངས་པ། རྣམ་པར་སྨིན་པ་ཞེས་ཀྱང་བྱ། མ་སྨིན་པ་ཞེས་ཀྱང་བྱའོ། །སྨིན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདས་པ་འདི་ནི་སྨིན་པ་ཞེས་བྱའོ། །མ་སྨིན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་པར་འདས་པ་འདི་ནི་མ་སྨིན་པའོ། །ཞེས་སོ། །བཞི་པ་ནི། ནོངས་པ་ལུང་བསྟན་པ་ཞེས་བགྱིའམ། ལུང་མ་བསྟན་པ་ཞེས་བགྱི། གསུངས་པ། ཉེས་པ་ལུང་བསྟན་པ་ཞེས་ཀྱང་བྱ། ལུང་མ་བསྟན་པ་ཞེས་ཀྱང་བྱའོ།།ལུང་བསྟན་པ་གང་ཞེ་ན།  གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བར་བྱེད་པ་འདི་ནི་ལུང་བསྟན་པ་ཞེས་བྱའོ།  །ལུང་མ་བསྟན་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་པར་འདའ་བ་ནི་ལུང་མ་བསྟན་ཞེས་བྱའོ། །ཞེས་སོ།  །ལྔ་པ་ནི། ནོངས་པ་ཉོན་མོངས་པ་ཞེས་བགྱིའམ། ཉོན་མ་མོངས་པ་ཞེས་བགྱི། གསུངས་པ། །ཉོན་མོངས་པ་ཞེས་ཀྱང་བྱ། ཉོན་མ་མོངས་པ་ཞེས་ཀྱང་བྱའོ། །ཉོན་མ་མོངས་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདའ་བ་འདི་ནི་ཉོན་མ་མོངས་པའོ། །ཉོན་མོངས་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་པར་འདའ་བ་འདི་ནི་ཉོན་མོངས་པའོ། །ཞེས་སོ། །དྲུག་པ་ནི། ནོངས་པ་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ། ལུང་དུ་མི་སྟོན་པ་ཞེས་བགྱི།  གསུངས་པ། ཉེས་པ་མི་དགེ་བ་ཞེས་ཀྱང་བྱ། ལུང་དུ་མི་སྟོན་པ་ཞེས་ཀྱང་བྱའོ། །མི་དགེ་བ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་ཤེས་བཞིན་དུ་འདས་པ་འདི་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་མ་བསམས་བཞིན་དུ་འདའ་བ་དེ་ནི་ལུང་དུ་མ་བསྟན་པའོ། །ཞེས་གསུངས་སོ། །དེ་ལྟར་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལས་བསམ་བཞིན་དུ་འདའ་བར་བྱེད་ན་ངོ་བོ་མི་དགེ་བ་དང་འབྲས་བུ་རྣམ་པར་སྨིན་པ་ཅན་དང་། བཅས་རྐྱང་རྣམས་ལས་མ་བསམས་བཞིན་དུ་འདའ་བར་བྱེད་ན་ངོ་བོ་ལུང་མ་བསྟན་དང་འབྲས་བུ་རྣམ་པར་སྨིན་པ་མ་ཡིན་པ་སོགས་སུ་ཤེས་པར་བྱའོ། །འོ་ན། བསམ་བཞིན་ཞེས་པ་དང་མ་བསམས་བཞིན་ཞེས་པའི་དོན་གང་ཞེ་ན། བསམ་བཞིན་ཞེས་པ་ནི། གོ་བཞིན་ཤེས་བཞིན་ཞེས་པའི་དོན་ཙམ་དང་། མ་བསམས་ཞེས་པ་ནི། མ་ཤེས་པ་དང་བརྗེད་ནས་མ་དྲན་པ་ཙམ་ལ་གོ་དགོས་ཏེ། གོང་དུ་དྲང་པའི་ལུང་ལས། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལ་ཤེས་བཞིན་དུ་འདས་པ་ཞེས་ལུང་ལས་དངོས་སུ་གསུངས་པའི་ཕྱིར་དང་། དགེ་བའི་སེམས་ཀྱིས་ལྟུང་བར་འགྱུར་ཚུལ་གསུང་པའི་སྐབས་སུ་དགེ་སློང་གསར་བུ་བསླབ་པའི་ཡི་དམ་ལ་མི་མཁས་པ་ཞིག་ཡིན་པ་དང་། དགེ་སློང་དགྲ་བཅོམ་པའི་ལྟུང་བ་ཐམས་ཅད་ལུང་མ་བསྟན་ཡིན་ཚུལ་ཡང་དྲན་པ་ཉམས་པ་སོགས་བརྗེད་པ་དང་མ་གོ་བའི་དབང་གིས་བྱེད་པ་ཡིན་པར་གསུངས་པའི་ཕྱིར་ཏེ། གལ་ཏེ་ཤེས་བཞིན་བྱས་ཀྱང་མི་དགེ་བར་མི་འགྱུར་ཞིང་། ལུང་མ་བསྟན་ཡིན་ན། ཚིག་དེ་དག་ལ་རྣམ་བཅད་ཅི་ཞིག་ཡོད་བསམ་པར་བྱ་དགོས་སོ། །དེ་བཞིན་དུ་འཕགས་པ་ཐོགས་མེད་ཀྱིས་ཀྱང་། མ་ཤེས་པ་དང་བརྗེད་ངེས་བག་མེད་པས་བྱས་པའི་ལྟུང་བ་དག་ཉོན་མོངས་ཅན་མིན་པར་གསུངས་ཏེ། འདུལ་བ་བསྡུས་པ་ལས། དེ་ལ་མི་ཤེས་པ་དང་བག་མེད་པ་གཉིས་ཀྱིས་ནི་ཉོན་མོངས་པ་ཅན་མ་ཡིན་ལ། ཉོན་མོངས་པ་མང་བ་དང་མ་གུས་པ་གཉིས་ཀྱིས་ནི་ཉོན་མོངས་ཅན་གྱི་ལྟུང་བ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདིས་ཀྱང་ལུང་ལས་མ་བསམས་བཞིན་དུ་བྱས་པའི་ལྟུང་བ་ཉོན་མོངས་ཅན་མིན་པར་གསུངས་པའི་མ་བསམས་ཞེས་པའི་དོན། མ་ཤེས་པ་དང་བརྗེད་ངེས་པ་ཡིན་པར་ཤེས་ནུས་སོ། །བདག་ཉིད་ཆེན་པོ་མཚོ་སྣ་པས་ལྟུང་བ་ཁྱད་གསོད་དང་འབྲེལ་ན་རྣམ་སྨིན་འབྱིན་པར་གསུངས་པའི་ཁྱད་གསོད་དེའང་ཤེས་བཞིན་དུ་བགྱིས་པ་འདི་ཙམ་ལ་བཞེད་པར་གསལ་ཏེ། མཚོ་ཊཱིཀ་ལས། རྣམ་གྲངས་གཞན་ཡང་མི་ཤེས་པ་དང་ཤེས་བཞིན་པའི་ལྟུང་བ་ནི་ཡང་བ་དང་ལྕི་བ་ཡིན་ཏེ། ཁྱད་གསོད་དང་མ་འབྲེལ་བའི་ཕྱིར་དང་འབྲེལ་བའི་ཕྱིར་རོ། །ཞེས་གསུངས་ཏེ། དེ་ཉིད་སྦྱོར་ངག་ཏུ་སློང་ན། ཤེས་བཞིན་ཏུ་བྱས་པའི་ལྟུང་བ་ཆོས་ཅན། ལྕི་བ་ཡིན་ཏེ། ཁྱད་གསོད་དང་འབྲེལ་བའི་ཕྱིར། ཞེས་བརྗོད་དགོས་པའི་ཕྱིར་དང་། ཡང་དེ་ཉིད་ལས། སོ་སོའི་སྐྱེ་བོས་ཤེས་བཞིན་མ་ཡིན་པས་ཞུགས་པའི་ལྟུང་བ་ཆོས་ཅན། སྡིག་པ་ཡིན་པར་ཐལ། ལྟུང་བ་ཡིན་པའི་ཕྱིར། ཞེས་དང་། འདོད་ན། གཏམ་གྱི་གཞི་ལས། སངས་རྒྱས་ཀྱི་བསྟན་པ་ལ་མ་བསམས་བཞིན་དུ་འདྲལ་བར་བྱེད་པ་ནི་ལུང་མ་བསྟན་པའོ། །ཞེས་དང་། ཞེས་མ་བསམས་བཞིན་དུ་ཞེས་པའི་དོན་ཤེས་བཞིན་མ་ཡིན་པ་ཙམ་དུ་གསུངས་ལ། དེའི་ལྡོག་ཕྱོགས་བསམ་བཞིན་དུ་ཞེས་པའང་ཤེས་བཞིན་དུ་བྱ་བ་ཉིད་ལ་དེའི་ཤུགས་ཀྱིས་གོ་བའི་ཕྱིར་རོ། །དེས་ན་རང་ལུགས་འདི་ལྟར་གོ་བར་བྱ་སྟེ། ལུང་གཅིག་ལས་འཕྲོས་པ་གཉིས་ཚན་གྱི་སྐབས་ལས། ཉེས་པ་གཉིས་ཏེ། མི་དགེ་བ་དང་། ལུང་དུ་མི་སྟོན་པའོ། །མི་དགེ་བ་ལ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །ལུང་དུ་མི་སྟོན་པ་ལ་གཉིས་ཏེ། ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པའོ། །ཞེས་གསུངས་པ་བཞིན་དུ་ལྟུང་བ་ཡིན་ན་མི་དགེ་བ་དང་། ལུང་མ་བསྟན་གང་རུང་དུ་ངེས་ཀྱི། དགེ་བ་ནི་མེད་དེ། བཅོམ་ལྡན་འདས་ལ་ལྟུང་བ་དགེ་མི་དགེ་ལུང་མ་བསྟན་གསུམ་གང་ཡིན་དྲིས་པའི་ལན་དུ་མི་དགེ་བ་དང་ལུང་མ་བསྟན་གཉིས་སུ་གསུངས་ཀྱི་དགེ་བ་ཞིག་ཡོད་པའི་ལན་མ་གསུངས་ལ། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། དགེ་བ་ནམ་ཡང་མིན། །ཞེས་གསུངས་པའི་ཕྱིར་རོ། །མི་དགེ་བ་དང་ལུང་མ་བསྟན་དེའང་། བཅས་ལྡན་དགེ་སློང་གིས་དུས་མ་ཡིན་པའི་ཁ་ཟས་བཟའ་བ་ལྟ་བུའི་གཞི་གཅིག་གི་སྟེང་དུ།  བྱ་བ་དེ་ཤེས་བཞིན་དུ་བྱ་ན་ངོ་བོ་མི་དགེ་བ་དང་། འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་འབྱིན་བྱེད་ཡིན་ལ། ལྟུང་བ་དེར་ལྟུང་མེད་དུ་བཟུང་སྟེ་མ་ཤེས་བཞིན་དུ་བྱས་ན། ངོ་བོ་ལུང་མ་བསྟན་དང་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་བྱེད་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་ན་ལྟུང་བ་རྣམས་ལས་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཆ་དག་ལས་གཞན་ཐམས་ཅད་ལ་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་དབང་གིས་མི་དགེ་བ་དང་ལུང་མ་བསྟན་གཉིས་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་གོ་དགོས་ཀྱི། རྒྱ་ཆེར་འགྲེལ་གྱི་མ་གུས་པའི་ལྟུང་བྱེད་ཀྱི་སྐབས་སུ། གལ་ཏེ་བསླབ་པ་ཙམ་ལ་ཅུང་ཟད་ཙམ་དང་ངན་ངོན་ཙམ་འདིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པས་བསླབ་པ་ལ་མ་གུས་པ་སྐྱེ་ན་ནི་ཉེས་བྱས་སོ། །ཞེས་གསུངས་པ་དང་། བཙུན་པ་ཆོས་ཀྱི་ཚོང་དཔོན་གྱི་འདུལ་བསྟོད་ལས། ཐུབ་པའི་བཀའ་ལུང་ཚུལ་མིན་བཟླས་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པའི་དོན། འདུལ་བ་ལུང་ལས། དེའི་དཔྲལ་བ་ལ་ཨེ་ལའི་འདབ་མ་ཕོག་པས། ཁྲོས་ཏེ་བཅད་ནས་ལག་པ་གཉིས་ཀྱིས་དུམ་བུ་དུམ་བུར་བྱས་ཏེ་བོར་ནས། སྲོག་ཀྱང་མེད། འཚོ་བའང་མེད་པ་འདི་ལ་སངས་རྒྱས་འོད་སྲུང་གིས་ཉེས་པ་ཅི་གཟིགས་ནས་བསླབ་པ་བཅས་ཞེས་སྨྲས་སོ། །ཞེས་གསུངས་པ་ལྟ་བུའི་མ་གུས་པ་ཆེན་པོ་ནི་ཡོད་དགོས་པའི་ངེས་པ་མེད་དོ། །དེ་ལྟར་ཤེས་བཞིན་དུ་བྱས་པའི་ལྟུང་བའི་རྣམ་སྨིན་ནི། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ་ལས། དགེ་སློང་དག་བསླབ་པའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་དྲག་པོ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །ཞེས་དང་། དགེ་སློང་དག་སོ་སོར་བཤགས་པའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། ཞེས་པ་ནས། ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་དྲག་པ་དང་། ཞེས་སོགས་དང་། དགེ་སློང་དག ལྟུང་བྱེད་ཀྱི་ཆོས་གང་དག་མི་སྲུང་བ་དང་། ཞེས་སོགས་ནས། དམྱལ་བ་ཆེན་པོ་བསྡུས་འཇོམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་། ཞེས་སོགས་དང་། དགེ་སློང་དག སྦོམ་པོའི་ཆོས་གང་དག་མི་སྲུང་བ་དང་། ཞེས་པ་ནས། དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་བར་འགྱུར་ཏེ། ཞེས་སོགས་དང་། དགེ་སློང་དག ལྷག་མའི་ཆོས་གང་དག་མི་སྲུང་བ་དང་། ཞེས་པ་ནས། དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་ཏེ། ཞེས་སོགས་དང་། དགེ་སློང་དག ཕམ་པར་འགྱུར་བའི་ཆོས་བཞི་པོ་གང་དག་མི་སྲུང་བ་དང་། ཞེས་པ་ནས། དམྱལ་བ་ཆེན་པོ་ཚ་བར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་། ཞེས་སོགས་དང་། དགེ་སློང་དག དེ་ལྟ་བས་ན། གང་དེ་དག་བསྟན་བཅོས་ཐོས་པ་རྣམས་ཀྱིས་བདག་ལ་ཕན་པར་བྱ་བ་དང་། སྙིང་བརྩེ་བ་དང་། སྙིང་རྗེ་བ་དང་། དོན་འདོད་པ་དང་། ཕན་པ་འཚོལ་བས་སྙིང་བརྩེ་བ་འདིས་ཁྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ། དགེ་སློང་དག དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་ཁྲོད་དང་། རི་ཕུག་དང་། པ་ལ་པུན་ཛཱ་བྷྱ་བ་ཀ་ཤ་དང་། དུར་ཁྲོད་དང་། ནགས་འདབས་དང་། བས་མཐའི་གནས་མལ་དུ་གནས་ཏེ་འདི་དག་ངེས་པར་དུ་བསམ་པར་བྱའོ། །དགེ་སློང་དག་བག་ཡོད་པར་གྱིས་ཤིག་ཅི་ནས་ཀྱང་ཕྱིས་འགྱོད་པར་འགྱུར་བ་དེ་ལྟར་མ་བྱེད་ཅིག  འདི་ནི་ངའི་རྗེས་སུ་བསྟན་པའོ། །ཞེས་གསུངས་སོ།
སླར་སྨྲས་པ།
ཐུབ་བསྟན་པད་དཀར་འཛུམ་པའི་སྙིང་པོ་ལ། །
མངོན་ཆགས་འདུལ་ཁྲིམས་སྦྲང་རྩིའི་ཟིལ་མངར་གྱིས། །
ཐར་འདོད་རྐང་དྲུག་མྱོས་པའི་སྐལ་བཟང་དཔྱིད། །
དུས་ཀུན་ཡིད་ཀྱི་དགའ་ཚལ་མཛེས་གྱུར་ཅིག །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།