བདག་སེམས་སྟོང་བས་མཇལ་བས་རིག་གནས་ཕོ་བྲང༌།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-30 09:59:00 ཀློག་གྲངས།:

བདག་སེམས་སྟོང་བས་མཇལ་བས་རིག་གནས་ཕོ་བྲང༌།
             —ཉང་བྲན་རིག་གནས་ཕོ་བྲང༌།


        ལྕམ་མོ་རྡོར་དབྱིངས་ཀྱིས་སྔོན་ནས་ཉང་བྲན་རིག་གནས་ཕོ་བྲང་དུ་ཐོན་མིའི་སྔོན་གྱི་ཡིག་གཟུགས་འགྲེམ་སྟོན་བྱས་ཡོད་ཟེར་ཞིང་སྔོན་ནུ་བོ་བོད་ལྗོངས་གསོ་རིག་སློབ་གླིང་དུ་ཞིབ་འཇུག་སློབ་མའི་བསླབ་བྱར་སློབ་གཉེར་བྱེད་དུས་ཀྱང་དེའི་གནས་ཚུལ་བདག་ལ་བརྗོད་མྱོང༌། དེ་རིང་བདག་འགྲོ་འདོད་པ་ནི་བོད་ཀྱི་ཚད་མའི་འབྱུང་ཁུངས་ནེའུ་ཐོག་གསང་ཕུ་དགོན་པ་ཡིན་མོད། རླངས་འཁོར་མ་རེག་པས་དེར་སོང་ནས་ལྟ་སྐོར་ཞིག་བྱས་ཏེ་བོད་ཀྱི་ཆབ་སྲིད་པ་སྡེ་སྲིད་ཀྱི་ཕ་གཞིས་ལ་འགྲོ་འདོད། ཉང་བྲན་རིག་གནས་ཕོ་བྲང་ཞེས་པ་ནི་སེ་རའི་གོང་གི་གྲོང་ཚོ་ཞིག་ཏུ་ཡོད་ཅིང༌། དེ་ནི་ཆེད་དུ་བོད་ཀྱི་རིག་གནས་ཀྱི་མིང་ཐོག་ནས་སྒོར་མོ་འཚོལ་བའི་ལས་གཞི་ཞིག་ཡིན་པ་མཐོང་སོང༌།
        ཉང་བྲན་ལ་སླེབས་ནས་ཉང་བྲན་རིག་གནས་འགྲེམ་སྟོན་ཁང་ལ་སླེབས་དུས་དེ་ནི་ཁོར་ཡུག་ཡིད་དུ་འོང་ཞིང་བཟོ་བཀོད་ཅུང་ལེགས་ཤིང༌། འདི་རུ་འཆམ་དང་སྟོད་གཞས་ནང་མ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་གྱི་ངོ་མཚར་མཐོང་ཐུབ་པས་བོད་ཀྱི་དམངས་སྲོལ་འགྲེམ་སྟོན་གྱི་གླིང་ཀ་ལས་མིང་གྲགས་ལྡན་པ་ཞིག་ཡིན་སྐད།
        འདིའི་ནང་དུ་བོད་ཀྱི་གནས་སོ་སོའི་སྡོད་ཁང་འགྲེམ་སྟོན་གྲྭ་དང༌། རོལ་རྩེད་དོ་ར། མི་རིགས་བཟོ་རྩལ་ཚོང་ར། རིག་གནས་འགྲེམ་སྟོན་ཁང༌། ཞལ་ཟས་རིག་གནས་སོགས་ཡོད་ཅིང་རིག་གནས་ཕོ་བྲང་དུ་བོད་སྨན་འགྲེམ་སྟོན་ཁང༌། ཡིག་གཟུགས་འགྲེམ་སྟོན་ཁང༌། རིག་གནས་སྒྱུ་རྩལ་ཁང་བཅས་ཡོད། སྒོར་མོ་མང་བོས་བཞེངས་ཤིང་ད་ལྟ་གྲགས་པ་ཡང་ཆེ་བར་བཤད།
        ཡིག་གཟུགས་འགྲེམ་སྟོན་ཁང་གི་འགྲེལ་བཤད་གཙོ་བྱས་ཏེ་བོད་ཀྱི་རིག་གནས་འགྲེམ་སྟོན་གྱི་ངོ་སྤྲོད་དང་བཅས་པར་ནང་འགལ་གྱིས་ཁེངས་འདུག་པས་བོད་ལྗོངས་རྟེན་མཛོད་ཁང་དང་རྒྱ་མའི་སྲོང་བཙན་རྗེས་དྲན་ཁང་ལ་འགྲོ་བའི་སྐབས་ཀྱི་དགའ་བ་དང་སྤྲོ་བ་དེ་གཏན་ནས་མི་འདུག
        ང་ཚོ་ཡིག་གཟུགས་འགྲེམ་སྟོན་ཁང་དུ་འགྲོ་དུས་དེ་རུ་བོད་ཀྱི་གསང་བ་ཞེས་པའི་གློག་བརྙན་ཞིག་འབེབ་བཞིན་འདུག གློག་བརྙན་དེའི་བོད་མིང་ལ་བཀྲ་ཤིས་བདེ་ལེགས་ཟེར་ཞིང་རྒྱའི་མིང་ལ་བོད་ལྗོངས་ཀྱི་གསང་བ་ཞེས་བརྗོད་ཅེས་གློག་བརྙན་འབེབ་མཁན་ཚོས་བརྗོད་ཅིང་ཁོ་ཚོའི་ལྭ་བའི་སྟེང་ལའང་བྲིས་འདུག འཁྲབ་ཁྲིད་པས་བདག་ལ་སྤྲོ་བ་ཡོད་ན་ཁྱོད་ཀྱང་བདག་ཅག་གི་འཁྲབ་སྟོན་གྱི་གྲས་སུ་ཞུགས་ན་ཆོག་ཟེར་མོད་བདག་གིས་གློག་བརྙན་འཁྲབ་པར་སྤྲོ་བ་མེད་ཅེས་ཁ་ཡ་མ་བྱས། ཡིག་གཟུགས་འགྲེམ་སྟོན་བྱེད་སའི་ཁང་བ་དེར་གྲྭ་བ་འགའ་དང་སྐུ་དྲག་འགའི་ཆས་སུ་ཞུགས་པ་སྐོར་ཞིག་གིས་གློག་བརྙན་འཁྲབ་ཀྱིན་འདུག  ཁོ་ཚོས་ངེད་གཉིས་ཀྱང་དེའི་གྲས་ཡིན་པར་འདོད་ནས་འདིར་ཤོག་ཅེས་འབོད་ཀིན་འདུག  མི་ཞིག་གིས་རྒྱ་སྐད་ཀྱིས“他们两个是真正的喇嘛,他们两个是真正的喇嘛。”(ཁོ་གཉིས་ཀ་གྲྭ་བ་ངོ་མ་རེད)ཞེས་མཚར་མཚར་བྱེད།
        བདག་དེ་བས་ཀྱང་ཡ་མཚར་བ་ནི་ཡིག་གཟུགས་འགྲེམ་སྟོན་ཁང་འདིར་བཤམས་འདུག་པའི་ཡིག་གཟུགས་ཀྱི་ཐང་ག120ཡོད་པར་བཤད་ཅིང་དེ་དག་བྲིས་པ་ལེགས་མོད། ཧ་ལས་དགོས་པ་ཞིག་ནི་ཐང་ག་དང་བོ་ནི་དེང་སང་གི་ཞང་ཞུང་ཡི་གེ་ཟེར་བ་དེ་ད་ལྟའི་བོད་ཡིག་གི་འབྲི་སྟངས་ཤིག་ཡིན་པར་མ་ཤེས་པར་སྔོན་གྱི་ཡི་གེ་ཞིག་ཡིན་པ་མ་ཟད་བོད་ཀྱི་ལོ་ངོ་བཞི་སྟོང་སྔོན་གྱི་ཡིག་གཟུགས་ཡིན་ཞེས་བྲིས་འདུག   དེ་ལ་དགོད་བྲོ་ཞིང་ངུ་ཡང་བྲོ།ཐོན་མིས་ཡི་གེ་གསར་བཏོད་བྱེད་སའི་ཕ་བོང་ཁའི་གཤམ་དུ་འདི་ལྟར་བརྫུན་བཟོ་དང་ཧམ་པས་ཐག་གཅོད་བྱས་འདུག་པ་འདིས་ཐོན་མིའི་ཕོ་བྲང་བཞེངས་པ་ཡང་མག་མོག་ཏུ་བཏང་འདུག ཐོན་མིའི་ཕོ་བྲང་གི་སྒོ་ཁའི་རྡོ་རིང་གི་སྟེང་དུ་ཡང་ཐོན་མི་སམ་བྷོ་ཊས་བོད་ཡིག་བཅོས་ཞེས་དེང་སང་གི་ལྟ་བ་གསར་བ་དེ་བྲིས་འདུག
        འདི་ནི་འཆར་འགོད་པ་དག་གིས་འདང་རྒྱག་མ་ཤེས་པ་དེ་གསལ་བོར་མཚོན་ཏེ། རིག་གནས་འགྲེམ་སྟོན་ཁང་ཞིག་ཡིན་ན་ཡོངས་ཁྱབ་ཀྱི་ལྟ་བ་གཞི་འཛིན་པ་ལས་ཞིབ་འཇུག་པ་རེ་གཉིས་ཀྱི་ལྟ་བ་གསར་བ་དེ་བཀོད་ན་རྙོག་དྲ་ཆེན་པོ་ཡིན་པ་དེ་ཡང་ཤེས་མི་འདུག འདི་འདྲ་བའི་རིགས་བོད་ལྗོངས་རྟེན་མཛོད་ཁང་དུ་མེད་ལ་རྒྱ་མའི་སྲོང་བཙན་ཕོ་བྲང་དུ་ཡང་མི་འདུག རིག་གནས་ཀྱི་རྗེས་དྲན་དེ་དག་ཅིག་བསྡུར་ན་ཇུས་འགོད་པའི་རྣམ་དཔྱོད་ག་འདྲ་ཡིན་པ་གསལ་བོར་ཤེས་ཡོང༌། ད་ལྟ་སློབ་དེབ་སྒྲིག་དུས་ཀྱང་འགོ་གཙོའི་ལྟ་ཚུལ་གསར་བ་དེ་རིགས་བསྲེ་བའི་ནད་ཡམས་གསར་བ་ཞིག་གིས་ཁྱབ་འདུག
        འོ་ན་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་དམ་ཟེར་ན། ངས་ད་ལྟའི་བར་དུ་དེ་ལ་ཞིབ་འཇུག་བྱས་ཤིང་དེའི་སྐོར་གྱི་རྒྱུ་ཆ་དང༌། ལྷག་པར་ད་ལྟའི་བར་གྱི་ཐོན་མིའི་སྔོན་དུ་ཡི་གེ་ཡོད་མེད་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕལ་ཆེར་ཞིག་ཉར་ཚགས་བྱས་ནས་ཞིབ་འཇུག་བྱེད་ཀྱིན་ཡོད།
        སྔོན་གྱི་བོད་ཀྱི་མཁས་པ་དང་ཏུང་ཧོང་གཏེར་ཡིག རྒྱའི་ཡིག་ཚང་བཅས་སུ་སྲོང་བཙན་གྱི་སྔོན་དུ་ཡི་གེ་མེད་པ་གཅིག་མཐུན་ཡིན། ཡིན་ན་ཡང༌། ཕྱིས་སུ་བོན་པོ་དག་གིས་སྲོང་བཙན་སྔོན་དུ་ཞང་ཞུང་ཡི་གེ་ཟེར་བ་ཞིག་ཡོད་པར་བཤད་པས་ད་གཟོད་ཐོན་མི་ཡི་གེ་གསར་བཏོད་གནང་མཁན་ཡིན་མིན་ལ་རྩོད་པ་བྱུང༌།
        དེ་ཡང་གནད་གཏུག་ན་ཞང་ཞུང་ལ་ཡི་གེ་ཡོད་མེད་དང་ཞང་ཡིག་གི་ཡི་གེ་བོད་ཡིག་ཡིན་མིན་དེ་རེད། བོན་པོ་དག་གིས་སྟོན་པ་གཤེན་རབ་ཀྱིས་བཟོས་པའི་ཡི་གེ་སྟག་གཟིག་གི་ཡི་གེ་ཡིན་ལ། བོན་གྱི་བསྟན་བཅོས་དག་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར། དེ་ནས་བོད་ཡིག་ལ་བསྒྱུར་སྐད། དེ་ལས་བལྟས་ན་ཞང་ཞུང་གི་ཡི་གེ་བོད་ཡིག་མིན་པ་དེ་ནི་བོན་གྱི་མཁས་པ་དག་གིས་ཁས་བླངས་པ་དེ་རེད། ཡིན་ན་ཡང་ཞང་ཞུང་ལ་ཡི་གེ་མེད་པ་ནི་བཙན་པོའི་དུས་རབས་སུ་བྲིས་པའི་རྒྱའི་ཡིག་ཚང་ལས་གསལ་བོར་བཀོད་ཡོད་པས་ལྟ་ཚུལ་དེར་ཐེ་ཚོམ་མི་ཟ་ཀ་མེད་རེད།
        ད་ལྟ་མཐོང་རྒྱུ་ཡོད་པའི་སྨར་ཆེན་དང་སྨར་ཆུང༌། གཟི་ཡིགལྷ་བབས་ཀྱི་ཡི་གེཤམ་བྷ་ལའི་ཡི་གེ་སོགས་ནི་ད་ལྟའི་མཁས་པ་ལ་ལས་འོལ་ཚོད་ཀྱིས་སྲོང་བཙན་སྔོན་གྱི་ཡི་གེ་ཡིན་པར་བཤད་པ་ལས་ཁུངས་གཏན་ནས་མི་འདུག དེ་དག་ནི་ཕལ་ཆེར་དུས་རབས་བཅུ་གཅིག་བཅུ་གཉིས་ཀྱི་རྗེས་ནས་བྱུང་བའི་སྒྱུ་རྩལ་གྱི་ཡི་གེ་ཞིག་མ་གཏོགས་བོད་ཡིག་གི་སྔོན་ནས་བྱུང་བ་ཞིག་མིན་པ་ཁ་ཚོན་ཆོད་པ་རེད།
        དེ་བཞིན་སྐུ་འབུམ་ཤིང་དཔར་ན་རྒྱལ་མོ་ཚ་བ་རོང་གི་ཡི་གེ སྲིན་པོའི་ཡི་གེ སིང་སྐྲི ཏྲི་ཏ་སུག་ཐུང་གི་ཡི་གེ ཨོ་རྒྱན་མུ་སྟེགས་ལོག་པའི་ཡི་གེ མཁའ་འགྲོ་བརྡ་ཡིག་ཟེ་ཆེན། ཨོ་རྒྱན་ཟངས་གླིང་གི་ཡི་གེ མཁའ་འགྲོ་བརྡ་ཡིག་ཟེ་ཆུང༌། གཏེར་ཡིག་ལུགས་མི་འདྲ་བ་བཞི། ཟ་ཧོར་གྱི་ཡི་གེ མཁའ་འགྲོ་ཟེ་ཆུང་ལུགས་གཅིག བཀའ་བཏགས་འཕྲུལ་ཡིག རཏྣ་གླིང་བའི་ལུགས་སོགས་ཡིག་གཟུགས་མི་འདྲ་བ་དྲུག་ཅུ་བཀོད་ཡོད། དེ་ལས་གཞན་ད་དུང་ཆག་ལོའི་ཡིག་གསར། འགོས་ལོའི་ཡིག་གསར། སྐྱོགས་ལོའི་ཡིག་གསར། ཐར་ལོའི་ཡིག་གསར། ངོ་མཚར་ཡིག་གསར། གོང་དཀར་རྡོ་རྗེ་གདན་པའི་རྡོར་གདན་ཡིག་གསར། རིན་སྤུངས་ཡིག་གསར། རྒྱ་སེར་གྱི་ཡིག་གཟུགས་དང་ཕྱོགས་མཐུན་པའི་ཡིག་གསར། དཀྲུགས་ཡིག་ལ་གཉིས་དཀྲུགས། གསུམ་དཀྲུགས། བཞི་དཀྲུགས། སུམ་ཅུ་དཀྲུགས། བཅོ་ལྔ་དཀྲུགས་སམ་ཕྱེད་དཀྲུགས། ཨང་ཡིག་འབྲི་སྲོལ་མི་འདྲ་བ་གཉིས། ཆོས་རྒྱལ་འཕགས་པས་མཛད་པའི་ཧོར་ཡིག་སྟེ་བོད་ཡིག་གི་རྣམ་གྲངས་ཁྱོན་བསྡོམས་སུམ་ཅུ་སོ་གཅིག་པོ་དག་ཀྱང་རྗེས་ནས་བྱུང་བ་མ་གཏོགས་སྔོན་ནས་བྱུང་བ་ཞིག་གཏན་ནས་མིན།
        བོད་ཀྱི་མཁས་པའི་ཁ་དཔེ་ལ་གཏེར་སྟོན་རེ་ལ་ཡི་གེ་རེ་ཞེས་པའི་དཔེ་ལྟར་རྙིང་མའམ་བོན་པོ་གང་ཞིག་གིས་དཔེ་ཆ་གཏེར་ལ་སྦས་དུས་དཔེ་ཆ་དེ་གསང་བ་གཞན་གྱིས་མི་ཤེས་པའི་ཆེད་དུ་རང་གིས་ཡི་གེ་ཞིག་གསར་བཏོད་བྱས་ནས་དེར་བྲིས་ཏེ་གཏེར་ལ་སྦས་ཤིང་ཡི་གེ་དེ་རང་གི་སློབ་མའམ་ཡང་ན་བུ་ཕྲུག་ལ་གསང་བས་ཁྲིད་དེ་གཏེར་འདོན་རག་བར་དུ་རྒྱུན་ཆད་དུ་མི་འཇུག་ལ། ལ་ལ་དག་སྣང་གི་རྒྱུད་པ་རེད། ནམ་ཞིག་གཏེར་དེ་བཏོན་ནས་ཡི་གེ་དེ་ལ་དབུ་ཅན་ནམ་དབུ་མེད་དུ་ཕབ་སྟེ་དེ་ནས་བཟུང་ཡི་གེ་དེ་མཁོ་མེད་དུ་གྱུར་པ་རེད། དེ་བས་གཏེར་ཡིག་གི་ཡིག་གཟུགས་མི་འདྲ་བ་མང་བོ་ཞིག་འབྱུང་དོན་ཡང་དེ་ལ་ཐུག་ཡོད། འོན་ཀྱང་ཡོད་ཚད་གཏེར་ཡིག་མ་ཡིན་ཏེ། རིན་སྤུངས་ཡིག་གསར་སོགས་མང་བོ་ཞིག་བོད་ཡིག་མཛེས་རྩལ་དུ་བསྒྱུར་བས་བྱུང་བ་ཡིན།
        དེ་བས་མང་བོ་ཞིག་གིས་གཏེར་ཡིག་གི་ཡིག་གཟུགས་དེ་བོད་ཀྱི་ཡིག་རྙིང་ཞིག་ཡིན་ཞེས་འོལ་ཚོད་བྱེད་ཀྱིན་ཡོད་པ་དང་ལ་ལས་དེ་བས་ཀྱང་ཐལ་དྲགས་ནས་ཐོན་མིའི་སྔོན་གྱི་ཡིག་རྙིང་ཡིན་ཞེས་ཁ་ཚོན་གཅོད་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་ཡང་ཐོན་མིའི་སྔོན་ན་ཡི་གེ་ཡོད་ན་བོད་ཀྱི་ཡི་གེའི་རྒྱུན་རིང་བ་ལ་ཕན་ཞིང་གཞན་གྱི་ལོ་རྒྱུས་ཀྱི་རྗེས་ཆོད་ཅེས་ལ་རྒྱ་ཡིན་ཁུལ་གྱིས་བདག་ལ་ཡང་ལྐོག་ཏུ་ཁ་བརྡ་བྱེད་མཁན་ཡང་ཡོད་དེ་དེ་ལྟ་བུའི་རྫུན་རྒྱབ་རྫུན་གྱིས་བྱེད་པའི་བླུན་པོའི་བྱེད་ཐབས་དེར་བདག་ཞེ་མུག་བྱུང༌།
        སྐབས་འདིར་བདག་གིས་དགོད་བྲོ་བའི་རིག་གཞུང་གི་ཐག་གཅོད་ཅིག་དྲན་བྱུང་སྟེ། ནམ་ཞིག་ལ་ཨ་མདོའི་ཟི་ལིང་གི་བོད་ཀྱི་གསོ་བ་རིག་པ་ཅི་ཡང་མི་ཤེས་པའི་དཔོན་པོ་ཞིག་གིས་བོད་ལུགས་སྨན་པ་སྐོར་ཞིག་བསྡུས་ནས་བོད་ཀྱི་གསོ་རིག་གི་ཁུངས་རྒྱ་གར་དང་རྒྱ་ནག་ལ་གཏུགས་ན་མི་རིགས་གཞན་ལ་གཏུག་པ་ཡིན་པས་ངེས་པར་ཞང་ཞུང་ལ་གཏུགས་ན་ཇི་འདྲ་ཞེས་གྲོས་གཞི་ཞིག་བཏོན་པར་སྨན་པ་ཉུང་ཤས་ཤིག་གིས་གསོ་རིག་གི་ལོ་རྒྱུས་དོན་དངོས་ལ་བསྟུན་དགོས་ཞེས་བཤད་ཀྱང་མཇུག་ཏུ་མི་རིགས་ཀྱི་ལ་རྒྱར་བསམ་ནས་དེ་ལྟར་ན་བཟང་ཞེས་ངོ་སོ་བསྟད་པས་བོད་ཀྱི་གསོ་རིག་གི་ཁུངས་བཟོ་བཅོས་བྱེད་པའི་མགོ་བརྩམས་པའི་ཚུལ་དེ་དྲན་བྱུང༌།
        མི་རིགས་ཀྱི་ལ་རྒྱར་བསམ་ནས་ལོ་རྒྱུས་ལ་བརྫུན་བཟོ་བྱེད་པ་འདི་ཇི་འདྲའི་ཡ་ང་ཨང༌། འདི་ལྟ་བའི་བོད་ཀྱི་ལོ་རྒྱུས་ལ་བརྫུན་བཟོ་བྱེད་པའི་ཚོགས་འདུ་འདི་རིགས་གཟུར་གནས་པའི་མཁས་པ་ཞིག་གིས་གཏན་ནས་བྱེད་མི་སྲིད་ཀྱང་དེང་སང་ཇེ་མང་དུ་འགྲོ་བཞིན་པ་འདིས་སྐྱེལ་ཡོང་བ་ནི་ལོ་རྒྱུས་ཀྱི་བདེན་པ་མ་ཡིན་པར་ལ་རྒྱ་བརྫུན་མ་ཞིག་ཡིན་ལ། ལྷག་པར་མི་རབས་རྗེས་མ་མང་བོ་ཞིག་ལ་རྒྱའི་ནོར་འཁྲུལ་གྱི་གཡང་དུ་འཕེན་ངེས་རེད་སྙམ་བྱུང༌།
        རིག་གནས་ཀྱི་རིན་ཐང་ནི་དེའི་ངོས་ནས་ཐོན་དགོས་པ་མ་གཏོགས་ལོ་རྒྱུས་རིང་བས་ཕན་པ་ཏིལ་འབྲས་ཙམ་ཡང་མེད་པ་རེད། བོད་ཡིག་ནི་འབྱུང་ཕྱིས་པའི་ཡི་གེ་ཞིག་ཡིན་པས་དགུང་ལོའི་ཆ་ནས་ད་དུང་གཞོན་པ་ཞིག་ཡིན་ན་ཡང༌། རིན་ཐང་གི་ཆ་ནས་འཛམ་གླིང་གི་ཡིག་རིགས་ཀུན་གྱི་རྩེ་མོར་སོན་འདུག་པ་འདིས་ང་ཚོར་ངོ་གནོང་དགོས་པ་ག་རེ་ཡོད་དམ། དེ་བཞིན་བོད་ཀྱི་གསོ་རིག་རྒྱུད་བཞི་ཡང་དགུང་ལོ་གཞོན་པ་དེ་ཡང་རྒྱ་དཀར་ནག་སོགས་མཐའི་གསོ་རིག་གི་ཉིང་བཅུད་བསྡུས་པ་ལས་དེའི་སྔོན་ནས་ཡོད་ན་གཡུ་ཐོག་རྙིང་མ་རྐུ་མ་ལས་མཁས་པ་ཞིག་མིན་པར་གྱུར་པས་གཡུ་ཐོག་གི་རྗེས་འབྲངས་པ་དག་གི་ལ་རྒྱ་དེར་དགོད་བྲོ་བ་ཞིག་མ་ཡིན་ནམ། རིག་གནས་ཕོ་བྲང་འདིར་ཡང་བདག་གིས་གསོ་རིག་གི་ལོ་རྒྱུས་ཀྱི་ཆ་ནས་དེ་འདྲ་མཐོང་བྱུང༌།
        ད་ལྟ་བོན་པོ་ཡིན་ན་ཞང་ཞུང་ལ་གཏུག་པའི་སྲོལ་ཞིག་ཡོད་མོད། བོན་ནི་ཆོས་ཀྱི་བརྡ་རྙིང་ཞིག་ལས་ཞང་ཞུང་གི་བོན་པོ་ཡིན་ག་ལ་དགོས། བོད་རང་ས་ནས་བྱུང་བའི་དམར་མཆོད་ལ་དགའ་བའི་སྲིད་པའི་བོན་པོ་དེ་དག་དང་ཞང་ཞུང་གི་བོན་པོ་གཉིས་གཏན་ནས་མི་འདྲ་ཞིང༌། བོད་ཀྱི་བོན་པོའི་གསོ་རིག་དང་ཞང་ཞུང་གི་བོན་པོའི་གསོ་རིག་ཀྱང་གཏན་ནས་མི་འདྲ། ཏུང་ཧོང་གཏེར་ཡིག་གི་གསོ་རིག་ལས་དཔྱད་ཡིག་འདི་ནི་ཕྱག་སྦལ་དུའང་མེད་དེ་དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་ཞེས་པས་བོད་དང་ཞང་ཞུང་གི་གསོ་རིག་གཉིས་སོ་སོ་བ་ཡིན་པ་ཆེས་གསལ་ཏེ་བོད་ཀྱི་གསོ་རིག་དེ་ཞང་ཞུང་གི་གསོ་རིག་ཡིན་ན་བཙན་པོའི་རྒྱལ་སར་ཡང་མེད་པའི་རྒྱུ་མཚན་ཅི། འདི་ནི་བོན་པོ་ལ་ཞིབ་འཇུག་བྱེད་མཁན་དག་གིས་ངེས་པར་ཤེས་དགོས་པ་ཞིག་རེད།
        ངས་སྐད་ཆ་འདིས་གཞན་འགའ་ཞིག་ལ་ཁོང་ཁྲོ་སློང་མོད། ང་ནི་རིག་གནས་ཀྱི་ལྟ་བ་ངོ་སྲུང་ལ་བརྗེ་མཁན་ཞིག་གཏན་ནས་མིན་པས་སྐད་ཆ་བདེན་པར་བདེན་ཐུབ་བཤད་པར་དགའ་བ་ལས་ལ་རྒྱའི་ཆེད་དུ་ལོ་རྒྱུས་སུབ་མཁན་ཞིག་གཏན་ནས་མིན། ཕྱོགས་ལྷུང་མེ་འབར་བ་སྐོར་ཞིག་གིས་ཨ་ལགས་ཚེ་ཏན་དང་རྗེ་དམུ་དགེ་བསམ་གཏན། ད་དུང་དེའི་གྲས་ལ་ང་བཞག་ནས་ཕྱོགས་ལྷུང་མཁན་ཞེས་སྨོད་ཀྱང་ཇི་ལྟར་སྡིགས་མཁན་མང་ན་དེ་ལྟར་བཤད་ངེས་ཡིན་ཏེ་ལོ་རྒྱུས་ཀྱི་བདེན་པ་ནི་སྡིགས་མོས་འགོག་ཐུབ་པ་ཞིག་ག་ལ་ཡིན།
        རིག་གནས་འགྲེམ་སྟོན་ཁང་འདིའི་བདེན་བརྫུན་བསྲེས་པའི་འགྲེམ་སྟོན་དེ་ལ་དགའ་སྐྱོ་ཟུང་འབྲེལ་གྱིས་བལྟས་རྗེས། དེར་ཡོད་པའི་བོད་ཁྱི་ཚོང་བའི་རྭ་བ་ཞིག་ཡོད་པ་དེར་སོང༌། འདིར་བོད་ས་གནས་སོ་སོ་ནས་འཁྱེར་ཡོང་བའི་བོད་ཁྱི་དག་ལྕགས་དྲར་བཅུག་ནས་ཡོད་ཅིང༌། དེ་དག་གིས་ངེད་ཅག་མཐོང་རྗེས་ཞེ་སྡང་དྲག་པོས་ཟུག་བྱུང༌། བོད་ཀྱི་རིག་གནས་ཕོ་བྲང་དང་ཁྱི་ཚོང་ར་བར་གཅིག་ཏུ་ཡོད་པ་འདིས་བདག་ལ་སྐྱོ་བ་ཞིག་ངང་གིས་སྐྱེས་བྱུང་ལ་འཇིགས་སྔངས་ཤིག་ཀྱང་ངང་གིས་སྐྱེས་བྱུང༌།
        བདག་གི་སེམས་པ་སྟོང་ལྷང་ངེར་གྱུར་སོང༌། སེམས་པ་སྟོང་ལྷང་ངེར་བོད་ཁྱི་འདི་དག་གི་ངོ་གདོང་ལ་ལྟ་དུས། ཞེ་སྡང་གིས་མིག་རྩ་དམར་བོར་གྱུར་ཅིང་བདག་ཅག་ལ་དགྲ་རུ་འཛིན་གྱིན་འདུག བོད་ཁྱི་ལས་ངན་འདི་དག་གིས་ད་དུང་ཞེ་སྡང་གིས་ངེད་ཅག་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་བའི་ཁུར་དུ་འཛིན་པའི་བདག་ཅག་ལ་ཟུག་ཅིང་རང་ཉིད་འཚོང་མཁན་ལ་རྔ་མ་གཡུགས་པ་འདིས་དེ་བས་ཀྱང་བདག་སེམས་སྐྱ་མོ་ཐང་ལ་ལྷུང་བ་བཞིན་གྲང་ཤུར་རེར་གྱུར་སོང༌། དེ་བས་བདག་སྔོན་ནས་འགྲོ་འདོད་པའི་བོད་ཀྱི་ཆབ་སྲིད་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཚང་ལ་འགྲོ་རྒྱུ་ཡང་བརྗེད་སོང༌།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།