讲座ཞེས་པ་ཇི་ལྟར་སྒྱུར་ཚུལ་ལ་དཔྱད་པ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-09 09:35:00 ཀློག་གྲངས།:
       讲座ཞེས་པ་འདི་ད་ལྟའི་སློབ་གྲྭ་ཆེན་མོ་མང་བོར་འཆད་ཁྲིད་ཅེས་པའམ་ཡང་ན་ཅང་ཙོ་ཞེས་སྒྱུར་བཞིན་ཡོད་ལ་ལ་ལས་རིག་གཞུང་སྙན་ཞུ་དང་ལ་ལས་ཆེད་དོན་འཆད་ཁྲིད། ལ་ལས་ཚོགས་ཁྲིད་དུ་བསྒྱུར་ཡོད།
       讲座ཞེས་པ་འདི་ཡང་སྙིང་ཇི་ལྟར་བསྒྱུར་ན་འགྲིག་གམ། དེ་ཇི་ལྟར་བསྒྱུར་བ་ལ་ཐོག་མར་རྒྱ་ཡིག་གི་གོ་དོན་གསལ་བོར་ཤེས་དགོས་ཏེ《辞海》ལས同“讲席”某种专门学科或专题的讲授,如科学讲座:某一专题讲座ཞེས་བསྟན་ཡོད་ལ《现代汉语字典》ལས一种教学形式,多利用报告会,广播会,电视或刊物连载的方式进行;汉语拼音ཞེས་གསུངས་ཡོད`། སྔ་མའི་གོ་དོན་ལས་བལྟས་ན་ཆེད་ལས་ཀྱི་རིག་གཞུང་གི་ཚན་པ་ཞིག་ཁྲིད་པ་ལ་ཟེར་ཞིང་ཕྱི་མ་ལྟར་ན་སྤྱིའི་ཆ་ནས་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཡིན་ལ་དེ་ལ(1)རིག་གཞུང་སྙན་ཞུ། (2)རླུང་འཕྲིན་བརྙན་འཕྲིན། གསར་དེབ་ཀྱི་རྣམ་པས་སློབ་ཁྲིད་གནང་བའི་རྣམ་པ་ཞིག་ཡིན།
       ཚོགས་ཁྲིད་ཅེས་པ་ནི་ཚོགས་པ་ཞིག་ལ་ཁྲིད་པའི་དོན་ཡིན་པས་讲座ནི་ཚོགས་པ་ཞིག་ལ་ཁྲིད་དགོས་མིན་ནི་གོང་གི་གོ་དོན་གཉིས་གང་ལ་བལྟས་ནའང་མི་འགྲིག་པ་ཤིན་ཏུ་གསལ་ཏེ་རླུང་འཕྲིན་ནམ་བརྙན་འཕྲིན་གྱི་རྣམ་པ་ལས་དཔེ་ཁྲིད་ནི་རང་ཉིད་གཅིག་པུ་བཤད་སྦུག་མདུན་དུ་བསྡད་ནས་ཁྲིད་པ་ཡིན་ལ་ཡིག་ཐོག་འགྲེལ་བཤད་གནང་སྟངས་དེ་ནི་རྒྱ་ཡིས་བཤད་ན་དཔེ་ཁྲིད་ཅེས་པའི་གོ་དོན་ཡོད་ནའང་བོད་ཀྱི་རིག་གཞུང་གི་འདུ་ཤེས་འཛིན་སྟངས་ལས་བཤད་ན་དེ་དཔེ་ཁྲིད་ཅིག་གཏན་ནས་མིན་པའི་ཁར་ཚོགས་ཁྲིད་ཅེས་སྦྱར་ན་དེ་བས་ཀྱང་བོད་སྐད་མིན་པ་ནི་བོད་སྐད་ཤེས་པ་སུས་ཀྱང་ཤེས་པས་སོ། །
       འཆད་ཁྲིད་ཅེས་པ་ལའང་ང་ཚོའི་རིག་གཞུང་གི་འདུ་ཤེས་འཛིན་སྟངས་ལྟར་ན་སྐྱོན་ཆགས་ཡོད་དེ་སློབ་ཁྲིད་ཡིན་ན་འཆད་དེ་ཁྲིད་པ་ཡིན་པས་ཚིག་སྐྱོན་ཡོད་ལ་རྒྱ་ཡིག་གི་གོ་དོན་དང་རྣམ་པར་འགལ་བས་དེ་ནི་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་ཏེ་དེ་བཞིན་འཆད་ཁྲིད་དགེ་རྒན་ཞེས་པའང་དེ་ལས་མ་འདས།
རིག་གཞུང་གི་སྙན་ཞུ་ནི讲座ཞེས་པའི་བྱེ་བྲག་པའི་གོ་དོན་ཡིན་ནའང་དེ་དང་དོན་གཅིག་པ་མིན་ཏེ་དེ་ནི学术报告ཞེས་པའི་སྐད་དོད་དུ་བྱེད་ན་བྱེ་བྲག་གི་མིང་སྤྱི་མིང་ལ་སྦྱར་བའི་སྐྱོན་ཡོད་པས་དེ་ལྟར་བསྒྱུར་ན་ཆེས་མི་ལེགས་སོ། །
       གོ་དོན་ལ་ཐག་ཉེ་བ་ནི་ཆེད་དོན་འཆད་ཁྲིད་ཅེས་པ་ཡིན་མོད་འདིའི་འཆད་ཁྲིད་ཅེས་པའི་གོ་དོན་གྱི་ངོས་ནས་བཤད་ན་སྐྱོན་ཆེན་པོ་ཞིག་ཡོད་པ་གོང་དུ་བཤད་པ་ལྟར་ཡིན་པས་བོད་སྐད་ཀྱི་ཁྱད་ཆོས་ལྡན་དགོས་ན་ཆེད་དོན་སློབ་ཁྲིད་ཅེས་སྦྱར་ན་འོས་མོད་ང་ཚོས་མི་རིགས་སོ་སོའི་སྐད་ཀྱི་ཆོས་ཉིད་ལ་བསམ་བློ་བཏང་ན་བོད་སྐད་ཀྱི་བཤད་སྟངས་ཀྱང་ངེས་པར་རྒྱ་སྐད་ཀྱི་ཆོས་ཉིད་དང་བསྟུན་པ་ནི་དགོད་བྲོ་བ་ཞིག་མ་ཡིན་ནམ། དེ་འདྲའི་དགོད་བྲོ་བ་ཤིན་ཏུ་མང་ངོ་། །
       དེས་ན讲座ཞེས་པ་ཇི་ལྟར་བསྒྱུར་དགོས་པ་ཡིན་ནམ། ངའི་བསམ་པར་གོ་དོན་འགའ་ཡོད་པ་ལ་སྤྱིའི་ཆ་ནས་ལེགས་པར་བསྒྱུར་མ་ཐུབ་ཚེ་འདི་ལྟར་ར་མགོ་ལུག་སྦྱོར་མི་བྱེད་པར་སྐབས་ཐོབ་ཀྱིས་རིག་གཞུང་གི་ཞིབ་འཇུག་དང་འབྲེལ་བའི་གཏམ་བཤད་ཅིག་ཡིན་ཚེ་རིག་གཞུང་སྙན་ཞུ་དང་རླུང་འཕྲིན་དང་བརྙན་འཕྲིན་ལས་སློབ་ཁྲིད་གནང་བ་ལ་སློབ་ཁྲིད་ཟེར་དགོས་པ་ལས་འཆད་ཁྲིད་གནང་མཁན་ཞེས་བསྒྱུར་བ་ནི་དགོད་བྲོ་བ་ཞིག་ཏུ་མ་ཟད་བོད་སྐད་སིལ་བུར་གཏོང་བའི་ལས་ཀ་ཡིན་ལ་ལས་ཀ་དེ་རིགས་མ་བྱས་ན་ལེགས་ཏེ་དཔེ་ཁྲིད་དང་སློབ་ཁྲིད་ནི་བོད་ཡོངས་མཆོག་དམན་བར་མ་ཐམས་ཅད་ཀྱིས་གོ་བས་ན་དེ་བཅོས་བསྒྱུར་བྱས་ཏེ་འཆད་ཁྲིད་ཅེས་མི་འགའ་ཞིག་གིས་མ་གཏོགས་མི་གོ་བར་བྱེད་པ་ནི་སྐུ་ཚེགས་ལས་ཀྱང་སྐུ་ཚེགས་ཡིན་ནོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།