བུད་མེད་ཀྱི་མིང་མཐར་འ་འཚོ་དང་མ་མཚོ་གཉིས་ལས་གང་ཞིག་འབྲི་དགོས་མིན་ལ་དཔྱད་པ།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-05 08:48:00 ཀློག་གྲངས།:
      མཚོ་ནི་ཨ་མདོའི་བུད་མེད་ཀྱི་མིང་གི་གྲུབ་ཆའི་གཙོ་བོ་ཞིག་རེད། ད་ལྟ་ཨ་མདོའི་བུད་མེད་ཀྱི་མིང་མཐའི་མཚོ་དེ་འ་འཚོ་འབྲི་བ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ལ་ལས་ཞིབ་ཏུ་བསམ་ཁུལ་གྱིས་ལ་ལར་མ་མཚོ་དང་ལ་ལར་འ་འཚོ་འབྲི་བཞིན་ཡོད། སྤྱིར་ན་མི་ཞིག་གི་མིང་ནི་དེ་འདྲ་གལ་ཆེན་ཞིག་མིན་ན་ཡང། མཚོ་ཞེས་པ་འདི་ནི་བོད་ཀྱི་མིང་གི་རིག་གནས་ཀྱི་གྲུབ་ཆ་ཆེན་པོ་ཞིག་ཡིན་ལ། མི་ཞིག་ལ་མཚོན་ན་རང་གི་མིང་ཡང་འབྲི་མ་ཤེས་ན་དེ་ལས་ལྷག་པའི་ངོ་ཚ་ཆེན་པོ་ཞིག་མེད། དེ་བས་བོད་ཀྱི་བུད་མེད་ཀྱི་མིང་གི་གྲུབ་ཆ་འདི་ལ་ཞིབ་ཏུ་དཔྱད་ནས་བོད་ཀྱི་མིའི་མིང་གི་རིག་གནས་ཆ་ཇེ་ཚང་དུ་འགྲོ་བར་སྐུལ་འདེད་ཀྱི་སླད་དུ་མཚོ་ཞེས་པ་འདིར་འ་འཚོ་འབྲི་དགོས་སམ། མ་མཚོ་འབྲི་དགོས་པའི་ཚུལ་ལ་ཅུང་ཟད་དཔྱད་པར་འདོད་དོ། །
      དེང་སང་ལ་ལས་བུད་མེད་ཀྱི་མིང་གི་ནང་དོན་ལ་བསམ་ཁུལ་གྱིས་ལྷ་མོ་མཚོ་ལྟ་བུ་ནི་ལྷ་མོ་ལ་བརྟེན་ནས་འཚོ་བའི་དོན་ཡིན་པས་འ་འཚོ་འབྲི་དགོས་ཟེར་བ་དང་། ལ་ལས་བུད་མེད་ནི་བོད་ཀྱི་འཚོ་བའི་བདག་མོ་ཡིན་པས་འ་འཚོ་འབྲི་དགོས་ཟེར་ལ། ལ་ལས། དུང་མཚོ་དང་གཡུ་མཚོ་ལྟ་བུ་མ་མཚོ་དང་ལྷ་མོ་མཚོ་དང་སྒྲོལ་མ་མཚོ་ལྟ་བུར་སྒྲོལ་མ་དང་ལྷ་མོ་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན་པས་འ་འཚོ་འབྲི་དགོས་ཞེས་འ་འཚོ་འབྲི་བཞིན་ཡོད། སྔ་མ་ཀན་ལྷོའི་ཕྱོགས་སུ་ཁྱབ་ཆེ་ལ《ཟླ་ཟེར》རྩོམ་སྒྲིག་ཁང་གིས་ཡོངས་ཁྱབ་ཏུ་འ་འཚོ་སྤྱད་པ་ལ་བརྟེན་ནས་བྱུང་བར་མངོན། ཕྱི་མ་ནི་མཚོ་སྔོན་ཕྱོགས་ན་དར་ཁྱབ་ཏུ་འགྲོ་བཞིན་ཡོད། ཡང་སྐོར་ཞིག་གིས་བུད་མེད་ཀྱི་མིང་དག་མཐའ་གཅིག་ཏུ་མ་མཚོ་འབྲི་བཞིན་འདུག
      མཚོ་དང་འཚོ་ཞེས་པའི་ཐ་སྙད་འདི་གཉིས་ལ་དཔྱོད་དུས་ངས་ད་སྔ་དག་ཡིག་མང་བོ་ལ་བལྟས་མོད། ཚིག་མཛོད་དག་ན་འདིའི་སྐོར་ཅི་ཡང་བཤད་མི་འདུག ཐ་ན་མཚོའམ་འཚོ་ཞེས་པ་མིའི་མིང་ལ་འཇུག་པ་ཡང་གསལ་བོར་བཤད་མེད། བོད་ཀྱི་མིའི་མིང་ལ་ཞིབ་འཇུག་བྱས་པའི་ཆེད་རྩོམ་དག་ལ་བལྟས་མོད། འ་འཚོ་དང་མ་མཚོ་འབྲི་དགོས་པའི་སྐོར་ཅི་ཡང་བརྗོད་མི་འདུག ཡིན་ན་ཡང་། 《རྒྱ་བོད་ཀྱི་མིའི་མིང་ཚིག་མཛོད》ལས། ལ་ལར་འ་འཚོ་དང་ལ་ལར་མ་མཚོ་བྲིས་ཁུལ་བྱས་ཡོད་མོད། དེ་དག་གི་གནད་ལ་འགྲེལ་བ་ཅི་ཡང་བྱས་མེད། དེ་བཞིན《བོད་ལྗོངས་ཞིབ་འཇུག》སོགས་ཀྱིས་རྩོམ་པ་བོས་འ་འཚོ་བྲིས་ན་འ་འཚོ་དང་མ་མཚོ་བྲིས་ཡོད་ན་མ་མཚོ་འབྲི་བ་ལས་རང་ལུགས་ཀྱི་གཏད་སོ་ཅི་ཡང་མེད་པས་དེབ་གཅིག་ཏུ་ཡང་འ་འཚོ་དང་མ་མཚོ་གཉིས་ཀ་བྲིས་འདུག གལ་ཏེ་འདོད་ཚུལ་སྔ་མ་གཉིས་ཀྱིས་ལྷ་མོ་ལ་བརྟེན་ནས་འཚོ་བའི་དོན་དུ་ལྷ་མོ་འཚོ་དང་སྒྲོལ་མ་འཚོ་ཞེས་འགྲེལ་ལ། དེ་ལྟར་ན་ལྷ་མོ་མཚོ་མོ་དང་། སྒྲོལ་མ་མཚོ་མོ་ལ་ཇི་ལྟར་འགྲེལ་ལམ། གལ་ཏེ་ལྷ་མོ་མཚོ་དང་སྒྲོལ་མ་མཚོ་ལ་འ་འཚོ་འབྲི་དགོས་ན་ལྷ་མོ་མཚོ་མོ་དང་། སྒྲོལ་མ་མཚོ་མོ་གཉིས་ལའང་འ་འཚོ་འབྲི་དགོས་ཏེ་ལྷ་མོ་མཚོ་ནི་ལྷ་མོ་མཚོ་མོའི་མིང་བསྡུས་པ་ཡིན་ལ། སྒྲོལ་མ་མཚོ་ནི་སྒྲོལ་མ་མཚོ་མོའི་མིང་བསྡུས་པ་ཡིན་པས་སོ། །
      དེ་བཞིན་ཡེ་ཤེས་མཚོ་དང་ཡེ་ཤེས་མཚོ་མོ། སྒྲོལ་མཚོ། སྒྲོལ་མ་མཚོ་དང་སྒྲོལ་མ་མཚོ་མོ། སྒྲོལ་མ་ལྷ་མཚོ། རྟ་མགྲིན་མཚོ་དང་རྟ་མགྲིན་མཚོ་མོ། ལྷ་མོ་མཚོ་དང་ལྷ་མོ་མཚོ་མོ། ལྷ་མཚོ།  གདུགས་དཀར་མཚོ་དང་གདུགས་དཀར་མཚོ་མོ། དཀར་མོ་མཚོ་དང་དཀར་མཚོ་སོགས་ཀྱི་མཚོ་མོ་དེ་དག་ལ་འགྲེལ་ཇི་ལྟར་བྱེད་དམ། གནད་འདི་ལ་ཅི་བཤད་གཏོལ་མེད་དུ་གྱུར་པའི་དབང་གིས་ལ་ལས་མིང་གི་དོན་ལ་བོད་ཀྱི་བུད་མེད་ནི་འ་འཚོ་འབྲི་དགོས་པ་འཚོ་བའི་བདག་མོ་ཡིན་པའི་རྐྱེན་གྱིས་ཡིན་ཞེས་སྔོན་མེད་ཀྱི་རྫུན་ཆེན་པོ་ཞིག་བཤད་ནས་བུད་མེད་ཀྱི་མིང་མཐར་མཐའ་གཅིག་ཏུ་འ་འཚོ་འབྲི་བ་དང་། དེ་བས་ཀྱང་ཐལ་ཆེ་ནས་མཚོ་མོ་དང་དུང་མཚོ། གཡུ་མཚོ་ལྟ་བུ་ལ་ཡང་འཚོ་མོ་དང་དུང་འཚོ། གཡུ་འཚོ་ཞེས་འ་འཚོ་འབྲི་བ་ནི་ཉ་དང་ཉུང་མ་བསྲེས་པ་མ་ཟད་རྫོབ་ལས་ཀྱང་རྫོབ་ཏུ་བཏང་བ་ལས་མེད་དོ། །
      ཁྱེད་ཀྱིས་ད་དུང་ཡེ་ཤེས་མཚོ་དང་ཡེ་ཤེས་མཚོ་མོ། སྒྲོལ་མཚོ། སྒྲོལ་མ་མཚོ་དང་སྒྲོལ་མ་མཚོ་མོ། སྒྲོལ་མ་ལྷ་མཚོ། རྟ་མགྲིན་མཚོ་དང་རྟ་མགྲིན་མཚོ་མོ། ལྷ་མོ་མཚོ་དང་ལྷ་མོ་མཚོ་མོ། ལྷ་མཚོ། གདུགས་དཀར་མཚོ་སོགས་ལ་འ་འཚོ་ལས་མ་མཚོ་གཏན་ནས་མི་འབྲི་ཞེས་ད་དུང་ཨུ་ཚུགས་བྱེད་ན་འོ་ན་ཁྱེད་ཀྱིས་ལྷ་མོ་རྒྱ་མཚོ་དང་།སྒྲོལ་མ་རྒྱ་མཚོ། རྟ་མགྲིན་རྒྱ་མཚོ། གདུགས་དཀར་རྒྱ་མཚོ། བསྟན་འཛིན་རྒྱ་མཚོ་སོགས་ལའང་འ་འཚོ་འབྲི་དགོས་པ་ཡིན་ནམ། དེའི་གནད་ཀྱང་རྒྱ་མཚོ་ཞེས་པས་ཕོ་དང་མཚོ་མོའམ་མཚོ་ཞེས་པས་མོ་མཚོན་པས་མིན་ན་གནད་གཞན་གང་ཞིག་ཡིན་ནམ།
      ང་ཚོའི་བོད་ཀྱི་མིའི་མིང་གི་རིག་གནས་ཟེར་ན་ཡང་འདྲ། གོམས་སྲོལ་ཞེས་བརྗོད་ན་ཡང་ཆོག་སྟེ། དཔེར་ན་རྟ་མགྲིན་སྐྱིད་དང་རྟ་མགྲིན་སྐྱབས། གདུགས་དཀར་སྐྱིད་དང་གདུགས་དཀར་སྐྱབས། ལྷ་མོ་སྐྱིད་དང་ལྷ་མོ་སྐྱབས། སྒྲོལ་དཀར་སྐྱིད་དང་སྒྲོལ་དཀར་སྐྱབས་ལྟ་བུ་སྐྱིད་ཀྱིས་བུད་མེད་ཀྱི་མིང་དང་སྐྱབས་ཀྱིས་སྐྱེས་པ་མཚོན་པ་བཞིན། བུད་མེད་ཀྱི་མིང་མཐར་མཚོ་འབྲི་དགོས་ལ་སྐྱེས་པའི་མིང་མཐར་རྒྱ་མཚོ་ཞེས་འབྲི་དགོས། དེ་ནི་དཔེ་གསལ་བོ་འདི་ལས་ཤེས་དགོས་ཏེ། རྒྱ་མཚོ་ཞེས་པ་ཕོ་དང་། དེ་ཟླས་དྲངས་ནས་མཚོ་མོ་ཞེས་པས་མོ་མཚོན་པས་ཏེ། སྒྲོལ་མ་མཚོ་དང་སྒྲོལ་མ་རྒྱ་མཚོ། ལྷ་མོ་མཚོ་དང་ལྷ་མོ་རྒྱ་མཚོ། ཡེ་ཤེས་མཚོ་དང་ཡེ་ཤེས་རྒྱ་མཚོ། རྟ་མགྲིན་མཚོ་དང་རྟ་མགྲིན་རྒྱ་མཚོ། ལྷ་མོ་མཚོ་དང་ལྷ་མོ་རྒྱ་མཚོ། གདུགས་དཀར་མཚོ་དང་གདུགས་དཀར་རྒྱ་མཚོ། བསོད་ནམས་མཚོ་དང་བསོད་ནམས་མཚོ་མོ། བསོད་ནམས་རྒྱ་མཚོ། བཀྲ་ཤིས་མཚོ་དང་བཀྲ་ཤིས་མཚོ་མོ།  བཀྲ་ཤིས་རྒྱ་མཚོ་སོགས་བསྡུར་ནས་དཔྱད་ན་ཤིན་ཏུ་གསལ་བས་མང་བོ་ཞིག་བརྗོད་དོན་མི་འདུག
      དེ་བཞིན་སྔོན་མཁས་པ་དག་གི་གཞུང་ཀུན་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་མཚོ་འབྲི་བ་ལ་གཅིག་མཐུན་ཡིན་ལ། འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས། ཡུམ་ཇོ་ཟི་བཟའ་བཀྲ་ཤིས་མཚོ་དང་། ཀློང་ཆེན་རབ་འབྱམས་པས་ཀློང་ཆེན་ཆོས་འབྱུང་ལས། མ་གི་བཟའ་རིན་ཆེན་མཚོ་དང་། ཤེལ་དཀར་བཟའ་རྡོ་རྗེ་མཚོ་སོགས་དང་། ཀུན་མཁྱེན་འཇིགས་མེད་དབང་བོས་ཅོ་ནེའི་བསྟན་འགྱུར་གྱི་དཀར་ཆག་ལས། བཙུན་མོ་དམ་པ་རྣམ་རྒྱལ་མཚོ། དཔོན་མོ་བློ་བཟང་མཚོ། གླི་བཟའ་མཁའ་འགྲོ་མཚོ། རྡོ་རྗེ་མཚོ་སོགས་དང་། ཀོང་སྤྲུལ་གྱི་ཡོན་ཏན་མཛོད་ལས། ཇོ་མོ་སྨན་མོ་དུང་མཚོ་རས་པ་ཆེ། ཞེས་དང་།   གུང་ཐང་བསྟན་པའི་སྒྲོན་མེས་ཐུའུ་བཀྭན་རྣམ་ཐར་ལས། རི་བཟའ་ཆོས་མཚོ་སྐྱིད་སོགས་དང་། བྲག་དགོན་བསྟན་པ་རབ་རྒྱས་ཀྱིས་མདོ་སྨད་ཆོས་འབྱུང་ལས། གཞན་ཕན་ཆོས་མཚོ་དང་། ཨ་རིག་གཡས་ཆེན་བཟའ་སྐྱིད་མཚོ། ཡུམ་སྒྲོལ་མ་མཚོ་སོགས་དང་། རྗེ་དམུ་དགེ་བསམ་གཏན་གྱིས། ཡུམ་བསོད་ནམས་མཚོ་དང་། ཡུམ་སྟག་ལ་མཚོ་སོགས་སྔོན་བྱོན་མཁས་པ་ཚད་ལྡན་འདི་དག་གིས་མ་མཚོ་ཁོ་ན་བྲིས་ཡོད་པ་འདི་ནི་བློ་ལྡན་དག་གི་བློ་གྲོས་ཀྱི་སྒྲོན་མེ་སྦར་བའི་མེ་སྟག་འབའ་ཞིག་ལགས་སོ། ། དེ་བས་དེང་སང་འཚོ་འབྲི་བ་ནི་བོད་ཀྱི་སྲོལ་དང་མི་མཐུན་ལ་མཁས་པའི་གཞུང་དང་འགལ་བའི་རང་བཟོ་དང་། མ་དག་རྒྱུན་འབྱམས་སུ་སོང་བའི་ནོར་འཁྲུལ་གྱི་འབྲི་སྟངས་ཤིག་ཡིན་པས་ཡ་རབས་བློ་ལྡན་དག་གིས་ནོར་བ་ལ་ནོར་བར་མཐོང་བ་ནི་ཤིན་ཏུ་གལ་ཆེ།
      སྔོན་བྱོན་མཁས་པའི་གསུང་ན་སྐྱེས་པའི་མིང་མཐར་རྒྱ་མཚོ་ཞེས་པ་བྱུང་ན་མ་མཚོ་ མཚོ་རྐྱང་བྱུང་ན་བུད་མེད་ཀྱི་མིང་དང་ཁྱད་འབྱེད་པའི་ཕྱིར་ཏུ་སྐྱེས་པ་ལ་འ་འཚོ་དང་བུད་མེད་ཀྱི་མིང་མཐར་མ་མཚོ་བྲིས་ཡོད་དེ། དཔེར་ན། ཐོ་ཐོ་རིའི་རིང་ལ་བོད་དུ་བྱོན་པའི་སློབ་དཔོན་བློ་བསམ་འཚོ། རྣལ་འབྱོར་སྤྱོད་པའི་དབུ་མའི་སྲོལ་འབྱེད་སློབ་དཔོན་ཞི་བ་འཚོ་དང་། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་རྩོམ་མཁན་སློབ་དཔེ་ལེགས་འཚོ། ལོ་ཙཱ་བ་རིན་ཆེན་འཚོ་ལྟ་བུ་སྟེ་སྔོན་བྱོན་མཁས་པ་དག་གིས་སྐྱེས་པའི་མིང་མཐར་འ་འཚོ་ཁོ་ན་འབྲི་བ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། འ་མོ་མཚོ་སོགས་བུད་མེད་ཀྱི་མིང་མཐར་མ་མཚོ་འབྲི་བཞིན་ཡོད་པ་གོང་དུ་བརྗོད་པས་སོ། །དེ་བཞིན་གངས་འཚོ་ཟེར་དུས་སྐྱེས་པའི་མིང་དང་། གངས་མཚོ་ཟེར་དུས་སྐྱེས་མའི་མིང་ཡིན་པའི་གནད་ཀ་འདི་གསལ་བོར་ཤེས་དགོས་སོ། །ཡང་ད་ལྟའི་མཁས་པ་ལ་ལས་གནད་དེར་བརྩི་འཇོག་ཅི་ཡང་མེད་པར་བློ་བསམ་འཚོ་དང་། སློབ་དཔོན་ཞི་བ་འཚོ། སློབ་དཔོན་དཔེ་ལེགས་འཚོ། ལོ་ཙཱ་བ་རིན་ཆེན་འཚོ་སོགས་ལ་ཡང་མཁས་པ་ལ་ལས་བློ་བསམ་མཚོ་དང་། སློབ་དཔོན་ཞི་བ་མཚོ། སློབ་དཔོན་དཔེ་ལེགས་མཚོ། ལོ་ཙཱ་བ་རིན་ཆེན་མཚོ་སོགས་འབྲི་བ་ནི་དཔའ་ཐལ་ཆེ་བའོ། །      གོང་གི་རྒྱུ་མཚན་དེ་དག་ལས་བལྟས་ན་སྐྱེས་པའི་མིང་མཐར་འ་འཚོ་དང་བུད་མེད་ཀྱི་མིང་མཐར་མ་མཚོ་འབྲི་བ་ནི་སྔོན་བྱོན་མཁས་པའི་གསུང་དང་མཐུན་ལ། བོད་ཀྱི་གོམས་སྲོལ་དང་ཡང་མཐུན་ཏེ། མཚོ་དང་མཚོ་མོ་ཞེས་པས་མོ་མཚོན་ལ། རྒྱ་མཚོ་ཞེས་པས་ཕོ་མཚོན་པ་ནི་བོད་ཀྱི་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབའ་ཞིག་ལགས་སོ། །
      ཞེས་པ་འདི་ཡང་དགེ་སློབ་མང་བོ་ཞིག་གིས་བུད་མེད་ཀྱི་མིང་མཐའི་མཚོ་གང་ཞིག་འབྲི་དགོས་ཞེས་དྲིས་པ་མང་དུ་བྱུང་བར་གོང་ལྟར་ལན་བཏབ་ན་ཡང་། ད་ལྟའི་ལག་ལེན་ལ་འདི་གཉིས་ནི་ཐག་གིས་མི་ཆོད་པའི་གནད་དོན་ཅིག་ཏུ་གྱུར་ཅིང་། དུས་དེབ་དག་ལས་ཀྱང་ངེས་གཏད་ཅི་ཡང་མེད་པར་འབྲི་བཞིན་ཡོད་པས་ཁོང་རྣམ་པས་ཡིག་ཐོག་ཏུ་བཀོད་ན་མང་བོ་ཞིག་ལ་ཕན་ངེས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ཇ་ཡུན་གཅིག་ལ་ཤར་མར་བྲིས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།