བོད་དུ་ལོ་ཙཱ་བའི་སྲོལ་ཐོག་མ་དར་ཚུལ་སྐོར་མདོར་ཙམ་བརྗོད་པ།

རྩོམ་པ་པོ།:ལི་མདོག་གི་ཁྲུང་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-22 10:38:00 ཀློག་གྲངས།:
དང་པོ།  ཞང་བོད་ལོ་ཙཱའི་སྲོལ་དར་བའི་སྐོར།
        དེ་ཡང་མི་ལོ་སུམ་སྟོང་གི་གོང་ནས་སྟོན་པ་གཤིན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་དགོས་དབང་དུ་བོད་ཀྱི་ཡེ་གེའི་སྲོལ་བཏོད་པ་དང་། སྟོན་པ་གཤིན་རབ་མི་བོ་ཆེ་སྐུ་ཚེའི་འཕེན་པ་རྫོགས་རྗེས་ཁོང་གི་གདུང་སྲས་མུ་ཆོ་ལྡེམ་དྲུག་དང་དེའི་སློབ་མ་དམུ་ཙ་ཏྲ་ཧེ་ལ་སོགས་ཀྱིས་འཛམ་གླིང་ཡུལ་གྲུ་སོ་སོར་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་དང་། ཞང་བོད་གནའ་བོའི་ཤེས་རིག་རྒྱ་ཁྱབ་ཏུ་སྤེལ། ལྷག་པར་དུ་མུ་ཆོ་ལྡེམ་དྲུག་གི་སྐབས་སུ་གསས་མཁར་ཤམ་པོ་རྩེར་བཞུགས་ནས་སྒོ་བཞི་མཛོད་ལྔའི་བོད་གྱི་བསྟན་པ་ཡུན་རིང་དུ་བསྐྱངས་པར་མཛད་པ་སོགས་ལོ་རྒྱུས་བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་ཆེ་ཕྲ་ཀུན་ནས་རྒྱས་པར་བཤད་འདུག"
        དེ་ནས་མི་ལོ་སྟོང་དང་བརྒྱད་རྒྱ་ནས། །སྐུ་ཡི་འདུལ་བསྟན་རྫོགས་པའི་རྟིང་ཉིད་དུ།།རྒྱལ་ཚབ་གསུང་གི་སྟོན་པ་མུ་ཆོ་ལ། །ལྷ་ཕྲན་བརྒྱས་བསྐོར་འོལ་མོ་གླིང་དུ་ཕེབས།།དཀར་ནག་བཀྲ་གསལ་རྗེས་བཞག་གསུང་རབ་དང་།།ཀློག་བཤད་བཀའ་ཡི་འཁོར་ལོ་ལོ་གསུམ་བསྐོར།།དུས་དང་བསྟུན་པའི་འདུལ་བྱའི་བློ་ཚོད་བཞིན། །བཀའ་བསྟེན་བོད་སྒོའི་དབྱེ་ཞག་དུ་མ་མཛད།།སློབ་མ་ལོ་ཙཱ་བསྟན་པའི་རྒྱན་དྲུག་བྱུང་།།ཅེས《བརྡ་སྤྲོད་ཉི་ཤུ་རྩ་བདུན་པའི་རྩ་འགྲེལ་དང་བརྡ་དག་བློ་གསལ་འཇུག་ངོགས》ལས་གསུང་པ་དང་།  《བོད་ཀྱི་ལོ་ཙཱ་བའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》ལས། སྟོན་པའི་གདུང་སྲས་མུ་ཆོ་ལྡེམ་དྲུག་གིས་བོན་འཁོར་བསྐོར་བའི་ཡུན་དུ་ས་ཕྱོགས་ཀུན་ནས་ལོ་པཎ་གྲངས་མེད་བྱོན་ཞིང་ཁོང་རྣམ་པས་གཡུང་དྲུང་བོན་གྱི་བསྟན་པ་འཛམ་གླིང་ཕྱོགས་བཞིར་སྤེལ་བའི་མཛད་པ་བསྐྱངས་ཞེས་གསུངས་པ་སོགས་ལས་སྟོན་པ་གཤིན་རབ་མི་བོ་ཆེའི་སྐུ་དུས་ནས་བོད་དུ་ལོ་ཙཱ་བའི་འཕྲིན་ལས་བསྐྱངས་མཁན་ཡོད་པ་གསལ་པོ་མཚོན་ཐུབ།《རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས། རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས།།གནམ་རི་སྲོང་བཙན་ཡན་ཆད་དུ།།ཆབ་སྲིད་འཛིན་པའི་རྒྱལ་པོ་རེད། །ཐར་ལམ་འདྲེན་པའི་སྐུ་གཤེན་རེ།།སྐད་ཡིག་བསྒྱུར་བའི་ལོ་པཎ་རེད།།བྱ་ཐབས་གསུང་རབ་རེ་རེ་བཞག་ཅེས་གསུངས་བ་ལས་སྤྱི་ལོའི་སྔོན་གྱི360ཡན་མན་ནས་ཞང་བོད་ཡིག་བསྒྱུར་གྱི་སྲོལ་དར་ཡོད་པ་སྣང་།
        《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》ལས་ཀྱང་། བོན་བསྟན་སྒྲ་སྐད་བསྒྱུར་བའི་ལོ་ཙཱ་དགུ་ཟེར་བ་དང་། རིག་འཛིན་ས་ལ་གནས་པའི་ལོ་པཎ་དགུ།  རྒྱུད་ལུང་མན་ངག་སྦྱོང་བའི་མཁས་པ་ཉི་ཤུ་སོགས་བྱུང་པ་དང་དེ་དག་གི་མཚན་རེ་རེ་བཞིན་འཁོད་འདུག་པས་འདིར་ཡིག་ཚོགས་མང་བ་ལ་འཇིགས་ནས་མ་བྲིས་སོ།།མུ་ཁྲི་བཙན་པོའི་སྐབས་སུ་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲང་ནས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ཏེ་བོན་བསྟན་རྒྱ་ཆེར་སྤེལ་ཞེས《བོད་ཀྱི་ལོ་ཙཱ་བའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས》ལས་གསུངས། དེ་ནས་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱིས་སྔ་རྗེས་སུ་བོན་བསྟན་འཕེལ་འགྲིབ་སྣ་ཚོགས་བྱུང་ཡང་ཞང་བོད་ལོ་ཙཱ་བའི་བྱ་གཞག་ཉམས་མེད་རྒྱུན་སྤེལ་བྱུང་ཡོད་པར་མ་ཟད་ཡུན་རིང་གི་ལོ་ཙཱ་བའི་ལག་ལེན་དངོས་བརྒྱུད་ནས་ཞང་བོད་སྒྲ་ཡི་དོན་སྡེབ་མི་འཁྲུལ་ལེགས་པོ་བཀོད་པའི་སྒྲ་མདོ་འགའ་ཡང་བྱུང་ཡོད།
གཉིས། སམ་བོད་ལོ་ཙཱའི་སྲོལ་དར་ཚུལ་སྐོར།
        ཆོས་རྒྱལ་སྲོང་བཙན་སྒམ་པོས་ཡབ་མེས་ཀྱི་དགོངས་པ་རྒྱུན་བསྐྱངས་ནས་སྲིད་འབྱོར་དམག་གསུམ་གྱི་སྒྲིག་གཞི་ལེགསབཅོས་དང་། སྟོབས་ཤུགས་ཕྱིར་བསྐྱེད་བྱས་པ་དང་མཐའ་བཞིའི་སྡེ་ཁག་དབང་དུ་བསྡུས། རྒྱལ་ཁབ་དག་དང་འབྲེལ་བ་དམ་པོ་བཙུགས། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གཉིས་བཞེངས། ཁྱད་པར་དུ་ཐོན་མི་སམ་བྷོས་ཡིག་རྙིང་སྒོ་ཀུན་ནས་གསར་བཅོས་གནང་སྟེ་བོད་ཡུལ་ཀུན་ལ་སྤྱོད་བདེ་བའི་གཅིག་གྱུར་གྱི་སྐད་དང་ཡིག་གཟུགས་གཏན་ལ་ཕབ། རྒྱལ་པོ་རང་ཉིད་ཀྱང་ཐོན་མི་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ལ་གསན་སྦྱངས་ལེགས་པར་མཛད་པ་མ་ཟད་བློན་འབངས་ཚང་མ་ལངས་སྦྱངས་དགོས་པའི་བཀའ་གནང་། ཐོན་མི་ཉིད་དང་ཁོང་གི་སློབ་མ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་དང་རྒྱ་གར་ནས་གདན་ཞུས་བྱས་པའི་ལོ་པཎ་རྣམས་ཀྱིས་ཐུབ་པའི་གསུང་རབ་གངས་རིའི་ལྗོངས་སུ་སྒྲ་འགྱུར་བྱེད་པའི་ལས་གྲྭ་ཐོག་མརའགོ་བརྩམས། དེ་ནས་རིམ་གྱིས་སྡེ་སྣོད་གསུམ་སོགས་ཆོས་གཞུང་དུ་མ་དང་།  སྨན་རྩིས་སོགས་ཀྱི་གཞུང་ཡང་གང་མང་མང་བསྒྱུར་རོ།།ཡིན་ནའང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ལྟ་བུའི་རྒྱ་ཁྱོན་པོའི་སྒོ་ནས་ལོ་ཙཱ་བ་གསོ་སྐྱོང་བྱེད་པའི་དར་རྒྱས་ཀྱི་སྣང་ཚུལ་བྱུང་མི་འདུག རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་བདུན་སོན་པ་དང་དམ་པའི་ཆོས་ལ་ཐུན་མིན་གྱི་དད་པ་སྐྱེས་ནས་བོད་ཁ་བ་ཅན་གྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་པའི་ཐུགས་འདུན་དྲག་པོ་འཁྲུངས་ནས་སྤྱི་ལོ761པའི་ལྕགས་གླང་ལོར་ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་ནས་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང་། བསམ་ཡས་གཙུག་ལག་ཁང་གི་བཀོད་པ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེངས་པའི་སྟ་གོན་མཛད་པ་དང་དུས་མཚུངས་སུ་བོད་ཕྲུག་རྣམས་ལ་ལེགས་སྦྱར་གྱི་སྐད་ཡིག་བསླབས། དེ་དག་གི་ནང་དུ་གཙང་གི་སྙེ་མོ་བྱེ་མཁར་གྱི་རང་མིང་གན་ཇག་ཐང་ཏ་ཞེས་པ་ཆོས་ཀྱི་མིང་དུ་བེ་རོ་ཙ་ན་དང་། དབུ་རུ་འཕན་ཡུལ་གྱི་སྐ་བ་དཔལ་བརྩེགས། རུ་ལག་ཤངས་ཀྱི་ཅོག་རོ་ཀླུ་ཡི་རྒྱལ་མཚན་གསུམ་ནི་ལེགས་སྦྱར་གྱི་སྐད་ཡིག་ལ་མཁས་པ་གྱུར། མཁན་སློབ་རྣམ་གཉིས་ཀྱིས་གསུང་པའི་ཆོས་རྣམས་ཐད་ཀར་བོད་སྐད་དུ་བསྒྱུར། སྤྱི་ལོ766པའི་མེ་རྟ་ལོར་བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་པ་དང་། བསམ་ཡས་སྒྲ་སྒྱུར་གླིང་ཞེས་པའི་ལོ་ཙཱ་བའི་སློབ་གྲྭ་ཞིག་བཙུགས་ནས་སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་དངོས་ཀྱིས་སློབ་གྲྭའི་དབུ་འཛིན་གནང་ཞིང་སློབ་གྲྭ་བ་རྣམས་ལ་འཚོ་བའི་མཐུན་རྐྱེན་གོང་གི་སྲིད་གཞུང་ནས་སྦྱར། རྒྱ་གར་ནས་གདན་དྲངས་བའི་པཎྡི་ཏ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་སློབ་ཁྲིད་ཀྱི་ཕྱག་རོགས་གནང་། བོད་ཡུལ་སྟོད་སྨད་བར་གསུམ་ནས་སྙིང་རུས་ཆེ་ཞིང་བློ་རིག་བཀྲ་བའི་གཞོན་ནུ་བརྒྱ་དང་བརྒྱད་སློབ་མ་དངོས་སུ་བསྡུ་ལེན་བྱས་ནས་ལེགས་སྦྱར་གྱི་སྐད་ཡིག་བསླབས། སློབ་མ་སྡུད་ལེན་གྱི་སྒྲིག་ཁྲིམས་སྐོར་ལ།སློབ་མ་བསྡུ་བའི་ཡུལ་ནི་བོད་ཀྱི་རྒྱལ་པོའི་མངའ་ཁོངས་ཀྱི་ས་ཆ་གུང་རུང་ལས་སྡུད་ལེན་བྱེད་ཆོག་པ་དང་། སློབ་མའི་ཆ་རྐྱེན་ལ་རང་ལོ་བརྒྱད་ཡན་ཆོད་དང་། བཅོ་བརྒྱད་མན་ཆོད་ཡིན་པའི་གཞོན་ནུ་ལུས་ལ་ནད་དང་དབང་པོ་སོགས་ལ་སྐྱོན་མེད་པ། བསམ་པ་བཟང་ཞིང་ཡོན་ཏན་ལ་དགའ་ཞེན་ཡོད་པ། བློ་རིག་གསལ་ཞིང་ཤེས་རབ་ཆེ་བ་བཅས་ཀྱི་སློབ་མ་སྡུད་ལེན་བྱེད་རྒྱུ་གཏན་འབེབས་གནང་། སློབ་མ་འདེམས་སྒྲུག་གནང་སྐབས་བཙན་པོ་ཉིད་སྐུ་ངོ་མ་བྱིས་པ་སོ་སོའི་ཕ་མའི་ཁྱིམ་དུ་ཕེབས་ནས་ཚིག་འཛིན་དང་། དོན་བསམ། ལན་འདེབས། དབྱེ་ཞིབ་བཅས་ཐབས་བཞིའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་མཛད་དེ་ཕ་མར་སློང་བ་དང་། བསླུ་རིན་འདོད་པ་ཁེངས་ངེས་སྤྲོད་པ། ཡུལ་བབ་ཆ་རྐྱེན་ཞན་པའི་ཕ་མ་རྣམས་ཆ་རྐྱེན་བཟང་པོའི་ས་ལ་གནས་སྤོ་ཆོག་པ།  དཔྱ་ཁྲལ་ཡང་བཟོས་བཅས་ཀྱི་དམིགས་བསལ་ལྟ་རྟོགས་གནང་ཞིང་། རྒྱལ་བལ་རྒྱལ་ཁབ་ཏུ་ལོ་ཙཱ་བའི་སློབ་སྦྱོང་འགྲོ་མཁན་ཚང་མའི་འགྲོ་གྲོན་བཙན་པོའི་མཛོད་ནས་བཏང་བ་དང་། ལམ་ཆས་ཆ་ཚང་སྒྲིག་པ། ཚ་སྨན་དང་། སྦྱང་ཡུལ་གྱི་རྒྱལ་པོ་ལ་ངོསྤྲོད་ཀྱི་ཕྱག་བྲིས་བཀའ་ཡིག་དང་། ཕྱག་རྟགས་གནང་བ་སོགས་ཆ་རྐྱེན་ཧ་ཅང་འཐུས་ཚང་བསྐྲུན། ཞེས《ཆོས་འབྱུང་སྙིང་པོ་སྦྲང་རྩི་བཅུད》ལས་གསུངས་། དེ་དག་ལས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི་ལོ་ཙཱ་བའི་ལས་ཀ་ལ་ཤིན་ཏུ་མཐོང་ཆེན་དང་དེའི་བྱ་བཞག་ལ་རྒྱབ་སྐྱོར་བླ་ན་མེད་པ་མཛད་པའི་བཙན་པོ་སྤྱན་རྒྱ་ཤིན་ཏུ་ཡངས་ཤིང་ཐུགས་དགོངས་ཟབ་པའི་སྐྱེས་མཆོག་ཅིག་ཡིན་པ་མཚོན།
        ཁྲི་སྲོང་ལྡེ་བཙན་གྱིས་སྐུ་དུས་ལ། སྒྲ་སྒྱུར་ཁང་འཛུགས་གནང་མཛད་པ་དང་ཆབས་ཅིག ཤེས་རིག་གསལ་ཞིང་སྨྲ་བརྗོད་བདེ་བའི་བྱིས་པ་བརྒྱ་དང་བརྒྱད་བསྡུས་ནས་ལོ་ཙཱ་གསོ་སྐྱོང་གནང་སྟེ། དེ་དག་སློབ་མཐར་ཕྱིན་རྗེས་རང་རང་གི་ཡོན་ཚད་དང་བསྟུན་ནས་རིམ་པ་གསུམ་དུ་ཕྱེ་ནས་བསྒྱུར་ཞུས་ཀྱི་ལས་བགོས་མཛད་ཡོད་དེ། ཞུས་ཆེན་གྱི་ལོ་ཙཱ་བ་དང་། བར་ཞུས་ཀྱི་ལོ་ཙཱ་བ། མཆན་བུ་ལོ་ཙཱ་བ་བཅས་ཡིན། སྐབས་དེ་དུས་ནས་ལོ་པཎ་དག་གིས་ཆོས་སྲིད་དང་ལོ་རྒྱུས། སྨན་རྩིས། རིག་གཞུང་སོགས་བསྒྱུར་ཆོས་རྒྱ་མཚོའི་ཀློང་རྡོལ་བ་བཞིན་བོད་དུ་བསྒྱུར་ནས་ཆབ་སྲིད་དཔལ་འབྱོར་རིག་གནས་སོགས་གང་ཅིའི་ཐད་ལ་མཛད་རྗེས་ཆེན་པོ་བཞག བཙན་པོ་ཁྲི་རལ་པ་ཅན་གྱིས་ཡབ་མེས་ཀྱི་དགོངས་པའི་རྒྱུན་བསྐྱངས་ཏེ་ལོ་པཎ་རྣམ་པར་མཐུན་རྐྱེན་གང་ལེགས་སྦྱར་ཞིང་། བཀའ་དང་བསྟན་བཅོས་སྔར་ལས་ལྷག་པ་མང་བ་བསྒྱུར་ཞིང་། ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བཀས་བཅད་ཐེངས་གཉིས་པ་མཛད་པའི་དགོངས་དོན་དང་ལོ་ཙཱ་བའི་གཞུང་ལུགས་གཏན་ལ་ཕབ་པ་རྣམས་མངོན་སུམ་ལག་ལེན་དོན་འཁྱོལ་བྱས། སྔ་བསྒྱུར་བའི་མ་འགྱུར་བ་དང་། མ་གྲགས་པ། འགྱུར་འཁྲུགས་པ་བཅས་གསུམ་དང་། རྗོད་བྱེད་ཚིག་གི་སྦྱོར་བ་དང་། བརྗོད་བྱའི་དོན་དང་མི་མཐུན་པའི་འགྱུར་ཆད་པ་དང་ལྷག་པ། འགྱུར་དམན་པ་དང་འགྱུར་གཅོང་བ། འགྱུར་ལོག་པ་བཅས་རྣམ་པ་བརྒྱད་ཀྱི་ཆ་རྣམས་རེ་རེ་བཞིན་སྐྱོན་སེལ་གནང་ངོ་།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།