བོད་སྐད་ཀྱི་སྐད་ཆའི་གནས་སྐབས་སྐོར་རགས་ཙམ་གླེང་བ།
ལེའུ་དང་པོ། སྐད་ཆའི་གནས་སྐབས་སྤྱིར་བསྟན་པ།
གཞུང་དོན་དངོས་ལ་འཇུག་བདེ་ཕྱིར།ཐོག་མར་གཞུང་གི་སྤྱི་ཁོག་ཟིན་པའི་ཐ་སྙད་དག་ལ་དཔྱད་དགོས་ཏེ།འདིར་སྐབས་སུ་བབ་པའི་དཔྱད་བྱ་ནི་སྐད་ཆའི་གནས་སྐབས་ཡིན་ཞིང་།དེ་ལ་དོན་ཚན་བཞི་རུ་བཀར་ཡོད་དེ། དེ་ནི་རིམ་པ་བཞིན་སྐད་ཆའི་གནས་སྐབས་ཀྱི་གོ་དོན་བཤད་པ་དང་། ངོ་བོ་དང་ཁྱད་ཆོས་བཤད་པ། དབྱེ་བ་དང་གྲུབ་ཚུལ་བཤད་པ། བྱེད་ནུས་བཤད་པ་བཅས་སོ། །
དོན་ཚན་དང་པོ། སྐད་ཆའི་གནས་སྐབས་ཀྱི་གོ་དོན་བཤད་པ།
སྐད་ཆའི་གནས་སྐབས(context)ཞེས་པའི་བརྡ་ཆད་འདི་ནི་སྤྱི་ལོ་༡༩༢༣ལོར་མིའི་རིགས་རིག་པ་བ་མཱ་ལེན་ནོ་སི་ཁེས་ཐོག་མར་གསར་དུ་བཏགས་པ་ནས་བཟུང་། སྐད་ཆ་རིག་པའི་ཞིབ་འཇུག་ཁྲོད་མེད་དུ་མི་རུང་བའི་ཐ་སྙད་གལ་ཆེན་ཞིག་ཏུ་གྱུར་ཡོད་ཀྱང་། སྐད་ཆ་རིག་པ་བ་རྣམས་ཀྱིས་ཞིབ་འཇུག་ཁྱབ་ཁོངས་མི་འདྲ་བ་དང་ཟུར་མི་འདྲ་བའི་དབང་གིས་སྐད་ཆའི་གནས་སྐབས་ལ་གོ་བ་ལེན་སྟངས་དང་ལྟ་ཚུལ་འདྲ་མིན་སྣ་ཚོགས་བཏོན་ཡོད་པ་དང་། ཞིབ་འཇུག་གི་གཏིང་ཟབ་ཚད་དང་གོ་བ་ལོན་ལུགས་ལ་ཁྱད་པར་ཡོད་གཤིས། ཡོངས་སུ་མཐུན་ཞིང་གཅིག་གྱུར་གྱི་གོ་དོན་ཞིག་ད་སྔར་བྱུང་མེད་ནའང་། སྤྱིའི་ཆ་ནས་གཅིག་མཐུན་གྱི་གོ་བ་ལེན་ལུགས་ཤིག་ཆགས་ཡོད།
དེ་ཡང་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་ཞལ་ནས། སྒྲ་དོན་ཇི་བཞིན་མི་ཤེས་པ་ལ། གོ་བ་རྣལ་མ་མི་སྐྱེད་ཞེས་པ་ལྟར་དུ། སྐད་ཆའི་གནས་སྐབས་ཞེས་པའི་བརྡ་ཆད་འདིའི་གདོད་མའི་གོ་དོན་ནམ་ངེས་ཚིག་ཇི་ལྟར་བྱུང་ལུགས་བཙལ་ན་ཚིག་གོང་འོག་དང་སྐད་ཆའི་མགོ་རྔ་ཙམ་ལ་གོ་བ་ལ། རིམ་བཞིན་སྐད་ཆ་རིག་པ་བ་རྣམས་ཀྱིས་གོ་བ་རྒྱ་བསྐྱེད་དེ་སྐད་ཆ་ལས་འདས་པའི་སྤྱི་ཚོགས་དང་རང་བྱུང་གི་ཁོར་ཡུག ལོ་རྒྱུས་དུས་རིམ་སོགས་མདོར་ན་སྐད་ཆར་རམ་འདེགས་ནུས་པའི་ཆ་རྐྱེན་ཡོད་ཚད་ལ་འདོད་ཀྱིན་ཡོད་ཅིང་། རྒྱའི་སྐད་ཆ་རིག་པ་བ་རྣམས་ཀྱིས་སྐད་ཆ་ཡི་ཁོར་ཡུག་གམ་ངག་སྦྱོར་གྱི་ཁོར་ཡུག་ཞེས་པ་བསྡུས་ཏེ语境ཟེར་བ་དང་། རང་རེའི་དམ་པ་གོང་མ་རྣམས་ཀྱི་གཞུང་དུ་འདིའི་སྐོར་གལ་ཆེ་ཚུལ་བརྗོད་པའི་ཁར། ལག་ལེན་ཏུའང་བསྟར་བཞིན་ཡོད་པ། ས་པཎ་མཁས་འཇུག་ཏུ་ཕལ་ཆེར་གནས་སྐབས་གཙོ་བོ་ཡིན་ཞེས་གསུངས་པས་ཤེས་ཤིང་། དེ་རུ་གནས་སྐབས་ཞེས་བརྗོད་ཡོད་མོད། དེ་ལ་ཆེད་དུ་བརྡ་ཆད་གཏན་དུ་ཁེལ་བ་ཞིག་སྦྱར་མེད་ལ། དེང་རབས་སྐད་ཆ་རིག་པའི་གཞུང་དུ་བརྗོད་པའི་སྐད་ཆའི་གནས་སྐབས་ཞེས་པ(context 语境)རང་ཅག་བློ་གསལ་རྣམས་ལ་ཐོག་མར་ཕྱི་གླིང་གི་གཞུང་ལུགས་ལས་དྲངས་ཏེ་ངོ་སྤྲོད་མཁན་ནམ་ནི་སྐུ་ཞབས་ནོར་བུ་རྒྱ་མཚོ་ལགས་ཡིན་པ་དང་། ཁོང་གིས་དེ་ལ་གནས་སྐབས་ཞེས་པའི་བརྡ་ཐོག་མར་སྦྱར་པ་རེད། ཁོས་“གནས་སྐབས་ཞེས་པའི་བརྡ་སྔར་གྱི་དོན་ལས་ད་ལྟ་གཞན་དུ་འགྱུར་ལ་ཉེ་ན་སྒྲ་རིག་པའི་ཁྲོད་ཀྱི་བརྡ་ཆད་དུ་བཞག་ན་མི་འོས་པར་འདོད་པ་མཆིས་སྲིད་ན་ཡང་ཕྲན་གྱིས་གཅིག་ཏུ་དམ་པ་གོང་མས་བརྡ་མཛད་པ་དེ་རང་སོར་བཞག་ནས་མཚན་ཉིད་སྐབས་དོན་ཕུན་སུམ་ཚོགས་པར་བཏང་ན། ལྟ་རྒྱ་ཅན་ཀུན་ལ་སྔར་ནས་གནས་སྐབས་བརྡའི་ད་ལྟའི་དོན་ལ་བརྟེན་ན་ཡང་བརྡ་ཆད་དུ་གྱུར་པའི་གནས་སྐབས་ཀྱི་དོན་ཕྱོགས་ཙམ་གོ་ནུས་པས་དེ་ལྟར་བཞག་པ་སྟེ། སུམ་རྟགས་སྐབས་ཀྱི་བརྡ་ཆད་བདག་གཞན་གྱིས་ཀྱང་བདག་གཞན་བཏགས་པ་བ་ཙམ་སྟོན་པ་ལས་ང་དང་ཁྱོད་ཅེས་པའི་དངོས་ཀྱི་དོན་མི་སྟོན་པས། གནས་སྐབས་ཀྱི་བརྡ་ཡང་དེ་བཞིན་བརྡ་ཆད་དུ་བཞག་པ་ཡིན ”[1]ཞེས་རིགས་པས་བསྒྲུབས་མོད། དེ་ནི་དོན་སྡུད་དྲགས་པས་སྐད་ཆ་ཡི་གནས་སྐབས་ཤིག་སྟོན་དཀའ། ཡང་ཁ་ཅིག་གིས་དེ་ལ་སྐད་ཆའི་རྒྱབ་ལྗོངས་ཞེས་པར་བསྡུས་ཏེ་སྐད་ལྗོངས་ཞེས་བཏགས་པ་སོགས་སྣང་ཡང་། དེ་ནི་བོད་རང་གི་གཞུང་ཆེན་དག་ཏུ་སྦྱར་པའི་བརྡ་ཆད་རྒྱབ་ཏུ་བསྐྱུར་ཏེ་རང་བཟོ་དང་གཞན་གྱི་བརྡ་ཆད་ཐད་བསྒྱུར་བྱས་པས་གོ་བ་གསལ་ལྷང་ངེ་བ་ཞིག་སྟོན་གྱིན་མེད། སྤྱིར་གནས་སྐབས་ཞེས་པའི་གནས་ནི་ཡུལ་དང་ཕྱོགས་རྣམས་ཀྱི་དོན་དང་། སྐབས་ནི་དུས་དང་དོན་གཅིག་པས་གནས་སྐབས་དང་ཡུལ་དུས། ཕྱོགས་དུས་སོགས་དོན་གཅིག་ཏུ་ངེས་པ། 《ཚོགས་གསུམ་གྱི་རྣམ་བཞག་དཔྱིད་ཀྱི་མྱུ་གུ》ཞེས་པ་ལས། འཆད་ཉན་ཕན་ཚུན་ལ་བརྡ་སྤྲོད་པར་བྱེད་ན་ཡུལ་དུས་ཀྱི་དབང་གིས་བརྗོད་དོན་སྟོན་པ་ནི་སྐད་ཆའི་ཆོས་ཉིད་ཅིག་གོ །དེ་ལ་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱིས་ཡུལ་དུས་སམ་གནས་སྐབས་ཞེས་པའི་ཐ་སྙད་བརྗོད་ཡོད་ཀྱང་། ཁ་ཅིག་གིས་སྐད་ཆའི་ཁོར་ཡུག་ཅེས་ཐད་བསྒྱུར་བྱས་ན་དགོས་པ་ཆེར་མེད་དོ། །[2]ཞེས་གསུངས་པ་སོགས་ནི་བདེན་པའི་གཏམ་དུ་མཆིས་ཀྱང་། འདིར་སྐད་ཆའི་སྦྱོར་བའི་སྐབས་ཀྱི་གནས་སྐབས་ལ་གོ་བཞིན་པས་སྐད་ཆའི་གནས་སྐབས་ཞེས་བརྡ་སྦྱར་ན་ལེགས་པར་སེམས།
རྒྱལ་ཁབ་ཕྱི་ནང་དང་མི་རིགས་རང་གི་ཞིབ་འཇུག་པ་དག་གིས་ཟུར་མི་འདྲ་བའི་སྒོ་ནས་གོ་དོན་བཞག་པ་ཁག་ཅིག་འདིར་བཀོད་ན་བློ་རྒྱ་སྐྱེད་པ་ལ་ཕན་དུ་རེ་བས། འདིར་དེའི་སྐོར་ཕྱོགས་བསྡུས་ཙམ་དྲངས་ན། སྐད་ཆའི་གནས་སྐབས་ཞེས་པ་ནི་དུས་ཚོད་དང་ས་གནས། ར་བ། ཡུལ་སོགས་ཕྱི་ཡུལ་གྱི་རྒྱུ་རྐྱེན་དང་སྐད་ཆ་འཆད་མཁན་གྱི་ཐོབ་ཐང་། བསམ་བློ། གཤིས་ཀ ལས་གནས། གནས་བབ། སེམས་ཁམས་སོགས་ནང་གི་རྒྱུ་རྐྱེན་འདུས་པའི་སྐད་ཆ་འཆད་སྐབས་ཀྱི་ཁོར་ཡུག་ལ་བྱ།[3]ཞེས་བཀོད་པ་དང་། ཡང་མཁས་པ་ལ་ལས། སྐད་ཆ་ནི་ནམ་ཡང་ཆ་རྐྱེན་ངེས་ཅན་ཞིག་གི་སྔོན་འགྲོའི་འོག་ཏུ་འཆད་པར་མ་ཟད། དེས་ཤུགས་རྐྱེན་དང་བཀག་རྒྱའང་ཐེབས་བཞིན་ཡོད། སྔོན་འགྲོའི་ཆ་རྐྱེན་འདིའི་རིགས་ནི་སྐད་ཆའི་གནས་སྐབས་ཡིན་[4]ཟེར་བ་དང་། ཡང་ལ་ལས། སྐད་ཆའི་གནས་སྐབས་ཟེར་བ་ནི་ལབ་གླེང་བྱེད་བཞིན་པའི་སྐབས་ཀྱི་ཁོར་ཡུག་གི་ཆ་རྐྱེན་དུ་མ་ཟད། གཏམ་འཆད་མཁན་དང་ཉན་མཁན་གཉིས་ཀྱི་ཐོབ་ཐང། ཕོ་མོའི་དབྱེ་བ། ལོ་ཚོད། ས་ཕྱོགས་གང་གི་མི་ཡིན་པ། འཆད་པ་པོ་དང་ཉན་པ་པོའི་གནས་བབ་རྒྱབ་ལྗོངས་སོགས་འདུ་ལ། དཔེར་ན། རིག་གནས་ཀྱི་རྒྱབ་ལྗོངས་དང་། སྐད་རིགས་ཀྱི་རྒྱབ་ལྗོངས། བསམ་བློའི་འདུ་ཤེས། ཡུལ་སྲོལ་གོམས་གཤིས་སོགས་དང་། མ་མཐའ་ཡང་འཆད་པ་པོས་ཉན་པ་པོ་ལ་བཤད་པའི་དམིགས་ཡུལ་འདུ་བའོ། །[5]ཞེས་གསུངས་ཤིང་། ཡང་ཁ་ཅིག་གིས། སྐད་ཆའི་གནས་སྐབས་ལ་འབྲེལ་འདྲིས་ཀྱི་ར་བ་ཟེར་ཀྱང་ཆོག་པ་དང་། འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ་ཕྱོགས་གཉིས་ཀ་སྦྲེལ་བ་དེ་ནི་འབྲེལ་འདྲིས་ཀྱི་ར་བ་ཡིན་ལ། འབྲེལ་འདྲིས་ཀྱི་ར་བ་ཡོད་པས་ད་གཟོད་འབྲེལ་འདྲིས་ཀྱི་བྱ་འགུལ་རྒྱུན་ལྡན་ལྟར་སྤེལ་ཐུབ་པ་དང་། རྒྱུན་ལྡན་ལྟར་ཕན་ཚུན་བརྡ་སྤྲོད་ཐུབ་བོ། །[6]ཞེས་དང་། ཡང་སྐད་ཆའི་གནས་སྐབས་ནི་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་བརྡ་ཐབས་ངེས་ཅན་ཞིག་པ་བརྟེན་ནས་དོན་ཁྱད་པར་བ་ཞིག་བརྗོད་སྐབས་ངག་སྦྱོར་གྱི་ཚིག་གི་གོང་འོག་དང་ངག་སྦྱོར་མ་ཡིན་པའི་ཕྱི་ནང་གི་རྒྱུ་རྐྱེན་དག་ལ་བརྟེན་པའི་མཚོན་ཐབས་སྣ་ཚོགས་ལ་བྱ། [7] ཞེས་པ་དང་། ཡང་སྐད་ཆའི་གནས་སྐབས་ནི་མི་རྣམས་ཀྱི་རང་བྱུང་གི་སྐད་ཆ་སྤྱད་དེ་ངག་སྦྱོར་གྱི་འབྲེལ་འདྲིས་བྱེད་པའི་སྐབས་གྱི་ངག་སྦྱོར་གྱི་ཁོར་ཡུག་ལ་བྱ།[8]ཟེར་བ་སོགས་རང་རང་གི་གོ་དོན་དང་ལྟ་ཚུལ་སྣ་ཚོགས་བརྗོད་ཡོད་ཅིང་། རང་རེའི་བོད་པའི་ཁྲོད་དུ་འདི་ལ་ཐོག་མར་གོ་དོན་ཞིག་བཞག་ཡོད་པ་ནི་སྐུ་ཞབས་ནོར་བུ་རྒྱ་མཚོས། འདིར་གནས་སྐབས་ཞེས་པའི་བརྡ་ནི་དུས་ཙམ་གྱི་དོན་མ་ཡིན་པར་སྨྲ་བ་པོས་ཕ་རོལ་པོ་གཏམ་སྨྲ་བའི་ཡུལ་དུས་ཏེ། སྨྲ་བ་པོའི་བརྗོད་འདོད་དང་ཉན་པ་པོའི་ཤེས་འདོད་ཀྱི་ཕྱིར་དུ་སྒྲ་དོན་གསལ་བོར་ངེས་བྱེད་ཀྱི་རྐྱེན་གང་ཟག་གི་ལོ་ཚོད་དང་གོམས་སྲོལ་ཤེས་ཡོན་མི་རིགས་སོགས་ཀྱི་ཆ་དང་། མི་དང་མིའི་བར་གྱི་འབྲེལ་བས་གྲུབ་པའི་སྤྱི་ཚོགས་དང་། གཏམ་དུ་སྨྲ་བའམ་ཡི་གེར་འབྲི་བའི་གནས་དང་དུས་ཚོད་སོགས་སྒྲ་དོན་ངེས་བྱེད་དང་། སྒྲའི་ཐོག་མའི་དོན་སྒྱུར་ནུས་པ་དང་། སྒྲ་ལ་ཐོག་མར་མིང་ཐོགས་ཐུབ་པའི་ཕྱི་ནང་གི་རྐྱེན་ཀུན་ལ་གནས་སྐབས་[9]ཞེས་པའི་བརྡ་འགྲེལ་དེ་ཡིན་ཞིང་། མདོར་ན་བརྗོད་འདོད་ཀྱིས་སྒྲ་དོན་མིང་ཚིག་འཕེལ་པའི་རྐྱེན་ཞིག་དང་ཤེས་འདོད་ཀྱིས་སྒྲ་དོན་ངེས་པའི་རྐྱེན་ཞིག་ཡིན།[10]ཞེས་བཀོད་ཡོད་པ་དང་། དགེ་རྒན་ལྕགས་ཐར་རྒྱལ་གྱིས་བརྩམས་པའི་《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ》རུ་སྒྲ་ཡངས་དོག་གཉིས་ཀྱི་སྒོ་ནས་བསྟན་ཡོད་པར་མ་ཟད། མཚན་ཉིད་མཚན་གཞི་དང་བཅས་པ་བཀོད་ཡོད་དེ། སྐད་ཆ་ནི་འགྲོ་བ་མིའི་ཁྱད་དབང་རྒྱུ་ནོར་དུ་ངེས་པས་མི་དང་འབྲེལ་བའི་ཆོས་ཐམས་ཅད་ཀྱང་སྐད་ཆའི་གནས་སྐབས་སུ་འགྱུར་རུང་བ་ནི་སྒྲ་ཡངས་འཇུག་གི་དབང་དུ་བྱས་ཀྱི། སྒྲ་དོག་འཇུག་ལ་མིང་གི་བརྗོད་དོན་དང་ཐད་ཀར་འབྲེལ་བའི་ཆོས་རྣམས་ལ་དེ་སྐད་ཅེས་བྱའོ། །སྐད་ཆའི་གནས་སྐབས་ཀྱི་མཚན་ཉིད་ཡོད་དེ། ངག་དང་ཡིག་སྐད་གང་རུང་གང་ཞིག་མིང་དོན་གྱི་གོ་བ་དང་འབྲེལ་བའི་ཕྱི་ནང་གི་རྐྱེན་དུ་གྱུར་པའི་ཆོས་རྣམས་སོ། །མཚན་གཞི་ནི། འཆད་པ་པོའི་ཡོན་ཏན་གྱི་ཆུ་ཚད་དང་། ཉན་པ་པོའི་ཀུན་སློང་ལྟ་བུའོ། །[11]ཞེས་དང་། ཕྲན་གྱི་མཁས་པ་སྔ་མས་གསུངས་པ་ལ་སྟེགས་བཅོས་ཏེ་གོ་དོན་ཞིག་འཇོག་ཁུལ་བགྱིད་ན། སྤྱིར་སྐད་ཆའི་གནས་སྐབས་ཞེས་པ་ནི་སྐད་སྤྱོད་རིག་པའི་ཁྱབ་ཁོངས་སུ་གླེང་བ་དང་། སྐད་སྤྱོད་རིག་པ་ནི་སྐད་ཆ་བཀོལ་སྤྱོད་དང་དེའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་པ་དང་། སྐད་ཆའི་གནས་སྐབས་ནི་སྐད་ཆ་བཀོལ་སྤྱོད་ལ་གྲུབ་ཆ་གསུམ(སྐད་ཆའི་གནས་སྐབས། ངག་སྦྱོར་སྤེལ་མཁན། ངག་སྦྱོར་གྱི་བརྗོད་དོན)ཚང་དགོས་པའི་ཡ་གྱལ་ཞིག་ཡིན་ཞིང་། ལ་ལས། སྐད་སྤྱོད་རིག་པ་ནི་སྐད་ཆའི་གནས་སྐབས་ཀྱི་རིག་པ་ཡིན་ཡང་ཟེར་ལ། དེ་བས་སྐད་ཆའི་གནས་སྐབས་ཀྱིས་སྐད་ཆ་བཀོལ་སྤྱོད་ཀྱི་གོ་རིམ་ཁྲོད་གོ་གནས་དང་བྱེད་ནུས་ག་འདྲ་ཐོན་མིན་དང་གྲུབ་ཆ་གསུམ་ཀའི་འབྲེལ་བ་སོགས་ལ་བརྟག་དགོས། (༡ སྐད་ཆའི་གནས་སྐབས་ནི་སྐད་ཆ་འཆད་པའི་ཁྲོད་ཀྱི་ཆ་རྐྱེན་དང་རྒྱབ་ལྗོངས་ཡིན་པ། ༢ སྐད་ཆའི་གནས་སྐབས་ཀྱིས་སྐད་ཆས་འབྲེལ་འདྲིས་བྱེད་ཐུབ་མིན་ལ་ཤུགས་རྐྱེན་ཐེབས་ཐུབ་པ། ) སྐད་ཆའི་གནས་སྐབས་ནི་སྐད་ཆའི་འབྲེལ་འདྲིས་མ་ལག་ཁྲོད་ཀྱི་གྲུབ་ཆ་གསུམ་གྱི་ཡ་གྱལ་ཡིན་ཕྱིན། སྐད་ཆའི་གནས་སྐབས་ནི་བྱེ་བྲག་གི་ངག་གི་སྦྱོར་བ་སྤེལ་བ་ལ་འབྲེལ་བ་དམ་དུ་མཆིས་ཤིང་། ངག་གི་སྦྱོར་བའི་མགོ་རྔ་ཡོངས་སུ་ལྡན་པ་དང་། ངག་སྦྱོར་སྤེལ་བ་ལ་ཆ་རྐྱེན་དང་རྒྱབ་ལྗོངས་ཀྱི་ནུས་པ་གལ་ཆེན་འདོན་པ། སྐད་ཆའི་གནས་སྐབས་ནི་རྒྱུ་རྐྱེན་སྣ་མང་གིས་གྲུབ་པའི་ལྟོས་བཅས་ཀྱི་རང་རྐྱ་འཕེར་བར་གྲུབ་ཡོད་པར་མ་ཟད། ངག་སྦྱོར་སྤེལ་མཁན་དང་ངག་སྦྱོར་གྱི་ནང་དོན་ཕན་ཚུན་རྒྱུ་བ། སྐད་ཆའི་གནས་སྐབས་ནི་གཏན་ཆགས་ཀྱང་ཡིན་ལ། འགུལ་ལྡན་རྣམ་པ་ཅན(动态)ཡང་ཡིན་པ་དང་། སྐད་ཆའི་གནས་སྐབས་ནི་ར་བའི་རྣམ་པས་ངག་སྦྱོར་སྤེལ་བ་ལ་ནུས་པ་འདོན་པས་སོ། །
དོན་ཚན་གཉིས་པ། སྐད་ཆའི་གནས་སྐབས་ཀྱི་ངོ་བོ་བཤད་པ།
སྐད་ཆའི་གནས་སྐབས་ཀྱི་ངོ་བོའམ་རང་བཞིན་ཅི་ཞིག་ཡིན་པ་ནི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པས། དེ་ལ་ཕྱོགས་ཡོངས་དང་ཟུར་མི་འདྲ་བའི་ངོས་ནས་དབྱེ་ཞིབ་བྱས་ན་གཞུང་ལུགས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཕན་པ་སྐྱེད་ངེས་ཡིན་ཕྱིར། འདིར་མདོར་བསྡུས་ཙམ་བརྗོད་ན་གཤམ་གསལ་ལྟར་ཏེ།
༡ དངོས་ཡོད་ཀྱི་ཆ། ངག་གི་སྦྱོར་བ་ཅི་ཞིག་སྤེལ་རུང་སྐད་ཆའི་གནས་སྐབས་ངེས་ཅན་ཞིག་ལ་བརྟེན་པ་དང་། སྐད་ཆའི་གནས་སྐབས་དང་བྲལ་བའི་འབྲེལ་འདྲིས་བྱ་ཐབས་ཤིག་མེད་པས། སྐད་ཆ་དངོས་དང་མཉམ་དུ་གནས་པའི་འཆད་ཉན་གྱི་ཕྱོགས་གཉིས་ཀར་མངོན་སུམ་དུ་སྣང་བའི་སྒྲ་གདངས་དང་། རྣམ་འགྱུར་སོགས་ལས་གཞན་དུ་སྐད་ཆའི་སྦྱོར་བ་དངོས་ལས་འདས་པའི་དུས་ཚོད་དང་། ས་གནས། སྤྱི་ཚོགས་ཀྱི་གོ་བབ་སོགས་ནི།སྐད་ཆའི་བརྗོད་དོན་ལ་རྟོག་པའི་དངོས་ཡོད་ཀྱི་ཆོས་དག་ཡིན་ནོ། །
༢ ཕྱོགས་འདུས་ཀྱི་ཆ། སྐད་ཆའི་གནས་སྐབས་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཅན་དུ་སྣང་བས། སྐད་ཆའི་གནས་སྐབས་རེ་རེའི་ནང་དུ་དེ་ལས་ཆུང་བའི་སྐད་ཆའི་གནས་སྐབས་ཡོད་པ་ནི་རང་གི་སྤྱི་ཡོད་པ་ཅན་གྱི་བྱེ་བྲག་ཅིག་ཏུ་གྲུབ་པ་དང་། སྤྱི་དེ་ཡང་མི་རིགས་ཤིག་གི་སེམས་ཁམས་དང་། གོམས་སྲོལ། རིག་གནས་སོགས་ཀྱི་བྱེ་བྲག་ཅིག་ཏུ་གྲུབ་པས། སྐད་ཆའི་སྦྱོར་བ་རེ་རེ་ནི་སྤྱི་དང་བྱེ་བྲག་གཉིས་ཀའི་ཕྱོགས་སུ་ལྷུང་ངོ་། །
༣ འགུལ་རྣམ་གྱི་ཆ། སྤྱིར་སྐད་ཆ་ནི་འདུས་བྱས་ཡིན་པས་མི་རྟག་པའི་རང་བཞིན་དུ་གྲུབ་པ་དང་། སྐད་ཆ་ལས་འདས་པའི་རྒྱུ་རྐྱེན་སྣ་ཚོགས་ཤིག་ནི་འབྲེལ་འདྲིས་མ་བྱས་པའི་སྔོན་དུ་ཡོད་པར་མ་ཟད། དུས་དང་བསྟུན་ནས་འགྱུར་བའི་རྣམ་པ་ཅན་དུ་གྱུར་ཡོད། དུས་འགྱུར་བ་དང་ཡུལ་སྤོར་བ། གནས་བརྗེ་བ་སོགས་ཀྱིས་འབྲེལ་འདྲིས་བྱེད་པ་ལ་སྐད་ཆའི་གནས་སྐབས་ཐུན་མོང་མ་ཡིན་རེ་བསྐྲུན་པ་ཡིན། སྐད་ཆའི་འབྲེལ་འདྲིས་མི་འདྲ་བའི་ཁྲོད་དུ་གནས་སྐབས་མི་འདྲ་བ་རེ་ཡོད་པ་དང་། སྐད་ཆའི་གནས་སྐབས་ཀྱི་གྲུབ་རྐྱེན་གཅིག་འགྱུར་ན་སྐད་ཆའི་གནས་སྐབས་གསར་བ་རེད་སྐྲུན་པས། སྐད་ཆའི་འགྲུབ་རྐྱེན་ནི་ནམ་ཡང་འགྱུར་བའི་ཆོས་ཅན་དུ་གྲུབ་ཡོད།
༤ ཁྱད་པར་གྱི་ཆ། སྐད་ཆའི་གནས་སྐབས་ཀྱི་ཁྱད་པར་ལ་དོན་གཉིས་ཡོད་དེ། གཅིག་ནི་སྐད་ཆའི་རང་ངོས་སུ་འབྲེལ་འདྲིས་བྱེད་པ་ལ་ཐོན་པའི་ནུས་པ་ནུས་པ་དེ་ཡིན་པ་དང་། དོན་གཉིས་པ་ནི་འཆད་པ་པོ་དང་ཉན་པ་པོ་ཕྱོགས་གཉིས་ཀ་ལ་འབྱུང་བཞིན་པའི་གོ་རྟོགས་ཐ་དད་པའི་རིགས་དེའོ། །
དོན་ཚན་གསུམ་པ། སྐད་ཆའི་གནས་སྐབས་ཀྱི་གྲུབ་ཚུལ་དང་དབྱེ་བ་བཤད་པ།
སྐད་ཆའི་གནས་སྐབས་ལ་ངོས་འཛིན་ཚུལ་མི་འདྲ་བའི་དབང་གིས་གྲུབ་ཚུལ་གང་དག་ཡོད་པར་ཡང་ལྟ་ཚུལ་སྣ་ཚོགས་ཡོད། ཁ་ཅིག་གིས་འདོད་པར། སྐད་ཆའི་གནས་སྐབས་ནི་ཚིག་གོང་འོག་གི་གནས་སྐབས་ལ་ཟེར་ཞིང་། དེ་ནི་ངག་ཐོག་གི་སྐད་ཆའི་མགོ་རྔ་དང་ཡིག་ཐོག་གི་ཚིག་གོང་འོག་གིས་ཡིན་ཟེར་བ་དང་། ཡང་ཁ་ཅིག་གིས། སྐད་ཆའི་གནས་སྐབས་ནི་སྐད་ཆ་འཆད་པའི་ཕྱིའི་ཁོར་ཡུག་ཡིན་པར་འདོད་དེ། དེ་ནི་དུས་དང་། གནས། འཆད་སའི་ཡུལ་སོགས་ཀྱིས་མཚོན་པའི་ཕྱིའི་གྲུབ་ཆ་དང་། གཏམ་སྤེལ་མཁན་གྱི་གང་ཟག་གི་ཐོབ་ཐང་དང་། བསམ་བློ། གཤིས་ཀ ལས་གནས། གནས་བབ། སེམས་ཁམས་སོགས་ནང་གི་གྲུབ་ཆ་གཉིས་ཀྱིས་གྲུབ་པར་བཤད། གོང་གི་ལྟ་ཚུལ་དེ་གཉིས་ནི་བཤད་ཚུལ་་ཟུར་རེ་རེ་བ་ཡིན་པས། ཕྱོགས་ཡོངས་ནས་གཞིགས་ན། སྐད་ཆའི་གནས་སྐབས་ལ་ཚིག་གོང་འོག་དང་གཏམ་གྱི་མགོ་རྔ་གཉིས་འདུ་པར་མ་ཟད། སྐད་ཆ་བཤད་པ་དང་རྩོམ་འབྲི་བ་སོགས་ཀྱི་སྤྱི་ཚོགས་ཀྱི་གནས་སྐབས་དང་། རིག་གནས་ཀྱི་གནས་སྐབས། རང་བྱུང་ཁོར་ཡུག་སོགས་ཀྱང་འདུ་བ་ཞིབ་ཏུ་དབྱེ་བའི་སྐབས་སུ་བཤད་ན་འོས་པས་འདིར་དེ་ཙམ་གྱི་འཐུས་པར་བྱའོ། །
དབྱེ་བ་ཕྱེས་པས་གྲུབ་ཚུལ་གང་དག་ཡིན་པ་ཤེས་ཐུབ་པར་མ་ཟད། གྲུབ་ཆ་སོ་སོའི་བར་གྱི་འབྲེལ་བའང་མངོན་ཐུབ་པས། ཞིབ་འཇུག་པ་དག་གིས་དབྱེ་གཞི་གཅིག་ཀྱང་དབྱེ་སྒོ་མི་འདྲ་བ་དང་། ཟུར་མི་འདྲ་བ། རིམ་པ་མི་གཅིག་པའི་དབྱེ་བ་སྣ་ཚོགས་ཕྱེས་ཡོད་དེ། གྲུབ་ཚུལ་གྱི་སྒོ་ནས་དབྱེ་བ་ལ་ཕྱིའི་འགྲུབ་རྐྱེན(དུས། གནས། ཡུལ། )དང་གང་ཟག་གི་འགྲུབ་རྐྱེན་(ཐོབ་ཐང་། ལས་གནས། བསམ་བློ། )དང་། སྐབས་བབ་ཀྱི་འགྲུབ་རྐྱེན(གནས་བབ། སེམས་ཁམས།)བཅས་དང་། བྱེད་ནུས་ཀྱི་སྒོ་ནས་དབྱེ་བ་ལ། ཕྱིའི་མངོན་གསལ་ཀྱི་གནས་སྐབས(དུས་ཚོད། ས་གནས། དམིགས་ཡུལ། ཁ་གཏད་ཡུལ། བརྗོད་བྱ། ཚིག་གོང་འོག)དང་ནང་སྦས་པའི་གནས་སྐབས(སྤྱི་ཚོགས་རིག་གནས་ཀྱི་ཁོར་ཡུག དུས་རབས། ཤེས་ཡོན་གྱི་རྒྱབ་ལྗོངས)གཉིས། གཏན་དུ་ཆགས་མིན་གྱི་སྒོ་ནས་དབྱེ་ན། གཏན་ཆགས་པའི་གནས་སྐབས(ཡུལ་ཕྱོགས། མི་རིགས། ལས་གནས།)དང་། གཏན་ཆགས་མིན་པའི་གནས་སྐབས་བཅས(ཡུལ་དུས། ཚིག་གོང་འོག བརྗོད་བྱ། གང་ཟག)དབྱེ་བ་ཕྲ་རགས་ཀྱི་སྒོ་ནས་རིམ་པ་བགོད་ཚུལ་སོགས་ཀྱང་། འདིར་མངས་དོགས་ནས་མ་བྲིས་སོ། །
དོན་ཚན་བཞི་བ། སྐད་ཆའི་གནས་སྐབས་ཀྱི་བྱེད་ནུས་བཤད་པ།
སྐད་ཆ་ཅི་ཞིག་བཤད་རུང་། གནས་སྐབས་ལ་མ་བརྟེན་པའི་ཚུགས་ཐུབ་ཀྱི་སྐད་ཆའི་སྦྱོར་བ་ཞིག་སྤེལ་དུ་མེད། གནས་སྐབས་ངེས་ཅན་ཞིག་ལ་བརྟེན་པས། ངག་སྦྱོར་གྱི་བརྗོད་བྱ། བསྟན་བྱ། ཚིག་དོན་གྱི་རིན་ཐང་བཅས་སྔ་གཞུག་གི་མིང་དང་ཚིག དོན་སོགས་ལ་བརྟེན་ནས་ཤེས་དགོས་ཕྱིར། ངག་སྦྱོར་གསར་དུ་སྤེལ་བའམ་གཏམ་གྱི་མགོ་འཛུགས་པ་སྐད་ཆའི་གནས་སྐབས་ལ་བལྟ་དགོས་ཤིང་། མིང་གཅིག་དོན་མང་ལ་འཇུག་པ་དང་། བརྗོད་དོན་རྟོགས་དཀའ་བའམ་གཅིག་ཏུ་མ་ངེས་པ་སོགས་བྱུང་ན་སྐད་ཆའི་གནས་སྐབས་ལ་ལྟོས་ནས་མིང་དོན་དང་བརྗོད་དོན་གསལ་བར་གཏན་ཁེལ་བྱེད་ཐུབ། རྒྱལ་བའི་གསུང་རབ་དང་དགོངས་འགྲེལ་སོགས་བརྗོད་དོན་ཟབ་ཅིང་རྟོགས་དཀའ་བ་རྣམས་ཀྱི་བརྡ་བཀྲོལ་བ་དང་དགོངས་པ་འགྲེལ་བ། རྒྱས་འགྲེལ་བྱས་པ་སོགས་ལ་ངེས་པར་སྐད་ཆའི་གནས་སྐབས་ཀྱི་གྲུབ་ཆ་རེ་རེ་ལ་གཞིགས་ནས་གང་ལ་གང་མཚམས་ཀྱིས་འགྲེལ་དགོས་ལ།《མཁས་པ་འཇུག་པའི་སྒོ》རུ་གཞུང་ལུགས་ཆེན་པོ་བཤད་པ་ལ་མཐའ་དྲུག་ཤེས་དགོས་ཏེ། དགོངས་པ་དང་དགོངས་པ་མ་ཡིན་པ། དྲང་བའི་དོན་དང་ངེས་པའི་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའོ། །དགོངས་པ་བཤད་པ་ནི་མཉམ་པ་ཉིད་ལ་སོགས་པ་དགོངས་པ་ལྡེམ་དགོངས་བཞི་ཤེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚིག་དོན་འགལ་བར་སྣང་བ་རྣམས་དགོངས་པ་ཞེས་པས་མི་འགལ་བར་འགྱུར་རོ།།[12]ཞེས་གསུངས་པ་ལྟར། དགོངས་པ་མ་ཡིན་པ་བཤད་པ་ནི། དེ་ལྟར་དགོངས་པ་གཞན་བཙལ་མི་དགོས་པའི་ཚིག་དོན་དེ་ཉིད་ཀྱིས་སངས་རྒྱས་ཀྱི་དགོངས་པ་དངོས་སུ་འཕྲོད་པའོ། །སེམས་དགའ་བ་བསྐྱེད་དེ་བློ་དྲངས་ནས། ཕྱིས་ངེས་པའི་དོན་ལ་འཇུག་པའི་གཞི་མཛད་པའོ།།ངེས་པའི་དོན་ནི་གང་ཟག་དབང་པོ་རྣོན་པོ་རྣམས་ལ་ཚིག་དེ་ཉིད་ཀྱིས་རྗེས་སུ་འབྲངས་པས་དོན་ཕྱིན་ཅི་མ་ལོག་པར་རྟོགསཔའོ། །ཞེས་དང་། འགའ་ཞིག་སངས་རྒྱས་ཀྱི་གསུང་ཐམས་ཅད་ངེས་དོན་ཁོ་ན་ཡིན་གྱིས་དྲང་དོན་མི་སྲིད་དེ། གལ་ཏེ་དྲང་དོན་ཡོད་ན་སངས་རྒྱས་བརྫུན་གསུང་བར་འགྱུར་རོ་ཞེས་ཟེར་རོ། །ཞེས་པ་སོགས་དང་། དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །[13]གཞན་ཡང་། འབྲེལ་མེད་ཀྱི་གཏམ་དང་བརྡ་འཕྲིན་ལྷག་མ་རྣམས་ལ་བརྟེན་ནས་འདོར་ལེན་བྱེད་ཐུབ་པ་བཅས་ནི་སྐད་ཆའི་གནས་སྐབས་ཀྱི་བྱེད་ནུས་ཡིན་པས་མདོར་ན་བྱེད་ནུས་དྲུག་ལྡན་ཏེ།
༡ བཀག་རྒྱ་ཐེབས་པ།
བཀག་རྒྱ་ཐེབས་པ་ཞེས་པ་གོ་སླ་བར་བཤད་ན། སྐད་ཆའི་གནས་སྐབས་ཀྱིས་ངག་གི་སྦྱོར་བ་སྤེལ་བ་དང་སྐད་ཆར་ཞིབ་འཇུག་བྱེད་པར་ཤུགས་རྐྱེན་དང་ནུས་པ་ཐོན་པ་ལ་ཟེར། དེ་ལ་གནས་སྐབས་ཀྱི་ཁྱབ་ཁོངས་ཞིག་ཏུ་འཆད་པས། སྐད་ཆའི་གནས་སྐབས་ཀྱིས་གཏམ་གྱི་མགོ་རྔ་ཀུན་ལ་ཤན་ཤུགས་པ་དང་ནུས་པ་འདོན་པ་ནི་ཡོངས་ཁྱབ་ཀྱི་བཀག་རྒྱ་དང་། རྩོམ་རིག་བརྩམས་ཆོས་ཤིག་ལ་མཚོན་ན། རྩོམ་དེའི་བརྗོད་བྱ་དང་རྩོམ་པ་པོའི་ཀུན་སློང་། རྩོམ་གཤིས། རྩོམ་འབྲི་རྒྱབ་ལྗོངས་སོགས་ནི་རྩོམ་ཀྱི་མགོ་རྔ་ཀུན་ལ་ཁྱབ་པ་དང་། ནང་དོན་དང་སྒྱུ་རྩལ་མཚོན་ཐབས་སོགས་ལ་བཀག་རྒྱའམ་ཤན་ཞུགས་ངེས། ཐ་ན་ཚིག་འབྲུ་རེ་རེ་ལའང་ནུས་པ་ཐོན་ངེས། དེ་ལས་བརྗོད་བྱ་ཧྲིལ་བོར་མི་གནོད་པའི་ཚིག་དུམ་རེ་གཉིས་ལ་ནུས་པ་ཐོན་པ་ནི་བྱེ་བྲག་གི་བཀག་རྒྱ་ཡིན། ནང་དོན་གྱི་ཐད་ནས་རིག་གནས་སོགས་ཀྱི་བཀག་རྒྱ་ཡོད་པ་དང་། རྣམ་པའི་ཐད་ནས་རྩོམ་གྱི་སྒྲིག་གཞི་དང་རྩོམ་ལུས། ཚིག་ལུས་སོགས་ཀྱི་བཀག་རྒྱ་ཡོད་དོ། །
༢ འགྲེལ་བཤད་ཀྱི་ནུས་པ།
སྐད་ཆའི་གནས་སྐབས་ལ་བརྟེན་ནས་སྐད་ཆ་དང་སྐད་ཆར་ཞིབ་འཇུག་ཁྲོད་ཀྱི་གནད་དོན་ཁ་ཤས་འགྲེལ་བ་དང་གསལ་བཤད་བྱེད་པའི་ནུས་པ་ལྡན་པ། སྐད་གདངས་དང་། བརྗོད་དོན། བརྡ་སྤྲོད། རྒྱན་ངོས་འཛིན། མིང་བརྡ་སོགས་གནས་སྐབས་ལ་བརྟེན་ནས་འགྲེལ་བཞིན་ཡོད། གདངས་ཀྱི་འགྱུར་བ་ནི་སྐད་ཆའི་གནས་སྐབས་ངེས་ཅན་ཞིག་ལ་ལྟོས་ནས་དོན་སྟོན་གྱིན་ཡོད་པས། གནས་སྐབས་དང་བྲལ་ན་ཅི་ཡང་མི་སྟོན་པ་དང་། དགོངས་གཞི་ཅན་གྱི་ཚིག་དོན་སོགས་ཀྱང་གནས་སྐབས་ལ་བརྟེན་ནས་འགྲེལ་བ་དང་བཀྲོལ་ཀློག་བྱེད་པ་ཡིན། དེ་བཞིན་དུ་བརྡ་ཐབས་སྣ་ཚོགས་ཀྱང་གནས་སྐབས་ལ་བརྟེན་ནས་དགྲོལ་དགོས་ལ། བརྡ་སྤྲོད་ཀྱི་གནད་དོན་གསལ་བར་འགྲེལ་དགོས་ན་སྐད་ཆའི་གནས་སྐབས་ལ་བརྟེན་པར་མ་ཟད། སྙན་ངག་གི་རྒྱན་ངོས་འཛིན་བྱེད་པའང་དེ་བཞིན་ནོ། །
༣ བརྗོད་དོན་གཏན་འབེབས་བྱེད་ཐུབ་པ།
སྤྱི་ཚོགས་ནི་སྣ་མང་རྙོག་འཛིང་ལྡན་པ་ཞིག་ཡིན་པས། སྐད་ཆའི་སྦྱོར་བ་ལའང་སྣ་མང་ཞིང་ འཆད་ཡུལ་མི་འདྲ་བའི་དབང་གིས་བརྗོད་ཐབས་སྣ་ཚོགས་དང་། བརྗོད་བྱ་སྣ་ཚོགས། བསྟན་བྱ་སྣ་ཚོགས་མཆིས་ཕྱིར། ང་ཚོས་ནམ་ཡང་བརྗོད་དོན་དང་བསྟན་དོན་སྣ་ཚོགས་ཅིག་ཅར་དུ་འཛིན་མི་ནུས་ཤིང་། དོན་མང་པོའི་ཁྲོད་ནས་སྣ་གཅིག་གནས་སྐབས་དག་ལ་བརྟེན་ནས་བདམས་ཏེ་འཛིན་པས་སོ། །དཔེར་ན། མིང་གཅིག་དོན་མང་ལ་འཇུག་པའི་ཆུ་སྐྱེས་ཞེས་པ་ཟླ་བ་དང་། གཟའ་པ་སངས། ལྷ་ཡི་དྲང་སྲོང་། པདྨ་བཅས་ལ་འཇུག་མོད། ཁྱོད་ཀྱི་གདོང་ནི་པདྨ་བཞིན་དུ་མཛེས་ཞེས་པའི་སྐབས་སུ། གདོང་དང་པདྨའི་མཚུངས་ཆོས་མཛེས་པ་ལ་བརྟེན་ནས་ཆུ་སྐྱེས་ཞེས་པ་ནི་ཆུ་སྐྱེས་་ལ་འཇུག་པ་ལས་གཞན་གང་ལའང་མི་འཇུག་གོ །
༤ གོ་དོན་གསར་བ་སྐྱེད་ཐུབ་པ།
ངག་སྦྱོར་གྱི་བསྟན་དོན་ནམ་བརྗོད་འདོད་ངོ་མ་ནི་སྐད་ཆའི་གནས་སྐབས་ལ་བརྟེན་ནས་གོ་བ་ལོན་པ་དང་། ཚིག་ངོས་ཙམ་དང་སྐད་ཆའི་རྣམ་པའི་སྟེང་ནས་རྒྱུན་ལྡན་གྱི་འབྲེལ་འདྲིས་བྱ་ཐབས་མེད་ལ། དཔེ་དང་མཚོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཤུགས་སུ་བསྟན་པ་དང་ཚིག་ངོས་ཀྱི་བརྗོད་དོན་ལས་འདས་པའི་དོན་གསར་བ་སྐྱེད་པ་ནི་སྐད་ཆའི་གནས་སྐབས་ལ་བརྟེན་པ་ཡིན་ཏེ། དཔེར་ན། མི་ངན་པ་ཞིག་གིས་སྐད་རྒྱག་པ་ལ་ཁྱི་ཟུག་གིན་འདུག་ཞེས་པ་སྤྱིར་ཁྱི་ཟུག་པ་ནི་སྲོག་ཆགས་ཁྱིའི་ལས་ཡིན་ཡང་། སྐད་ཆའི་གནས་སྐབས་ངེས་ཅན་ལ་བརྟེན་ནས་ཚིག་ངོས་ལས་འདས་པའི་མི་ངན་པའི་སྐད་འབོད་གཏོང་པ་ལ་གོ་ཐུབ་པ་ལྟ་བུ་དང་། ལག་བརྡ་སྣ་ཚོགས་སྟོན་པའང་ཡུལ་དུས་གནས་སྐབས་མི་འདྲ་བ་ལ་བརྟེན་ནས་གོ་བ་གསར་དུ་སྐྱེད་ཐུབ་པ་བཞིན་ནོ། །གཞན་ཡང་། ཚིག་གཅིག་གི་ནང་དུ་མིང་སྔ་མའི་དོན་ལ་བལྟས་ནས་མིང་ཕྱི་མར་སྐབས་བབ་ཀྱི་དོན་གསར་བ་བསྐྱེད་པའང་ཡོད་དེ། དཔེར་ན།དཔོན་སློབ་བཅུ་གསུམ་གྱིས་ཚ་ལམ་ཞིག་གི་བར་སྐྱེལ་མ་མཛད་པའི་ལམ་བར་ལ་ཀུན་གྱིས་ཐུགས་འཕྲེང་བའི་སྐྱོ་ཤས། གསུང་འཕྲེང་བའི་སྙིང་གཏམ། སྐུ་འཕྲེང་བའི་རྣམ་འགྱུར་མང་པོ་མཛད་ཅིང་བྱོན། མི་ལ་རས་པའི་རྣམ་མགུར་ལས།ཞེས་པའི་ཚིག་འདི་ལས་ཐུགས་འཕྲེང་བ་ཞེས་པ་ནི་བྱེ་བྲག་ལ་འཇུག་པས་དོན་ལ་གནས་པ་ཞིག་ཡིན་ཡང་། གསུང་འཕྲེང་བ་དང་སྐུ་འཕྲེང་བ་ནི་གནས་སྐབས་ལ་བལྟས་ནས་གསར་དུ་གོ་བ་བསྐྱེད་པ་ལྟ་བུའོ།།
༥ འདོར་ལེན་བྱེད་ཐུབ་པ།
ཉན་པ་པོ་དང་ཀློག་པ་པོས་བརྡ་དོན་ནོར་སླ་བ་དང་དགོས་མེད་ཀྱི་ཚིག་དོན་ལྷག་མ་རྣམས་སྐད་ཆའི་གནས་སྐབས་ལ་བརྟེན་ནས་འདོར་ལེན་ལེགས་པར་བྱས་ན། བརྡ་དོན་ཡང་དག་ཅིག་འཛིན་ཐུབ་པའོ། ། གཞན་ཡང་། བརྗོད་བྱ་ཡོངས་སུ་རྫོགས་པར་འཆད་མེད་པ་དང་། ཚིག་དོན་མགོ་རྔ་ཆད་དེ་བརྗོད་དོན་ཡོངས་སུ་སྟོན་མི་ཐུབ་པ་རྣམས་གནས་སྐབས་ལ་བརྟེན་ཏེ་རྟོགས་དགོས་སོ། །
ལུང་ཁུངས།
[1][9][10]བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས།ལྔ་བ།[M]ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1998.11P201
[2]ཚོགས་གསུམ་གྱི་རྣམ་བཤད་དཔྱིད་ཀྱི་མྱུ་གུ།[M]ཚེ་དབང་རྡོ་རྗེས་བརྩམས།མི་རིགས་དཔེ་སྐྲུན་ཁང་།2008.6 P106
[11]བོད་སྐད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ།[M]ལྕགས་ཐར་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P407
[12]མཁས་པ་འཇུག་པའི་སྒོ། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས།མི་རིགས་དཔེ་སྐྲུན་ཁང་། P107
[3]现代修辞学 [M]王德春 陈晨著 江西教育出版社 1989 P
[4]语境与语言研究 [J]西真光正 中国语文(3)1991 P
[5]《语境研究论文集》序 [M]张志公 北京语言学院出版社 1992 P
[6] 论语言的环境 [J]王希杰 广西大学学报(1)1996 P
[7] 现代语言学导论 [M]池昌海 主编 浙江大学出版社2004.8 P251
[8] 语用学教程 索振羽 编著 北京大学出版社
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com