མངའ་རིས་ནས་བོད་ཀྱི་གནའ་བོའི་ཡི་གེས་བྲིས་པའི་དཔེ་ཆ་རྙེད་པར་བརྟག་པ།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-20 09:11:00 ཀློག་གྲངས།:
        བོད་ཀྱི་ཡི་གེ་འབྱུང་ཁུངས་བརྗོད་པའི་དཔྱད་རྩོམ་མང་བོ་ལས་མངའ་རིས་ན་བོད་ཀྱི་གནའ་བོའི་ཞང་ཞུང་གི་ཡི་གེས་བྲིས་པའི་དཔེ་ཆ་ཞིག་རྙེད་ཚུལ་བཀོད་ཡོད། བདག་གིས་དེའི་སྐོར་གྱི་དཔྱད་གཞི་ཞིག་ལག་ཏུ་སོན་པར་རེ་བས་རྩོལ་བ་མང་བོ་བརྟེན་ན་ཡང༌། ད་ལྟའི་བར་དུ་དེ་ཉིད་ཀློག་པ་བོའི་སྤྱན་སྔར་འགྲེམ་ཐུབ་མེད།
        དེ་རིང་མ་བསམ་ས་ནས་རྒྱ་ཡིག་གི《ཀྲུང་གོའི་བོད་ལྗོངས》1993ལོའི་དེབ་གཉིས་པ་བམ་ཀློག་བྱེད་དུས་མ་བསམ་ས་ནས་སྤེན་རྡོ་དང་ཀྲང་དབྱིན་གཉིས་ཀྱིས་བྲིས་པའི《གནའ་བོའི་བོད་ཀྱི་ཡི་གེས་བྲིས་པའི་དཔེ་ཆ་ཞིག》①ཅེས་པའི་རྩོམ་ཡིག་མཐོང་བྱུང་བ་མ་ཟད། དེ་དང་ལྷན་དུ་དཔེ་ཆ་དེའི་པར་ཞིག་ཀྱང་བཀོད་ཡོད་པ་རེད།
        ཐོག་མར་བདག་གིས་པར་དེ་ལ་ཞིབ་ཏུ་བལྟས་པ་ན་དཔེ་ཆ་དེ་ནི་དཔར་མ་ཞིག་སྟེ། གཡོན་དུ་ལྡེབ་གྲངས་ཨ་རབ་ཀྱི་ཨང་གིས་བྲིས་འདུག  འདྲ་པར་དེ་ལས་མཐོང་ཐུབ་པ་ནི་དཔེ་ཆ་དེ་སྔོན་ཆད་ཀྱི་དཔེ་ཆ་ཞིག་མ་ཡིན་པ་གསལ་བོ་མཚོན་ཐུབ་སྟེ། ཤོག་བུའི་རྒྱུ་སྤུས་བཟང་བ་དང་གཅིག  ཤིང་པར་གྱི་ལེགས་རྩལ་བཟང་བ་དང་གཉིས། དེང་རབས་རྒྱུགས་ཆེ་བའི་ཨ་རབ་ཀྱི་ཨང་གི་བཀོད་པ་དང་གསུམ་བཅས་ཀྱིས་དཔེ་ཆ་དེ་མ་མཐའ་ཡང་བཅིང་བཀྲོལ་ཡས་མས་ཀྱི་དཔེ་ཆ་ཞིག་ཡིན་པས་གནའ་རྫས་རིག་པ་ལས་བལྟས་ན་དེ་ལ་རིན་ཐང་ཆེན་པོ་མི་འདུག
        རྩོམ་ཡིག་དེ་ལས། 1990ལོའི་དབྱར་ཁར་མངའ་རིས་སྟག་བྲག་རྫོང་གི་བོད་ཀྱི་སྨན་པ་ཞིག་གི་ལག་ཏུ་མཐོང་བས་དེ་ནི་ཁོ་རང་གིས་མེས་པོ་ནས་བརྒྱུད་པའི་ཁྱད་ནོར་ཞིག་ཡིན་པས་གཞན་གྱི་ལག་ཏུ་སྤྲོད་འདོད་མེད་ཚུལ་བཀོད་འདུག  གལ་ཏེ་འདི་ཉིད་པར་དུ་བསྐྲུན་ཐུབ་ན་བོད་ཀྱི་ཡི་གེའི་ལོ་རྒྱུས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་ཚུལ་བཀོད་ཡོད། ད་དུང་ཁོ་ཚོས་དཔེ་ཆ་འདི་ལས་གཟི་ཡིག་དང༌། ཞང་ཞུང་ཡི་གེ བོད་ཡིག  ལེགས་སྦྱར་གྱི་ཡི་གེ་བཅས་ཤན་སྦྱར་དུ་བཀོད་ཡོད་པ་དང༌། ཁོ་ཚོས་འདྲ་འགའ་ཞིག་བླངས་པ་དག་མཁས་པ་དག་གི་སྤྱན་སྔར་བཀོད་ན་ཞིབ་འཇུག་ལ་མདངས་གསར་བ་སྣོན་ཐུབ་ངེས་ཞེས་བཀོད་ཡོད།
        ཕངས་པ་ཞིག་ལ། ང་ཚོས་འདི་ནི་དཔྱད་གཞིའི་རིན་ཐང་ཆེན་པོ་ཞིག་ཡོད་པ་མཐོང་མ་སོང༌། རྒྱུ་མཚན་ནི་གཟི་ཡིག་གནའ་ཡིག་ཅིག་ཡིན་པའི་སྒྲུབ་བྱེད་ཅིག་ད་དུང་སུས་ཀྱང་བསྟན་མེད་པ་དང༌། ང་ཚོས་ཡིག་གཟུགས་འཕེལ་བའི་ལོ་རྒྱུས་ལས་དཔྱད་ན་ཡང་གཟི་ཡིག་ནི་བོད་ཀྱི་ཡི་གེ་སྒྱུ་རྩལ་གྱི་ལམ་དུ་བསྙེགས་པའི་ཡིག་གཟུགས་ཤིག་ལས་གནའ་བོའི་ཡི་གེ་ཡིན་པ་སུས་ཀྱང་བསྒྲུབ་ཐུབ་མེད། གཟི་ཡིག་འདི་ནི་དར་ཕྱིས་པའི་དབང་གིས་དེང་གི་ཆེད་ལས་མཁས་པ་མཐོང་རྒྱ་ཆུང་བ་དག་གིས་མཐོང་ཐུབ་མེད།
        ལོ་རྒྱུས་ལ་དབྱེ་ཞིབ་ཐད་དུ་ལ་ལས་གཟི་ཡིག་འདི་ལོ་སྟོང་ཕྲག་འགའ་དང་ཡང་ན། ལོ་ཁྲི་ཕྲག་འགའི་ལོ་རྒྱུས་ཡོད་ཅེས་འུར་རྒྱག་བཞིན་ཡོད་མོད། དེ་ནི་མཐའ་ཆོད་པའི་དཔྱད་པ་ཞིག་གཏན་ནས་མ་རེད། དེ་དག་གིས་གཟིའི་ལོ་རྒྱུས་ལ་བརྟེན་ནས་གཟི་ཡིག་ལ་བསྡོམས་ཚིག་བཀོད་པའི་དགོད་བྲོ་བའི་ལྟ་བ་ཞིག་རེད། གཟི་ཡིག་ནི་གཟིའི་རི་མོ་ལ་ལད་མོད་བྱས་ནས་བྲིས་པའི་ཡི་གེ་ཞིག་ལས། གཟི་དང་དུས་མཉམ་དུ་བྱུང་བའི་ཡི་གེ་ཞིག་གཏན་ནས་མིན་ལ། གཟིའི་སྟེང་དུ་བྲིས་པའི་ཡི་གེ་ཞིག་ཀྱང་གཏན་ནས་མ་རེད། སྐུ་ཞབས་དེ་དག་ནི་གཟི་ཡིག་ཅེས་པའི་གཟིའི་སྟེང་དུ་བྲིས་པའི་ཡི་གེ་ཞིག་ལ་ངོས་བཟུང་ནས་བཤད་པས། གཟི་ཡིག་ལ་བརྟེན་ནས་བོད་ཡིག་གི་འབྱུང་ཁུངས་ལོ་ངོ་ཁྲི་ཕྲག་འགའི་སྔོན་དུ་འདེད་པ་དེ་དགོད་བྲོ་བ་ཡིན་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པ་རེད། ལ་ལས་ཆེད་དུ་གཟི་ཡིག་ཅེས་གླེང་ནས་ལོ་རྒྱུས་དངོས་མི་ཤེས་པ་དག་ལ་ཆེད་དུ་མགོ་སྐོར་གཏོང་བའི་ཆེད་དུ་བཤད་པ་ཡང་ཐོས་མོད་དེ་དག་ནི་ཞིབ་འཇུག་པ་བརྫུན་མ་ཞིག་ལས་མ་འདས་པས་དེ་དག་གི་སྐད་ཆ་ལ་རིན་ཐང་ཅི་ཡང་མེད་དོ།།
        ཕངས་པ་ཞིག་ལ་ང་ཚོས་གཟི་ཡིག་གསར་བཏོད་གནང་མཁན་སུ་ཞིག་ཡིན་པ་མི་ཤེས་ན་ཡང༌། གསལ་བོ་ཤེས་ཐུབ་པ་ནི་གཟི་ཡིག་བོད་ཡིག་ཡིན་ལ་གཟི་ཡིག་འཁྲུངས་ནས་ལོ་མང་བོ་འགོར་མེད་པ་དེ་རེད། འདི་ནི་ཡིག་གཟུགས་འཕེལ་བའི་ལོ་རྒྱུས་ལས་བསམ་ན་གསལ་བོ་ཤེས་ཐུབ་སྟེ། གཟི་ཡིག་ནི་བོད་ཡིག་གི་སྒྱུ་རྩལ་གྱི་ཡི་གེ་ཞིག་ཡིན་པས་སོ། །
        འདིའི་ཞོར་ལ་བཤད་རྒྱུ་ཞིག་ནི་མཚོ་སྔོན་ཉིན་རེའི་གསར་འགྱུར་སྟེང་དུ་མངའ་རིས་ནས་བྲག་ངོས་ནས་བོད་ཀྱི་གནའ་བོའི་ཞང་ཞུང་ཡི་གེ་རྙེད་ཚུལ་ཞིག་བཀོད་པ་རེད། བདག་གིས་གསར་འགྱུར་དེ་དངོས་སུ་མ་མཐོང་མོད། དེ་བཀོད་མ་ཐག་ཏུ་སྙན་ངག་པ་ཡི་དམ་ཚེ་རིང་གིས་སྙན་ངག་ཅིག་བྲིས་ནས། མེས་པོའི་བློ་གྲོས་ལ་བསྟོད་བསྔགས་བྱས་པ་རེད།②ཕངས་པ་ཞིག་ལ་ཁོང་གིས་ཀྱང་དངོས་སུ་ཞིབ་འཇུག་བྱས་མྱོང་མེད། བདག་གིས་དེའི་སྐོར་ལ་དོ་སྣང་བྱས་ནས་མངའ་རིས་པ་དག་ལ་དྲིས་མོད། ཁོ་ཚོས་དེ་ལ་ཆ་རྒྱུས་ཅི་ཡང་མེད་ཅིང་གསར་འགྱུར་དེ་བསྒྲགས་པ་ཙམ་ལས། རྗེས་སུ་ཡིག་གཟུགས་དེ་གཏན་ནས་ཞིབ་འཇུག་གི་ལམ་དུ་སླེབས་མེད་པ་རེད། གལ་ཏེ་བདེན་ན་དེ་ནི་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པ་སྨོས་མེད་རེད།
        ལོ་འགའི་སྔོན་དུ་བོད་ཡིག་གི་ཁུངས་ཞང་ཞུང་ཡི་གེ་ཡིན་པར་སྒྲུབ་ཀྱིན་པའི་སྐུ་ཞབས་ཚེ་རིང་ཐང་ལགས་ཀྱིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལས་གཏམ་བཤད་སྤེལ་དུས། སློབ་མ་ཞིག་གིས་དེའི་སྐོར་ལ་དྲི་བ་བྱས་པའི་ལན་དུ། ཁོང་གིས་དེ་ནི་ངེས་གཏན་ཡོད་པ་ཞིག་མ་རེད། གལ་ཏེ་དེ་ལྟ་བུའི་ཁུངས་སུ་བྱེད་ན་ངའི་ལག་ཏུ་དེ་ལྟ་བུའི་ཡིག་གཟུགས་མང་བོ་ཡོང་ཡོད། དེ་ལས་བསྒྲུབ་ཐུབ་པ་མ་རེད་ཅེས་གསུངས་འདུག དེ་ནི་ཁོང་གིས་དངོས་སུ་མཐོང་ནས་ཞིབ་འཇུག་བྱས་པའི་སྐད་ཆ་ཡིན་པས་ཡིག་གཟུགས་དེ་མཐོང་མ་མྱོང་བར་དཔྱད་བརྗོད་སྤེལ་མཁན་དག་ལ་མཚོན་ན་ཤིན་ཏུ་གལ་ཆེན་པོ་རེད།
        2006ལོར་རྒྱ་ཡིག་གི་བོད་ཀྱི་བྲག་བརྐོས་རི་མོ་དཔེ་ཆ་དཔར་དུ་བསྐྲུན་པ་རེད། དེ་ནི་ཞིབ་འཇུག་གི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་སྟེ། དེ་ལས་ད་སྔ་རྙེད་པའི་བྲག་བརྐོས་རི་མོ་དག་བཀོད་ཡོད་པ་རེད། དེ་ལས་བཀོད་པའི་རི་མོ་ལས། ཨོཾ་རེ་གཉིས་ཡོད་པ་རེད། དེ་ནི་བོད་ཡིག་ཡིན་པ་ལས་ད་ལྟ་བཤད་པའི་ཞང་ཞུང་གི་ཡི་གེ་མིན་ལ། གཟི་ཡིག་ཀྱང་གཏན་ནས་མ་རེད། དེ་བས་ད་ལྟའི་གནས་ཚུལ་ལ་བལྟས་ན་མངའ་རིས་ནས་གནའ་བོའི་ཞང་ཞུང་ཡི་གེ་རྙེད་ཟེར་བ་དང༌། ཡི་གེ་དེས་བྲིས་པའི་དཔེ་ཆ་རྙེད་ཟེར་བ་བརྫུན་གཏམ་འབའ་ཞིག་ཡིན་པ་དེ་རེད།
མཆན་འགྲེལ།
①  《中国西藏》1993年第二期 P 34
② 叶丹才让《雪狮集》 P


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།