བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་ཐོག་མའི་གླེང་བརྗོད་ཅེས་བྱ་བ།

རྩོམ་པ་པོ།:རིག་ཚན་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-06 09:14:00 ཀློག་གྲངས།:
       དེ་ལ་འདིར་ཐོག་མར་ལོ་རྒྱུས་རིག་པ་ཞེས་པ་དང་།  ལོ་རྒྱུས་རིག་པའི་ལོ་རྒྱུས་ཞེས་བྱ་བ་གཉིས་ནི་རྒྱ་ཡིག་གི“历史学”དང་“史学史”ཞེས་པ་གཉིས་ཐད་ཀར་བོད་ཡིག་ཏུ་བསྒྱུར་བ་ལ་མིང་དོན་ལ་འབྱོར་མིན་ནི་རྣམ་དཔྱོད་དང་ལྡན་པ་དག་གིས་དཔྱད་བྱ་ཡིན་ལ།  ཁོ་བོ་ནི་གཅིག་ན་རྒྱ་བོད་ལོ་ཙཱ་ལ་བྱང་གོམས་སུ་སོང་མེད་པ་དང་།  གཉིས་སུ་ལོ་རྒྱུས་རིག་པའི་གཞུང་དོན་ལ་ཐོག་མར་འཇུག་པའི་ལས་དང་བོ་བ་ཞིག་ཡིན་ཞིང་།  སྒོས་སུ་ཆེད་ལས་ཀྱི་མིང་བརྡ་བསྒྱུར་བའི་ལས་སུ་འཇུག་པ་ལ་ཆེད་ལས་གང་དེར་བློ་སྦྱོང་མི་དམན་པ་ཞིག་དགོས་པ་གཞིར་བཅས།  འགྱུར་མིང་དོན་ལ་མི་འགལ་ཞིང་བོད་ལའང་གོ་བདེ་བ་ཞིག་ཡོང ་བའི་ཐབས་སུ་འབད་རྒྱུ་ནི་རྩ་བའི་གཞི་འཛིན་ས་གསེར་གྱི་ས་གཞི་ལྟ་བུར་ཆགས་པས།  ཁོ་བོ་ནི་རྒྱུན་པར་ཆེད་ལས་ཀྱི་མིང་བརྡ་བསྒྱུར་བ་ལ་འཇིགས་པ་དང་ནན་ཏུར་གྱིས་འཇུག་གིན་ཡོད།  དེ་ཡང་ཡིན་ངེས་ཏེ།  འགྱུར་མ་དག་པའི་ཉེས་དམིགས་ནི་རང་གཞན་ཕུང་ལ་སྦྱོར་བྱེད་འབའ་ཞིག་ཏུ་འགྱུར་བས་སོ། །
      དེ་ན་འདིར་སྐབས་སུ་བབས་པའི་བཤད་བྱ་དངོས་ནི་ལོ་རྒྱུས་རིག་པའི་ཡན་ལག་ཏུ་ གྱུར་པའི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཞེས་པ་ཡིན་གྱི་ལོ་རྒྱུས་རིག་པ་དངོས་མ་ཡིན་པས། ལོ་ རྒྱུས་རིག་པར་འཇུག་འདོད་པ་དག་གིས་གཞུང་གཞན་ལས་ཤེས་པར་བྱ་བ་ལ་འདི་གར་དམིགས་སུ་མཚམས་སྦྱོར་ཞུ་རྒྱུ་མིན།
      དེ་ཡང་ལོ་རྒྱུས་རིག་པའི་ལོ་རྒྱུས་ཞེས་བྱ་བ་ནི་གོང་དུ་བཤད་པ་ནང་བཞིན་ལོ་རྒྱུས་རིག་པའི་ཡན་ལག་ཏུ་གྱུར་བའི་རིག་ཚན་བྱེ་བྲག་པ་ཞིག་ཡིན་ལ།  གོ་སླ་བར་བཤད་ན།  འཁོར་འདས་ཀྱི་ཆོས་མཆིས་སོ་ཅོག་ལ་ཆགས་གནས་འཇིག་སྟོང་གི་ཆོས་ཉིད་དང་།  བྱུང་ ཞིང་འཕེལ་བའི་ལོ་རྒྱུས་ཡོད་ངེས་ན།  འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་ཞིང་འཕེལ་བའི ་བརྒྱུད་རིམ་དང་།  དེ་ཀོའི་ཆོས་ཉིད་ལ་ཉམས་ཞིབ་བགྱི་བའི་ལོ་རྒྱུས་རིག་པའང་དེ་ལས་མ་ འདས་པས། ལོ་རྒྱུས་རིག་པའི་ལོ་རྒྱུས་ཞེས་བྱ་བ་ནི་ལོ་རྒྱུས་རིག་པ་བྱུང་ཞིང་འཕེལ་བའི་ ལོ་རྒྱུས་བརྗོད་པ་ཁུར་དུ་བཞེས་པའི་ཚན་རིག་ཅིག་ཡིན་པ་མཐོང་སླའོ། །
      ཀུན་གྱིས་མཁྱེན་གསལ་ལྟར། འགྲོ་བ་མིའི་རིགས་ཡོད་པ་ནས་བཟུང་མིའི་རིགས་ཀྱི་ སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཡོད་པར་གྱུར་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་ རྒྱུས་དང་སྒོས་སུ་ཡི་གེ་བྱུང་བའི་རྗེས་སུ། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་ རྒྱུས་སྐོར་ཤེས་རྟོགས་དང་། ཐོ་འགོད། རྩོམ་པ་བཅས་ཀྱི་ལས་ཀྱི་བགྱི་བ་ཡོད་པར་གྱུར་ལ། དོན་དུ་དེ་ནི་ལོ་རྒྱུས་རིག་པ་ཡིན་ནོ། ། དེ་བཞིན་དུ་ལོ་རྒྱུས་རིག་པ་བྱུང་ཞིང་འཕེལ་བ་དང་། མི་རྣམས་ཀྱི་ལོ་རྒྱུས་རིག་པའི་བྱུང་འཕེལ་ལ་ཤེས་རྟོགས་བགྱི་བ་ལས་ལོ་རྒྱུས་རིག་པའི་ལོ་རྒྱུས་ཡོད་པར་གྱུར།  དེ་དག་ཐམས་ཅད་ནི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་། དམའ་རིམ་ནས་མཐོ ་རིམ་དང་།  སྟབས་བདེ་ནས་རྙོག་འཛིང་དུ་འཕེལ་བའི་བརྒྱུད་རིམ་ཞིག་ཡིན་པར་ངེས་སོ། །
      སྤྱིར་བཏང་ལོ་རྒྱུས་རིག་པའི་ལོ་རྒྱུས་ལ་གཞི་འཛིན་ས་སོ་སོ་བའི་དབང་གིས་རིགས་དང་དབྱེ་བ་སྣ་ཚོགས་སུ་དབྱེ་རུང་བར་འདོད་དེ། ཡུལ་གྱིས་དབང་དུ་ཕྱེས་ན།  ཤར་ཕྱོགས་ ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་དང་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཞེས་དང་།  དུས་ཀྱི་དབང་དུ་ཕྱེས་ན། གནའ་རབས་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་དང་དེང་རབས་ཀྱི་ལོ་རྒྱུས་ རིག་པའི་ལོ་རྒྱུས་སོགས་དང་། དེ་ལའང་ནང་གསེས་སུ་ཡུལ་ལུང་དང་གནས་སྐབས་བྱེ་བྲག་པ་སྣ་ཚོགས་སུ་ཕྱེས་ཆོག་པ་ཤེས་པར་བྱའོ། །  དཔེར་ན་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ལྟ་བུར་མཚོན་ན།  གནའ་བོའི་གྷི་རིག་གི་ལོ་རྒྱུས་རིག་པ་དང་།  གནའ་བོའི་རོམ་གྱི་ལོ་རྒྱུས་རིག་པ།  དུས་རབས་ལྔ་བ་ནས་བཅུ་གསུམ་པའི་དབར་གྱི་ཡོབ་གླིང་གི་ལོ་རྒྱུས་རིག་པ།  རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་ཡོབ་གླིང་ནུབ་མའི་ལོ་རྒྱུས་རིག་པ།  དུས་རབས་བཅུ་ བདུན་པའི་དུས་དཀྱིལ་ནས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་གི་ཡོབ་གླིང་གི་ལོ་རྒྱུས་རིག་པ།  དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་དུས་རབས་བཅུ་དགུ་བའི་དུས་དཀྱིལ་གྱི་ཡོབ་གླིང་གི་རྒྱལ་ཁབ་སོ་སོ་དང་ཨ་རིའི་ལོ་རྒྱུས་རིག་པ།  དུས་རབས་བཅུ་དགུ་བའི་དུས་མཇུག་ནས་དུས་རབས་ཉི་ཤུ་བའི་དུས་མགོའི་ཡོབ་གླིང་གི་རྒྱལ་ཁབ་སོ་སོ་དང་ཨ་རིའི་ལོ་རྒྱུས་རིག་པ་བཅས་རབ་ཏུ་བྱེད་པ་བདུན་དུ་ཕྱེས་ཤིང་། རབ་བྱེད་སོ་སོར་ཡང་ས་ བཅད་བཀར་ནས་ཞིབ་བརྗོད་གནང་འདུག་པ་ལྟ་བུ་དང་། དེ་བཞིན་དུ་མ་ཧཱ་ཙི་ནའི་ཡུལ་ གྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ལྟ་བུར་མཚོན་ན། ཆིན་ཡར་སྔོན་གྱི་ལོ་རྒྱུས་རིག་པ་དང་། ཆིང་ཧན་དུས་སྐབས་ཀྱི་ལོ་རྒྱུས་རིག་པ།  ཝེ་ཅིན་རྒྱལ་ཁབ་ལྷོ་བྱང་དུས་སྐབས་ཀྱི་ལོ་རྒྱུས་རིག་པ། སུའེ་ཐང་རྒྱལ་རབས་ལྔའི་དུས་སྐབས་ཀྱི་ལོ་རྒྱུས་རིག་པ། སུང་ལིའོ་ཅིན་དུས་སྐབས་ཀྱི་ལོ་རྒྱུས་རིག་པ། ཡོན་རྒྱལ་རབས་དུས་སྐབས་ཀྱི་ལོ་རྒྱུས་རིག་པ།  མིང་རྒྱལ་རབས་དུས་སྐབས་ ཀྱི་ལོ་རྒྱུས་རིག་པ། ཆིང་རྒྱལ་རབས་ཀྱི་དུས་མགོའི་ལོ་རྒྱུས་རིག་པ།  ཆིང་རྒྱལ་རབས་དུས་ མཇུག་གི་ལོ་རྒྱུས་རིག་པ།  ཉེ་བའི་ལོ་བརྒྱའི་རིང་གི་ཀྲུང་གོའི་ལོ་རྒྱུས་རིག་པ་བཅས་སུ་ཕྱེས་ འདུག་པ་ལྟ་བུའོ། །
      དེ་ལ་རང་རེ་གངས་ཅན་པའི་ལྗོངས་སུ་སྔོན་བྱོན་ལོ་རྒྱུས་སྨྲ་བའི་དབང་ཕྱུག་དག་གི་ མཛད་པ་ཕྲིན་ལས་ཀྱི་སྟོབས་ཀྱིས་ང་ཚོ་ཕྱི་རབས་པའི་བགོ་སྐལ་དུ་ཆོས་འབྱུང་རྒྱལ་རབས་ཇི་སྙེད་ཅིག་རྩོམ་གནང་མཛད་ཡོད་དེ། ཉེ་དུས་ཁམས་སྤྲུལ་བསོད་ནམས་དོན་གྲུབ་རིན་པོ་ཆེ་མཆོག་ནས། བོད་ཀྱི་ལོ་རྒྱུས་དེབ་ཐོ་ཞེས་པའི་ནང་།  ཁྱོན་དཔེ་ཚན༢.༡༣༢ སྐོར་བྱུང་ཞིང་། དེའི་ནང་ཆོས་འབྱུང་རྒྱལ་རབས་དེབ་གྲངས༨༠སྐོར་ཞིག་འདུག་པ་དེ་དག་ཕལ་ཆེ་བ་དུས་རབས༡༣–༢༠ བར་དུ་བརྩམས།  ཁ་གྲངས་དེ་དག་ཀྱང་རིག་གནས་གསར་བརྗེའི་ རྗེས་ཀྱི་འགོད་ཐོ་ཡིན་པས།  ཆ་ཚང་བ་ནི་མ་ཡིན་པ།  ①  ཞེས་དང་།  དེ་བཞིན་དུ་བོད་ ལྗོངས་ཡིག་ཚགས་ཅུས་ཀྱི་ནང་དུའང་།  ལོ་རྒྱུས་ཡིག་ཆ་སོགས་ཤོག་དྲིལ་ས་ཡ་གསུམ་ཡོད་ པར་གྲགས།  ② ཞེས་པ་སོགས་ཀྱིས་མཚོན་པའི་འདས་ཟིན་པའི་སྔོན་བྱུང་གི་བྱ་བ་ཐོ་ཡིག་ ཏུ་བཀོད་པའི་ལོ་རྒྱུས་ཀྱི་ཡིག་ཚང་ནི་དངོས་གནས་གཞི་རྒྱ་ཆེན་པོ་ཞིག་ཡོད་ཀྱང་།  རང་རེ་བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་མཛད་མཁན་གྱི་ཤིང་རྟ་བ་ནི་རང་སྡེ་མ་ཡིན་པར་གཞན་་་སྡེའི་རིགས་ཡིན་པ་ལ་རང་ཅག་གི་བསམ་གཞིག་གི་སྒོ་འཕར་ཡངས་པོར་ཕྱེས།
      དེ་ཡང་བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་མཛད་མཁན་གྱི་ཤིང་རྟ་བ་ནི་གཞན་དྲིང་མ་འཇོག་པའི་སློབ་དཔོན་ཆེན་མོ་སུང་ལིན(孙林)མཆོག་ཡིན་ལ།  ཁོང་གིས་བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ལ་ཆེད་དམིགས་ཉམས་ཞིབ་གནང་བའི་དཔྱད་འབྲས་སུ་ཕུལ་བའི《བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་སྤྱི་དོན》ཞེས་བྱ་བ་ནི་བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་སྐོར་གྱི་ཆེད་རྩོམ་ཐོག་མར་ངེས་པས། ཁོང་གི་མཛད་པ་ཕྲིན་ལས་ལ་རྗེས་སུ་ཡི་རང་གི་གནས་ སུ་བཀུར་རིགས་སོ། །  དེ་ལ་འདིར་ཁོང་གིས་བསྟན་བཅོས་དེར་བོད་ཀྱི་ལོ་རྒྱུས་རིག་པ་བྱུང་ཞིང་འཕེལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་དུས་རིམ་ལྔར་ཕྱེས་འདུག་དག་རེ་རེ་བཞིན་ཅུང་ཟད་སྤྲོས་ན།
      དུས་རིམ་དང་པོ།  བོད་བཙན་པོའི་དུས་སྐབས་ཏེ།  དུས་ཀྱི་དབང་དུ་བྱས་ན་དུས་ རབས་བདུན་པ་ནས་དུས་རབས་དགུ་བའི་དབར་དུ་ངེས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་རིག་ པའི་རྨང་འདིང་ཞིང་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ཡིན།  དེ་ལ་ཡོངས་གྲགས་སུ་ཕྱི་ལོ༦༣༣པར་སློབ་དཔོན་ཐོན་མི་སམ་བྷོ་ཊས་ཆོས་རྒྱལ་སྲོང་བཙན་པོའི་བཀའ་གཙུག་ཏུ་བཀུར་ནས། རྒྱ་གར་དུ་སློབ་དཔོན་ལི་བྱིན་དང་པཎ་ཊི་ཏ་ལྷ་རིག་པའི་སེང་གེ་དགེ་རྒན་དུ་བསྟེན་ ཏེ་ལོ་བདུན་གྱི་ཡུན་ལ་ཡིག་རིགས་སྣ་ཚོགས་སུ་མཁས་པར་སྦྱངས་ཤིང་།  ཕྱིར་ལོག་སྟེ་བོད་ ཀྱི་ཡི་གེ་གསར་གཏོད་མཛད་པར་བཞེད་པ་ནས།  ཕྱི་ལོ༨༤༢ཡས་མས་སུ་འབངས་གྱེན་ལོག ་བྱུང་སྟེ་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བའི་དབར་དུ། ཞོལ་རྡོ་རིང་དང་ དབོན་ཞང་རྡོ་རིང་སོགས་ཀྱི་མཚོན་པའི་རྡོ་རིང་གི་ཡི་གེ་དང་། ལོ་རྒྱུས་དོན་ཆེན་གནད་བསྡུས་སོགས་ཀྱི་མཚོན་པའི་ཏུན་ཧོང་གཏེར་ཡིག་གི་སྐོར་མང་པོ་ཡོད་དོ། །
      དུས་རིམ་གཉིས་པ།  སྨད་སིལ་འཐོར་གྱི་དུས་སྐབས་ཏེ།  དུས་ཀྱི་དབང་དུ་བྱས་ན་ དུས་རབས་དགུ་བ་ནས་དུས་རབས་བཅུ་གསུམ་པའི་དབར་དུ་ངེས་ཤིང་།  དེ་ནི་བོད་ཀྱི་ལོ་རྒྱུས་རིག་པའི་རིམ་བསགས་དང་རིམ་འགྱུར་གྱི་དུས་རིམ་ཡིན།  དེ་ལ་ཕྱི་ལོ༨༤༢ཡས་མས་ སུ་འབངས་གྱེན་ལོག་བྱུང་སྟེ་བོད་བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བ་ནས་ས་གནས་བཅད་བཟུང་གི་རྣམ་པས་ལུང་བ་རེ་ན་ཆོས་ལུགས་རེ། ས་ཆ་རེ་ན་དཔོན་པོ་རེ་ཞེས་པའི་ ཚུལ་དུ་གནས་ཏེ་ལོ་བཞི་བརྒྱ་ལྷག་ཙམ་ཕྱིན་ལ། མཐར་སྤྱི་ལོ་དུས་རབས་བཅུ་གསུམ་པར་ ས་སྐྱ་བའི་སྲིད་དབང་བཙུགས་པའི་དབར་དུ། མྱང་ཉི་མ་འོད་ཟེར་གྱིས་མཛད་པའི《མྱང་ ཆོས་འབྱུང》དང་། མཁས་པ་ལྡེའུས་མཛད་པའི《ལྡེའུ་ཆོས་འབྱུང》སོགས་ཀྱི་མཚོན་པའི་ ཆོས་འབྱུང་གི་སྐོར་དང་། ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི《རྒྱལ་རབས་གསལ་བའི་ མེ་ལོང》གིས་མཚོན་པའི་རྒྱལ་རབས་ཀྱི་སྐོར། སྦ་གསལ་སྣང་གི་བཞེད་པར་གྲགས་པའི《སྦ་བཞེད》དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པར་གྲགས་ཤིང་། ཇོ་བོ་རྗེས་གཏེར་ལས་བཏོན་པའི《བཀའ་ཆེམས་བཀའ་ཁོལ་མ》དང་།  《མ་ཎི་བཀའ་འབུམ》གྱིས་མཚོན་པའི་གཏེར་ལས་བཏོན་པ་ཁག་ཅིག་བཅས་ཡོད་དོ། །
      དུས་རིམ་གསུམ་པ། ཡོན་མིན་རྒྱལ་རབས་ཀྱི་དུས་སྐབས་ཏེ། དུས་ཀྱི་དབང་དུ་བྱས་ན ་དུས་རབས་བཅུ་གསུམ་པ་ནས་དུས་རབས་བཅུ་བདུན་པའི་དབར་དུ་ངེས་ཤིང་། དེ་ནི་བོད་ ཀྱི་ལོ་རྒྱུས་རིག་པའི་སྔར་སྲོལ་རྒྱུད་འཛིན་དང་གསར་གཏོད་ཀྱི་དུས་རིམ་ཡིན།  དེ་ལ་དུས་ རབས་བཅུ་གསུམ་པར་ས་སྐྱ་བའི་སྲིད་དབང་བཙུགས་པ་ནས། རིམ་གྱིས་ཕག་གྲུ་བ་དང་། རིན་སྤུངས་པ། གཙང་བ་སྡེ་སྲིད་བཅས་ཀྱིས་བོད་ཀྱི་སྲིད་དབང་གཅིག་རྗེས་གཉིས་མཐུད་ དུ་བསྐྱངས་པ་ཡིན་ལ། མཐར་ཕྱི་ལོ༡༦༤༢པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པའི་དབར་དུ། ཚལ་བ་ཀུན་དགའ་རྡོ་རྗེས་མཛད་པའི《དེབ་ཐེར་དམར་པོ》དང་། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི《རླངས་ཀྱི་པོ་ཏི་བསེ་རི་རྒྱས་པ》སོགས་སོ། །
      དུས་རིམ་བཞི་བ།  ཆིང་རྒྱལ་རབས་ཀྱི་དུས་སྐབས་ཏེ། དུས་ཀྱི་དབང་དུ་བྱས་ན་དུས་ རབས་བཅུ་བདུན་པ་ནས་དུས་རབས་ཉི་ཤུ་བའི་དབར་དུ་ངེས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་རིག་པ་འཕེལ་རྒྱས་དང་འཐུས་ཚང་དུ་འགྲོ་བའི་དུས་རིམ་ཡིན།  དེ་ལ་ཕྱི་ལོ༡༦༤༢པར་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཏེ་རྒྱལ་རབས་ལྔ་བ་ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་མངལ་གསོལ་བ་ནས། ཕྱི་ལོ༡༩༡༡པར་ཀྲུང་ཧྭ་མིན་གོ་དབུ་བརྙེས་པའི་དབར་དུ། རྒྱལ་དབང་ལྔ་བ་ཆེན་པོས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་བྱུང་བའོ། །
      དུས་རིམ་ལྔ་བ། ཀྲུང་ཧྭ་མིན་གོའི་དུས་སྐབས་ཏེ། དུས་ཀྱི་དབང་དུ་བྱས་ན་ཕྱི་ལོ༡༩༡༡ནས་ཕྱི་ལོ༡༩༤༩དབར་དུ་ངེས་ཤིང་། དེ་ནི་བོད་ཀྱི་ལོ་རྒྱུས་རིག་པའི་གསར་རྙིང་བརྗེ་བའི་དུས་རིམ་སྟེ།  ལོ་རྒྱུས་རིག་པ་གསར་བ་བྱུང་ཞིང་འཕེལ་བའི་དུས་རིམ་ཡིན། དུས་རིམ་ དེར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》མཛད་ནས་བོད་ཀྱི་ལོ་རྒྱུས་རིག་པ་གསར་བའི་སྒོ་འཕར་ཡངས་པོར་ཕྱེས།
      རྒན་སུང་ལིན་གྱི《བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་སྤྱི་དོན》ཞེས་པར་བོད་ཀྱི་ལོ་རྒྱུས་རིག་པ་བྱུང་ཞིང་འཕེལ་བའི་ལོ་རྒྱུས་དེ་གོང་གསལ་དུས་རིམ་ཆེན་པོ་ལྔར་ཕྱེས་ནས་བྱེ་བྲག་ཏུ་ཞིབ་བརྗོད་གནང་ཡོད་པ་ནི་སྔར་མེད་པའི་ལེགས་བཤད་གསར་བ་ཞིག་ཏུ་མཐོང་མོད། དེ་ཡང་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་རྫོགས་ཤིག་གང་ནས་ཡིན་ཏེ་མ་ཡིན་ནོ། ། གཞུང་དེར་ད་ལྟའི་ཆར་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་དབང་དག་གིས་ཉམས་ཞིབ་གནང་གིན་པའི་ཡ་ཐོག་ཞང་ཞུང་གི་ཤེས་རིག་སྐོར་དང་། སྒོས་སུ་དུས་རབས་སྔོན་མར་ལྕགས་ཡོས་ལོའི་དུས་འགྱུར་བྱུང་ཚུན་དུ་རང་ཅག་བོད་ཀྱི་ལོ་རྒྱུས་ཀྱི་གང་བརྗོད་པར་བྱ་བའི་གཞི་དང་།  དེ་ཇི་ལྟར་བརྗོད་པའི་ཚུལ། ཚུལ་དེ་ལ་འཇུག་པའི་དགོས་པ་བཅས་ལ་བློ་ ངོར་མི་ཤོང་བའི་འགྱུར་བ་སོང་འདུག་པ་སོགས་ཀྱི་སྐོར་གཞུང་དངོས་སུ་བྲིས་ཡོད་ཚོད་མི་འདུག་པས། དེ་ཡང་ཁོ་བོ་ཅག་འཇུག་པར་བྱ་བའི་གནས་ཤིག་གང་ནས་མིན་ཨང་།
      དེ་ན་འདིར་ཁོ་བོས་རང་རེ་བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ་དངོས་དང་།  ཙི་ནའི་ཡུལ་གྱི་ ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་གཞུང་དོན་གོང་བསྒྲིགས་ནས་བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་ཐོག་མའི་གླེང་བརྗོད་ཅེས་པ་འདི་ཀོ་འཕྲལ་མར་སྦྱར་བ་ལ་ནོངས་པ་ཅི་མཆིས་མཐོལ་ལོ་བཤགས།
ཟུར་མཆན།
① འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་།  ༢༠༡༠ལོ།  ཤ༥
②འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་།  ༢༠༡༠ལོ།  ཤ༥
ཟུར་ལྟའི་དཔྱད་ཡིག
གཅིག  བོད་ཡིག་གི་དཔྱད་ཡིག
༡  དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་སྨད།  མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོ།
༢ ཇོ་བོ་ཨ་ཏི་ཤས་གཏེར་ལས་བཏོན། བཀའ་ཆེམས་ཀ་ཁོལ་མ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོ།
༣ ཚལ་པ་ཀུན་དགའ་རྡོ་རྗེ།  དེབ་ཐེར་དཀར་པོ།  མི་རིགས་དཔེ་སྐྲུན་ཁང་།  ༡༩༨༡ལོ།
༤ ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་།  མི་རིགས་དཔེ་སྐྲུན་ཁང་།  ༡༩༨༡ལོ།
༥ རྒྱལ་དབང་ལྔ་པ་ཆེན་མོ།  བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  མི་རིགས་དཔེ་སྐྲུན་ཁང་།  ༡༩༥༧ལོ།
༦ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།  ཧྲགས་བསྡུས་དེབ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  ༢༠༡༡ལོ།
༧ ཐུབ་བསྟན་ཕུན་ཚོགས།  བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་རཱ་གའི་ལྡེ་མིག  མི་རིགས་དཔེ་སྐྲུན་ཁང་།  ༢༠༠༦ལོ།
༨ ནམ་མཁའི་ནོར་བུ།  ཞང་བོད་ལོ་རྒྱུས་ཏི་སེའི་འོད།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༡༩༩༦ལོ།
༩  རེབ་གོང་རྡོ་རྗེ་མཁར།  བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༠ལོ།
༡༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།  བསྟན་པ་སྔ་དར་གྱི་ཆོས་འབྱུང་འབྲེལ་ཡོད་དང་བཅས་པའི་དུས་རབས་ཀྱི་མཐའ་དཔྱོད་འཕྲུལ་གྱི་མེ་ལོང་།
༡༡ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྟོད་སྨད། སྲོང་བཙན་དཔེ་མཛོད་ཁང་།
༡༢ རྒྱལ་མོ་འབྲུག་པ།  བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། མི་རིགས་དཔེ་སྐྲུན་ཁང་།  ༡༩༩༥ལོ།
༡༣ ཕུན་ཚོགས་ཚེ་རིང་། དེབ་ཐེར་ཀུན་གསལ་མེ་ལོང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༡༡པར་པར་གཞི་གཉིས་པ།
༡༤ དགེ་འདུན་ཆོས་འཕེལ།  དེབ་ཐེར་དཀར་པོ།  མི་རིགས་དཔེ་སྐྲུན་ཁང་།  ༢༠༠༢ལོ།
༡༥ ཆ་རིས་སྐལ་བཟང་ཐོགས་མེད།  བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༧ལོ།
༡༦ དགའ་རྡོ་རྗེ་ཐར།  བཙན་པོའི་མཚན་གྱི་མཐའ་དཔྱོད་ཀུན་རིག་འཕྲུལ་མདའ།
༡༧ ཕྱོགས་སྟོན།  བོད་ཀྱི་ལོ་རྒྱུས་ལ་དབྱེ་ཞིབ་བྱས་པའི་ཐོག་མའི་དཔྱད་གཏམ།  ཕོ་བྲང་དམར་པོའི་ལས་སྒྲུབ་ཁང་།
༡༨ དུང་དཀར་བློ་བཟང་འཕྲིན་ལས་དང་དར་མདོ་བཀྲ་ཤིས་དབང་འདུས།  བོད་ཀྱི་རིག་ གནས་དང་ལོ་རྒྱུས་ཀྱི་རེའུ་མིག་ངོ་མཚར་ཀུན་སྣང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༧ལོ།
༡༩ ཞོ་ར་པད་མ་དབང་ཆེན།  བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཀྱི་དོགས་གནད་འགའ་ཞིག་ལ་དཔྱད་པ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩ལོ།
༢༠ ཆབ་སྤེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་ཆུང་།  ལོ་རྒྱུས་ཀྱི་ཉམས་དཔྱོད་མཁན་པོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  ༢༠༠༨ལོ།
གཉིས།  རྒྱ་ཡིག་གི་དཔྱད་ཡིག
⒈瞿林东著《中国史学史纲》,北京师范大学出版社,北京,2010年1月
⒉李红岩著《史学史话》,社会科学文献出版社,北京,2009年9月
⒊玉树民著《中国史学史纲要》,中华书局,北京,1997年9月
⒋郭圣铭编著《西方史学史概要》,上海人民出版社,上海,1983年10月
ཞར་བཀོད།

སློབ་དཔོན་ཆེན་མོ་སུང་ལིན་མཚམས་སྦྱོར་མདོར་བསྡུས།

       སློབ་དཔོན་ཆེན་མོ་སུང་ལིན(孙林)མཆོག་ནི་ཕྱི་ལོ༡༩༦༣པའི་ཟླ་༦པར་ཨན་ཧུའེ་ཞིང་ ཆེན་ཧྥུའུ་ནན་རྫོང་དུ(安徽省阜南县)སྐུ་འཁྲུངས་པ་དང་།  མཚན་ཉིད་རིག་པ(ཆོས་ལུགས་རིག་པ)འི་འབུམ་རམས་པ་ཡིན་ལ། ཁོང་ནི་བོད་ལྗོངས་མི་རིགས་སློབ་གླིང་མི་རིགས་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་དང་། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  ཁོང་གིས《འཛམ་གླིང་ཆོས་ལུགས་ཞིབ་འཇུག》དང་། 《ཀྲུང་གོའི་བོད་རིག་པ》《ཆོས་ལུགས་རིག་པའི་ཞིབ་འཇུག》《མི་རིགས་རིག་གཞུང་དུས་དེབ》《བོད་ལྗོངས་ཞིབ་འཇུག》སོགས་རྒྱལ་ཁབ་ཕྱི་ནང་གྲགས་ཆེ་བའི་དུས་དེབ་སྣ་ཚོགས་སུ་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ལ་བསྟན་བཅོས་བཞི་དཔར་དུ་བསྐྲུན་ཅིང་།  ཞིབ་འཇུག་གི་རྣམ་གྲངས་བཅུ་གཅིག་ལ་མགོ་འཛིན་དང་ལས་ཞུགས་བགྱིས་མྱོང་བར་མ་ཟད།  ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་དགུ་ཐོབ་མྱོང་། ཕྱི་ལོ༢༠༡༢པའི་ཟླ༨ཚེས༢༦ཉིན་ཁོང་དང་ཀྲང་ཡེ་ཧྥུན་རྣམ་གཉིས་བོད་ལྗོངས་ཆབ་མདོར་རྟོག་ཞིབ་གནང་བའི་དུས་སུ་གཟིམ་ཁྲིའི་མཐའ་ཅན་དུ་གྱུར།  ཁོང་གིས་མཛད་པའི་ཡིག་འབྲུ་འབུམ་གསུམ་དང་ཁྲི་དྲུག་གི་བདག་ཉིད་ཅན་གྱི《བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་སྤྱི་དོན》ཞེས་པ་ནི་ཕྱི་ལོ༢༠༠༦ལོ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའོ། །
       ཞེས་ཕྱི་ལོ༢༠༡༤ལོའི་ཟླ༣པའི་ཚེས༥ཉིན་སྦྱར་བ་ལ་འདིས་ཀྱང་བོད་ཀྱི་ལོ་རྒྱུས་རིག་པའི་བསྟན་པ་ཕྱོགས་བཅུར་རྒྱས་པའི་རྒྱུར་ཅིག ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།