བོད་ཀྱི་ཚན་རྩལ་ལོ་ཙཱའི་བྱ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཐོག་མའི་བགྲོ་གླེང་།
ནང་དོན་གནད་བསྡུས། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཚན་རིག་ལག་རྩལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་སུ་སོང་ཏེ་འབྲེལ་ཡོད་ཀྱི་གཞུང་ལུགས་ཇེ་རྒྱས་དང་ལག་རྩལ་ཇེ་ཞིབ། བྱེད་སྒོ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ན། དུས་རབས་གསར་བའི་ནང་བོད་ཀྱི་ཚན་རྩལ་ལོ་ཙཱའི་ཐད་ལ་གནད་དོན་གང་འདྲ་ཡོད་པ་དང་ཇི་ལྟར་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་ལ་བགྲོ་གླེང་ཙམ་བྱས་ཡོད།
གནད་འགག་མིང་བརྡ། ཚན་རྩལ། ཚན་རྩལ་ལོ་ཙཱ།
རང་ཅག་བོད་མི་རིགས་ནི་ལོ་རྒྱུས་རིང་ཞིང་ལས་ལ་བརྩོན་པ། སྙིང་སྟོབས་ཆེ་ཞིང་བློ་གྲོས་ལྡན་པ་ཞིག་ཡིན་ལ། འཛམ་གླིང་མི་རིགས་དང་ཀྲུང་ཧ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོའི་ནང་གནའ་སྔ་མོ་ནས་རང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་། ཕུན་སུམ་ཚོགས་པའི་སྐད་དང་ཡི་གེ ཡིད་དབང་འཕྲོག་པའི་སྲོལ་རྒྱུན་གྱི་རིག་གནས་བཅས་གཞན་དྲིང་མི་འཇོག་པ་ཞིག་ཆགས་ཡོད། བོད་ཀྱི་སྐད་དང་ཡི་གེ་ལ་མཚོན་ན་ད་ལྟའི་བར་རང་མི་རིགས་ནང་ཁུལ་དང་མི་རིགས་གཞན་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་ཟིན་ཐོར་འགོད་པ་དང་གནའ་དེང་གི་བརྡ་འཕྲིན་སྣ་ཚོགསའདོན་སྤྲོད་བྱེད་པ། རིག་གནས་ཤེས་བྱ་སྤེལ་བ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་བཞིན་པའི་སྒང་རེད། ལྷག་པར་དུ་འཛམ་གླིང་ཡོངས་ཀྱི་སྐད་དང་ཡི་གེ རིག་གནས་བཅས་ཀྱི་བརྗེ་རེས་ཁྲོད། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་ཞི་བདེ་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བར་སྨོན་འདུན་འཆིང་བ་ནི་སྐད་ཡིག་གཞན་ལ་མེད་ཅིང་རང་ཅག་བོད་ཀྱི་སྐད་ཡིག་ལ་ཁྱད་པར་དུ་ཡོད་པའི་གཞན་ཕན་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན། དུས་རབས་ཉེར་གཅིག་པའི་ནང་དུ་བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་དང་། མི་དམངས་མང་ཚོགས་ཕྱུག་པོར་སྒྱུར་བ། བོད་ཀྱི་འཚོ་བར་ཞབས་འདེགས་ཞུ་བ་སོགས་དངོས་པོའི་དཔལ་ཡོན་སྤེལ་དགོས་ན་ངེས་པར་དུ་ཚན་རིག་ལག་རྩལ་ཅེས་པ་གང་ཡིན་པ་དང་། ཚན་རིག་ལག་རྩལ་གྱི་བསྟན་དོན་ཅི་ཞིག་ཡིན་པ། དེ་ལ་བྱེད་ནུས་གང་འདྲ་ཡོད་པ། ཇི་ལྟར་སློབ་དགོས་པ་སོགས་ཀྱི་གནད་དོན་དག་རང་གི་ཕ་སྐད་ཀྱི་སྟེང་ནས་གོ་བརྡ་སྤྲོདདགོས་ཕྱིར་ལོ་ཙཱའི་བྱ་བ་འདི་ལ་བསྟེན་དགོས་པ་མ་ཟད། རྒྱ་ཆེའི་མི་རིགས་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་དང་། ལས་རིགས་ཁག་གི་འཇོན་ཐང་ལྡན་པའི་སྲིད་འཛིན་མི་སྣའི་ལྷག་བསམ་གྱི་རྒྱབ་སྐྱོར་ལ་ཡང་ཤིན་ཏུ་རག་ལས་བས། དེ་རྣམས་ཀྱི་མཉམ་འབྲེལ་གྱི་སྟོབས་ཤུགས་ལ་བསྟེན་ནས་བསམ་གཞིགས་ཡོད་པ་དང་། རྩ་འཛུགས་ཡོད་པ། འཆར་གཞི་ཡོད་པ། གོ་རིམ་ཡོད་པ ། ཞིབ་འཇུག་བྱེད་པ། མཉམ་སྒྲུབ་བྱེད་པ། དྲིལ་བསྒྲགས་བྱེད་པ། དངོས་འབེབས་བྱེད་པ། གྲུབ་འབྲས་གསལ་བ། ཁྲིམས་སྲོལ་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་ཡོད་པའི་སྟེང་ནས་ཚན་རྩལ་ལོ་ཙཱའི་ཞིབ་འཇུག་གི་བྱ་བཞག་ལ་ཕྱོགས་ཡོངས་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས།
ད་ལྟ་བོད་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་སློབ་མ་འགའ་རེས་དེང་རབས་ཚན་རྩལ་ལོ་ཙཱའི་ཞིབ་འཇུག་དང་བགྲོ་གླེང་ཐད་ཧུར་བརྩོན་གྱི་ནུས་པ་ཆེན་པོ་བཏོན་ཏེ་འཕེལ་རྒྱས་ཀྱང་མགྱོགས་པོ་ཞིག་ཡོང་ཡོད་མོད། ད་ལྟའི་བརྡ་འཕྲིན་འཕྲུལ་ཆས་དང་དེའི་ལག་རྩལ་གྱི་མཐུན་རྐྱེན་འཛོམས་པའི་གནས་བབས་འདི་དང་བསྡུར་ན་རིག་ཚན་འདིའི་འཕེལ་རྒྱས་ཀྱི་གོམ་པ་ད་དུང་དལ་དྲག་པར་འདོད། དུས་རབས་གསར་བའི་ནང་ཚན་རྩལ་ལོ་ཙཱ་ནི་ཚན་རིག་ལག་རྩལ་གྱི་བརྡ་འཕྲིན་གཙོར་བཟུང་ནས་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་བརྡ་འཕྲིན་དེ་ནང་འདྲེན་བྱེད་པ་དང༌། མི་རིགས་རང་གི་ཚན་རྩལ་བརྡ་འཕྲིན་དེ་རྒྱལ་ཁབ་ཕྱི་ནང་ལ་ངོ་སྤྲོད་བྱེད་པའི་བྱ་བ་ཞིག་ལ་བརྗོད་པ་ཡིན་པས། ཚན་རྩལ་ལོ་ཙཱ་ནི་གཙང་བོར་རྒལ་བའི་གྲུ་གཟིངས་དང་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུའི་བྱེད་ནུས་འདོན་བཞིན་ཡོད་པས་དུས་རབས་ཀྱི་རིན་ཐང་ ཧ་ཅང་ཆེ་བའི་བྱ་བ་ཞིག་ཡིན། དེ་བས། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས “རང་གིས་ཇི་ལྟ་བ་བཞིན་མ་ཤེས་བ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས”ཞེས་གསུངས་པ་ལྟར། སྨྱུག་འཛིན་པ་ཁོ་བོས་ཀྱང་ཆེད་དུ་རྒྱལ་ས་པེ་ཅིང་སོགས་འབྲེལ་ཡོད་ས་ཁུལ་ལ་བརྟག་དཔྱད་དུ་སོང་ནས་དབྱིན་རྒྱ་ཚན་རྩལ་ལོ་ཙཱའི་སྐོར་གྱི་རྒྱའི་མཁས་དབང་འགའ་ཤས་ཀྱི་ཞལ་ལ་གཏུག་ནས་བློ་འདྲི་བྱས་པ་དང་། རང་གི་ལོ་འགའི་དཔེ་ཁྲིད་ཉམས་མྱོང་དང་འབྲེལ་ཏེ་བོད་ཀྱི་ཚན་རྩལ་ལོ་ཙཱའི་གནད་དོན་དང་འཕེལ་རྒྱས་ཐད་བགྲོ་གླེང་རོབ་ཙམ་བྱེད་འདོད་པའོ།།
གཅིག དེང་སྐབས་བོད་ཀྱི་ཚན་རྩལ་ལོ་ཙཱའི་ཐད་ཀྱི་གནད་དོན་འགའ།
དེང་སྐབས་བོད་ཀྱི་ཚན་རྩལ་ལོ་ཙཱའི་བྱ་བ་འདི་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ན་ཡང་ཕྱོགས་གཅིག་ནས་དུས་ཀྱི་ཆ་རྐྱེན་དང་བསྡུར་ན་འཕེལ་རྒྱས་ཀྱི་གོམ་སྟབས་དལ་བ་དང་། ཕྱོགས་གཞན་ཞིག་ནས་ལོ་ཙཱའི་བསམ་བློ་དང་ཉམས་མྱོང་བརྗེ་རེས་བྱ་བའི་ཚོགས་འདུ་ཞིག་ཀྱང་འཚོག་དཀའ་བའི་གནས་སུ་ལྷུང་ཡོད། དེའི་རྒྱུ་མཚན་ནི་བོད་ཀྱི་ལོ་ཙཱ་བ་དང་ད་ལྟའི་སྤྱི་ཚོགས་དབར་ལ་འབྱུང་བཞིན་པའི་གནད་དོན་འགའ་ལ་རག་ལས་ཡོད་པས་ན་རྒྱ་ཆེ་བའི་བོད་ཀྱི་ཚན་རྩལ་ལོ་ཙཱའི་ལས་གཉེར་བ་དག་གིས་གཙིགས་འཛིན་བྱ་རྒྱུ་གལ་ཆེ་སྟེ །
༡ ཚན་རྩལ་ལོ་ཙཱའི་བྱེད་སྒོ་གསར་བ་འདོན་སྤེལ་གྱི་འདུ་ཤེས་ཞན་པ།
སྒྱུར་པ་པོ་ལ་ལས་ལོ་ཙཱའི་བྱ་བར་མཐོང་ཆེན་མི་བྱེད་ལ་རང་གི་ཁ་དང་ལག་པ་འགུལ་མི་འདོད་པར་སྒྱུར་བྱའི་ཡིག་ཆ་ཁུར་དུ་བབས་ན་ད་བཟོད་སྒྱུར་བ་དང་། བསྒྱུར་ཚར་རྗེས་འགན་ཁུར་རྫོགས་ཟིན་པར་སྙམ་པ། ཡང་ལ་ལས་རང་ཉིད་ལ་རང་བྱུང་ཚན་རིག་སྐོར་གྱི་ཤེས་བྱའི་རྨང་གཞི་མེད་པ་ཕར་བཞག་ནས་ཚིག་མཛོད་དང་དཔྱད་གཞི་ལ་མི་བརྟེན་བར་རང་སྣང་གང་འདོད་ཀྱིས་བསྒྱུར་བ་དང་། གལ་ཏེ་ཚིག་མཛོད་དང་དཔྱད་གཞི་ལ་བརྟེན་པའི་དབང་དུ་བཏང་ན་འང་འགྱུར་མིང་གཅིག་གིས་དོན་གཅིག་སྟོན་པའི་ཚན་རྩལ་བརྡ་ཆད་ཀྱི་མིང་བརྡའི་ཁྱད་ཆོས་ལ་གཙིགས་འཛིན་མི་བྱེད་པར་མག་མོག་ཏུ་སྒྱུར་བ། སྤྱིར་བཏང་གི་མིང་བརྡ་ཞིག་ཡིན་ནའང་དེའི་སྐད་ཆའི་གནས་སྐབས་ལ་བསམ་གཞིགས་མི་གཏོང་བར་ཚིག་མཛོད་ལས་ཇི་མ་ཇི་བཞིན་འདྲ་བཤུས་བྱས་ཏེ་རྩིང་ལས་བྱེད་པ། ལ་ལས་མ་རྩོམ་གང་ཞིག་སྒྱུར་འདོད་པའི་ལས་ལ་ཞུགས་སྐབས་འགྱུར་རྩོམ་གྱི་བཟང་ངན་སྤུས་ཀ་སྣང་མེད་དུ་འཇོག་པ་སོགས་གོང་གི་གནས་ཚུལ་འདི་དག་ལ་མཚོན་ན་འགན་སེམས་དང་དོ་སྣང་མེད་པའི་སྤྱོད་སྟངས་ཞིག་མངོན་ཡོད་པས། རང་མི་རིགས་ཀྱི་ལོ་ཙཱའི་བྱ་བར་ཕན་པའི་བྱེད་སྒོ་གསར་བ་འདོན་སྤེལ་བྱེད་པ་དང་་མི་རིགས་གཞན་ལ་འགྲན་རྩོད་བྱེད་པའི་འདུ་ཤེས་མེད་པ་ཞིག་རེད།
༢ ཚན་རྩལ་ལོ་ཙཱའི་ལས་དོན་ལ་གཟབ་ནན་མི་བྱེད་པའི་གོམས་གཤིས་ཞིག་ཆགས་ཡོད་པ།
ལོ་ཙཱ་བ་ལ་ལས་ཡིག་སྒྱུར་གྱི་གོ་རིམ་ནང་རང་སྟེང་གི་གཟབ་ནན་མིན་པའི་ཕྱི་ཚུལ་གྱོང་བོ་དེ་ཕྱིར་མངོན་ཡོད་པ་སྟེ་ཉིན་རེར་འབྱུང་བཞིན་པའི་མིང་བརྡ་རྣམས་དུས་ཐོག་ཏུ་བསྡུས་ནས་མ་བསྒྱུར་བའམ་རང་རང་ས་གནས་སམ་ལས་ཁུངས་ཀྱི་སྒྱུར་སྟངས་ལ་མཁྲེགས་བཟུང་བྱས་ནས་གཞི་རིམ་མང་ཚོགས་ཀྱི་བརྡ་འཕྲིན་ཐོས་རྒྱ་ཆུང་བ་ལ་གོ་ལོག་བཟོས་པ། དཔེར་ན། “SARS” ལ“གློ་བའི་ཚ་ནད། མ་ངེས་གློ་ཚད། ཚད་ལྡན་མིན་པའི་གློ་ཚད། ས་སི་གློ་ཚད། སཱར་སི་གློ་ཚད”བཅས་སྒྱུར་སྟངས་ལྔ་ཙམ་ཡོད་ལ། སློབ་གྲྭ་ཆེན་མོ་དང་སློབ་འབྲིང་གི་སློབ་གཞིའི་ནང་ཚན་རྩལ་བརྡ་ཆད་བར་རྙོག་དྲ་བཟོས་ནས་གཅིག་གྱུར་ཡོང་བར་ངན་རྐྱེན་ཐེབས་པ། དཔེར་ན “生态”ལ “རྟེན་འཚོ། སྐྱེ་རྣམ། སྣོད་བཅུད། སྐྱེ་ཁམས”བཅས་སྒྱུར་སྟངས་བཞི་ཙམ་ཡོད་པ་དང་། “激光”ལ“ལ་ཟེར། སྐུལ་འོད” ཅེས་སྒྱུར་སྟངས་གཉིས་ཡོད། ལ་ལས་ད་ལྟ་རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད་ནང་ལོ་ཙཱ་བ་གྲགས་ཅན་དང་ཆེད་ལས་དགེ་རྒན་གང་མང་གིས་གཏན་ལ་ཕབ་ཟིན་པའི་ཚན་རྩལ་གྱི་མིང་བརྡ་གསར་བ་རྣམས་བོད་མིས་གོ་དཀའ་བར་འདོད་ནས་མིང་བརྡ་དེ་རྣམས་འགྲེལ་བཤད་ཀྱི་སྒོ་ནས་སྒྱུར་བ་དང་། ལ་ལས་ཕྱི་རོལ་དུ་དྲིལ་སྒྲོག་བྱེད་པའི་ཡིག་ཆའི་ཁ་བྱང་དང་རྒྱུན་བཀོལ་འཕྲུལ་ཆས་དང་ཡོ་ཆས་ཀྱི་མིང་། སྨན་མིང་དང་དེའི་ཕན་ཡོན་གྱི་གསལ་བཤད་ཡི་གེ་སོགས་ཀྱི་འགོ་འཇུག་བར་གསུམ་དུ་འབྱུང་མི་འོས་བའི་ནོར་འཆུགས་ཧ་ཅང་མང་བ། ནོར་འཁྲུལ་འདི་དག་ལ་མཚོན་ན་ཚན་རྩལ་ལོ་ཙཱའི་བྱ་བར་ནན་ཏན་མིན་པ་དང་འགན་ལེན་མ་བྱས་པས་ལན་པ་ཞིག་ཡིན་པ་མཚོན་ཡོད། དེ་བས་ནོར་འཆུགས་ཀྱི་གྲིབ་མས་གོས་པའི་ཚན་རྩལ་འགྱུར་ཡིག་ཞིག་གིས་རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་ཅི་ཡང་སྤེལ་མི་ནུས་བ་ལྟ་ཞོག་འབྱུང་ལྔས་གྲུབ་པའི་སྲོག་ཁམས་ཀྱི་གཤེད་དུ་འང་འགྱུར་སྲིད་པས་ན་ཡོད་པ་ལས་མེད་ན་དགེ་མཚན་ལྡན་པ་ཡིན། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་ཀྱང“…སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལོག་བཤད་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་འདི་ཕྱིར་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་་ཟད་དོ”ཞེས་གསུངས ། འོ་ན་འདིར་སངས་རྒྱས་ཀྱི་བཀའ་ཞེས་གསུངས་མེད་ཀྱང་དེ་དང་ཆ་འདྲ་བའི་སྒོ་ནས་ཚན་རྩལ་ལོ་ཙཱའི་ཁྲོད་ཀྱི་འགྱུར་མིང་ལ་ཆེས་གཟབ་ནན་བྱ་དགོས་པ་ གལ་ཆེ་བས་མིང་བརྡ་གཅིག་གི་ཆད་སྐྱོན་དང་ནོར་འཁྲུལ་ལས་ཀྱང་ཚན་རིག་ཞིབ་འཇུག་དང་ལག་རྩལ་བརྗེ་རེས་སོགས་ཕྱོགས་གང་ཐད་ལ་གནོད་རྐྱེན་ཧ་ཅང་ཚབས་ཆེན་ཐེབས་ངེས་ཡིན།
༣ ཚན་རྩལ་ལོ་ཙཱའི་རྨང་གཞིའི་བྱ་བ་ལྷོད་ཅིང་སྐུལ་སློང་གི་སྤྲོ་སྣང་ཉམས་པ།
ད་ལྟ་བོད་ཀྱི་ལས་ཁུངས་མང་ཆེ་བས་བོད་ཡིག་གི་དུས་དེབ་དང་ཚགས་པར་འགའ་རེ་མངགས་ཉོ་བྱེད་པ་མ་གཏོགས་དབྱིན་ཡིག་དངརྒྱ་ཡིག་གི་ལོ་ཙཱའི་སྐོར་གྱི་དུས་དེབ་མངགས་ཉོ་བྱེད་པ་ཧ་ཅང་ཉུང་བས་རྒྱལ་ཁབ་སྤྱི་དང་རྒྱལ་ནང་བར་རིག་གཞུང་བགྲོ་གླེང་བྱེད་པའི་་ཟམ་ལམ་ཆད་པ་དང་། དཔེ་མཛོད་ཁང་གི་དཔྱད་གཞི་ཉུང་བ། ལོ་ཙཱའི་གཞུང་ལུགས་སྐོར་གྱི་ཡིག་ཆ་དང་ཚད་ལྡན་འགྱུར་ཡིག་ཧ་ཅང་ཉུང་ལ། དཔེ་མཛོད་ཁང་ལ་ལར་བོད་ཡིག་གི་དཔེ་ཆ་དང་དུས་དེབ་མང་ནའང་རྐྱེན་གང་མང་དབང་གིས་ལོ་དུ་མར་ཤོག་ལྷེ་གཅིག་ཀྱང་ཀློག་པ་མེད་པར་ལྟ་ཀློག་དང་བེད་སྤྱོད་གཏན་ནས་བྱས་མེད་པར་ལུས་ཡོད། ད་ལྟའི་ཚན་རྩལ་སྐོར་ཀྱི་འགྱུར་རྩོམ་ཁ་ཤས་ནང་བོད་ཀྱི་ན་གཞོན་དང་བྱིས་པའི་བློ་དང་རན་པའི་དཔེ་དེབ་མང་མོད། དེ་དག་ལ་ལྟ་ཀློག་བྱེད་པར་སྐུལ་མཁན་ཉུང་ཞིང་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་གཞིའི་ནང་ཚན་རྩལ་སྐོར་གྱི་ཤེས་བྱ་ཧ་ཅང་ཉུང་ལ། འགྱུར་རྩོམ་དེ་དག་ལ་མཚོན་ན་ཚན་རྩལ་ཐད་ཀྱི་གྲུབ་འབྲས་སུ་བརྩིས་མེད་དུ་བཞག་པས་ལོ་ཙཱ་བའི་ཡར་ཐོན་གྱི་ལྷག་བསམ་ལ་གནོད་པ་ཆེ་བ་མ་ཟད། ལོ་ཙཱ་བས་ཡིག་སྒྱུར་གྱི་འོས་འགན་ཁུར་མི་འདོད་པའི་གནས་སུ་བསྐྱལ་ཡོད་།
༤ ཚན་རྩལ་ལོ་ཙཱའི་དཔུང་ཁག་ཉམ་ཆུང་ཞིང་ཤུགས་ཞན་པའི་ཚུལ་དུ་གནས་པ།
བོད་ལྗོངས་དབུས་ཕྱོགས་དང་མདོ་ཁམས་ཕྱོགས་ཀྱི་ཁུལ་དང་རྫོང་རིམ་པར་ཡིག་སྒྱུར་ལས་ཁུངས་ དང་ཞིབ་འཇུག་ལས་ཁུངས་འགའ་རེ་ཡོད་ནའང་དོན་དངོས་སུ་སྲིད་དོན་སྐོར་གྱི་ལོ་ཙཱ་ཙམ་ལས་རིག་ཚན་གཞན་ལ་ལོ་ཙཱ་བྱེད་བའི་ལག་ལེན་དོན་ཐོག་ལ་འབེབས་པ་ཉུང ་། ད་དུང་ལོ་ཙཱ་བ་མི་ཉུང་བ་ཞིག་གིས་བྱ་བ་དང་སློབ་གཉེར་གྱི་ཞོར་དུ་ཡིག་སྒྱུར་བྱེད་པ་ཡིན་པས་ཁོང་རྣམ་པ་རྒྱ་ཡིག་དང་བོད་ཡིག་གཉིས་ལ་བྱང་ཆ་ལྡན་ནའང་ཚན་རྩལ་རིག་ཚན་སོ་སོའི་ཤེས་བྱ་མི་ལྡན་པས་དཀའ་ངལ་ཆེ། འདི་འདྲའི་གནས་ཚུལ་འོག་ང་ཚོས་དེང་རབས་ཚན་རིག་ལག་རྩལ་ཀྱི་གྲུབ་འབྲས་མང་པོ་ནང་འདྲེན་བྱེད་དགོས་ན་ལོ་ཙཱའི་ཆ་རྐྱེན་དང་སྟོབས་འབྱོར་གྱི་ཆ་ནས་ཧ་ཅང་ལས་ཚེགས་ཆེ་བའི་གནས་སུ་ལྷུང་ཡོད།
དེར་བརྟེན། གོང་གི་གནས་ཚུལ་འདི་དག་ཚང་མ་བོད་ཀྱི་རིག་གཞུང་སྤྱི་དང་ཚན་རྩལ་ལོ་ཙཱ་འཕེལ་རྒྱས་ཐད་གེགས་རྐྱེན་ཆེ་ཞིང་འབྲེལ་ཡོད་དཔལ་འབྱོར་འཛུགས་སྐྲུན་ཀྱི་དགོས་མཁོ་ལ་མཚམས་སྦྱོར་སོགས་བྱེད་དཀའ་བ་རེད། རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བ་དང་བསྟུན་ནས་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ནང་ཡིག་སྒྱུར་དངསྐད་སྒྱུར་གྱི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད་པས་རྒྱ་ཆེའི་བོད་ཀྱི་ལོ་ཙཱ་བ་རྣམས་ལ་གོ་སྐབས་བཟང་བོ་དང་ལས་འགན་རླབས་ཆེ་བ་མང་པོས་སྒུག་ཡོད་སྟེ། དེང་རབས་ཚན་རིག་ངོ་སྤྲོད་དང་། ཆེད་ལས་ལག་རྩལ་སྣ་ཚོགས་ཀྱི་ཡིག་ཆ། ཚོང་ཟོག་གང་མང་གི་གསལ་བཤད་ཡི་གེ རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཚོང་ལས་སོགས་ལོ་ཙཱའི་བྱེད་སྒོ་སྣ་ཚོགས་ཞིག་མྱུར་དུ་སྒྲུབ་དགོས། ཐ་ན་ལོ་ཙཱའི་བརྡ་འཕྲིན་འབའ་ཞིག་གིས་ཀྱང་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་འཛུགས་སྟེང་ཕན་ནུས་རྒྱ་ཆེན་པོ་ཐོན་ངེས་བ་ཡིན་པས་ཚན་རྩལ་ལོ་ཙཱ་བ་ཞིག་ཡིན་ཕྱིན་གོ་སྐབས་ཆུད་ཟོས་སུ་མ་བཏང་བར་ལོ་ཙཱའི་ལས་ལ་འབད་འབུངས་བྱས་་ཏེ་གྲུབ་འབྲས་གསར་བ་ལེན་རྒྱུ་ནི་ཆེས་གལ་ཆེན་གྱི་འོས་འགན་ཞིག་ཡིན།
གཉིས། དེང་རབས་བོད་ཀྱི་ཚན་རྩལ་ལོ་ཙཱའི་བྱ་བ་ཇི་ལྟར་འཕེལ་རྒྱས་གཏོང་བའི་ཐད་ཀྱི་བསམ་གཞིགས།
༡ ཚན་རྩལ་ལོ་ཙཱའི་བྱེད་སྒོ་གསར་བ་འདོན་སྤེལ་བྱ་དགོས།
ཚན་རིག་ལག་རྩལ་གྱིས་དངོས་བོའི་དཔལ་ཡོན་དར་སྤེལ་ཐད་ལ་དགེ་མཚན་ཆེན་པོ་འདོན་བཞིན་ཡོད་པས་ཚན་རྩལ་ལོ་ཙཱའི་ཡིག་ཆ་ཉར་ཚགས་ཀྱི་མང་ཉུང་དང་བེད་སྤྱོད་ཀྱི་བཟང་ངན་དེ་ཐད་ཀར་དཔལ་འབྱོར་འཛུགས་སྐྲུན་དང་། དབུལ་ཕོངས་ཕྱུག་བསྒྱུར་ལ་འབྲེལ་བ་ཆེན་པོ་ཡོད་པ་ཡིན། དེ་བས། ང་ཚོས་གཅིག་ནས་ཚན་རྩལ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཐད་རྨང་གཞི་བརྟན་པོ་འཛུགས་རྒྱུ་དང་དེའི་སྟེང་ནས་བྱེད་སྒོ་གསར་བ་འདོན་སྤེལ་དང་ཞིབ་འཇུག་བྱས་ཏེ་བེད་སྤྱོད་ཀྱི་རིན་ཐང་ཇེ་མཐོར་གཏོང་དགོས། གཉིས་ནས་དུས་རབས་གསར་བ་དང་བསྟུན་ནས་འདུ་ཤེས་གསར་བ་ལྷུར་ལེན་བྱེད་པ་དང་ལས་འགན་གསར་པ་འགན་འཁྲི་བྱེད་དགོས། གསུམ་ནས་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་སྐྱེད་ནས་ལོ་ཙཱའི་ཞབས་འདེགས་ཞུ་ཡུལ་ཇེ་མང་དུ་བཏང་ནས་སློབ་གྲྭའི་དཔེ་ཁྲིད་དང་ཞིབ་འཇུག་གི་ཁོར་ཡུག་དེ་ཙམ་ལས་བརྒལ་ཏེ་ཐད་ཀར་ཚོང་རྫས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ་པའི་ཚད་ལ་ཐོན་ཐུབ་དགོས། བཞི་ནས་རྩ་འཛུགས་ཡོད་པའི་སྒོ་ནས་ཐབས་ལམ་མང་པོ་དང་ ། ལས་རིམ་མང་པོ། ཐབས་ཤེས་སྣ་ཚོགས་སྤྱད་ནས་ཚན་རྩལ་ལོ་ཙཱའི་གྲུབ་འབྲས་དེ་དག་བེད་སྤྱོད་དང་དྲིལ་སྒྲོག་བྱ་དགོས།
གོང་གི་ལོ་ཙཱའི་བྱེད་སྒོའི་རེ་འདུན་དེ་དག་འདོན་སྤེལ་དང་ལེགས་འགྲུབ་བྱེད་དགོས་ན་ཐོག་མར་གཤམ་གྱི་ཕྱོགས་བཞིའི་སྟེང་ནས་རྨང་གཞི་འཇོག་དགོས་ཏེ། གཅིག་ནས་རྒྱ་ཡིག་གི་ཚན་རྩལ་ལོ་ཙཱའི་དཔྱད་གཞིའི་དཔེ་ཆ་དང་དུས་དེབ། ཚགས་པར་སོགས་ཀྱི་དཀར་ཆག་དང་དཔྱད་རྩོམ་ཁ་བྱང་། ནང་དོན་གནད་བསྡུས་བཅས་ནན་ཏན་གྱིས་ཐོ་འགོད་བྱས་ནས་འདིའི་སྐོར་གྱི་ཡིག་ཆ་ཆ་ཚང་བ་དག་སྒྲིག་བྱེད་པར་འབད་པ་བྱེད་དགོས། གཉིས་ནས་བོད་ཡིག་གི་ཚན་རྩལ་དུས་དེབ་དང་། ཚགས་པར། མིང་བརྡ་གསར་བ་སྤྱི་བསྒྲགས། ཚན་རྩལ་ལོ་ཙཱའི་སྐོར་གྱི་བསམ་བློ་བརྗེ་རེས་ཀྱི་དེབ་ཆུང་སོགས་འགྲེམས་སྤེལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། དཔེར་ན། 《མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར》 ནི་དེང་སྐབས་བོད་ཀྱི་ཚགས་པར་ཁྲོད་དུ་ཚན་རྩལ་ཤེས་བྱ་ཅུང་མང་ལ་གོ་བརྡ་དང་ཚིག་སྦྱོར་ཡང་ཅུང་བདེ་བའི་ཚགས་པར་ སྟབས་བདེ་ཞིག་རེད། གསུམ་ནས་ལོ་ཙཱ་བ་རྣམས་མཐུན་སྒྲིལ་སྒོས་མཉམ་སྒྲུབ་དྲ་ཚིགས་ཤིག་བཙུགས་ནས་རྒྱ་ཆེའི་ལོ་ཙཱའི་བྱ་བར་མོས་བ་དང་ཀློག་པ་པོ་རྣམས་ལ་བོད་ཀྱི་སྐད་ཡིག་དང་མིང་བརྡ་གསར་བའི་སྐོར་ལ་ དོགས་གནས་ཡོད་པ་སེལ་ཐུབ་ཅིང་། དྲ་ཚིགས་སྟེང་དམིགས་ཡུལ་ཡོད་པ་དང་འགན་དབང་ཡོད་པའི་བྱ་བ་རྒྱུན་འཁྱོངས་བྱས་ནས་ལོ་ཙཱ་ལ་བརྟེན་ནས་རིག་གཞུང་ཀུན་ལ་ཞབས་ཞུ་སྒྲུབ་ཐུབ་པའི་བྱེད་སྒོ་མང་པོ་འཛུགས་རྒྱུ་ཤིན་ཏུ་གལ་ཆེ། བཞི་ནས་ཚན་རྩལ་ལོ་ཙཱ་དང་དེའི་སྐོར་ཀྱི་བགྲོ་གླེང་ངམ་འབྲེལ་འདྲིས་ཚོགས་འདུ་རྩ་འཛུགས་བྱས་ནས་ལོ་ཙཱ་བའི་དབར་ཕན་ཚུན་མཉམ་འབྲེལ་བྱས་ཏེ་དེང་སྐབས་གསར་བྱུང་གི་ཚན་རྩལ་ཡིག་ཆ་དང་ཆེས་བེད་སྤྱོད་རིན་ཐང་ལྡན་པའི་དུས་དེབ་འགའ་རེ་རྩོམ་སྒྲིག་བྱས་ནས་སྤྱི་ཚོགས་ལ་ཕན་ནུས་ཆེ་ཞིང་ཞབས་འདེགས་ཞུ་ཐུབ་པ་ཞིག་བྱེད་དགོས།
༢ ང་ཚོས་ངེས་པར་དུ་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་བགྲོ་གླེང་ཚོགས་འདུར་ཞུགས་ནས་བསམ་བློ་བརྗེ་རེས་བྱ་དགོས།
ལོ་འདི་གའི་ནང་རྒྱང་བསྒྲགས་བརྙན་འཕྲིན་དང་དུས་དེབ་ཚགས་པར་སོགས་སྨྱན་གཟུགས་སྣ་ཚོགས་བརྒྱུད་དེ་ང་ཚོའི་མིག་གི་མཐོང་ཚད་དང་རྣའི་གོ་ཚད་དུ་རང་རེའི་རྒྱལ་ཁབ་གྱིས་ཕྱི་ཕྱོགས་ལ་མཛའ་གཅུགས་ཀྱི་འབྲེལ་འདྲིས་བཞག་དང་འཇོག་བཞིན་པ་ནི་ཧ་ཅང་ཧ་ལས་པ་ཞིག་ཏུ་སླེབས་འདུག་པ་སྟེ། རྒྱལ་སྤྱིའི་སྟེང་ཆབ་སྲིད་སྐོར་གྱི་འགོ་ཁྲིད་རིམ་པའི་འབྲེལ་འདྲིས་དང་། སློབ་གསོ་སྐོར་གྱི་མཁས་དབང་རིམ་པའི་འབྲེལ་འདྲིས། ཁྲིམས་ལུགས་སྐོར་གྱི་ཁྲིམས་དཔོན་རིམ་པའི་འབྲེལ་འདྲིས། ཚོང་ལས་སྐོར་གྱི་ཁེ་ལས་བ་རིམ་པའི་འབྲེལ་འདྲིས། འཛུགས་སྐྲུན་སྐོར་གྱི་བཟོ་བཀོད་པ་རིམ་པའི་འབྲེལ་འདྲིས། རྒྱལ་སྲུང་སྐོར་གྱི་དམག་སྤྱི་བ་རིམ་པའི་འབྲེལ་འདྲིས། ཚན་རྩལ་སྐོར་གྱི་ཚན་རིག་པ་རིམ་པའི་འབྲེལ་འདྲིས་སོགས་རིག་གནས་དང་ལས་རིགས་ཁག་གི་འབྲེལ་འདྲིས་དེ་ཟམ་མི་ཆད་པར་ཡོད། ད་དུང་དེ་སྔའི‘ཕྱི་དོན་གཞུང་ལས་ཁང’ཞེས་མིང་བཏགས་པའི་ལས་ཁུངས་ཚང་མ་ཡང་རིམ་བཞིན་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ལྟེ་གནས་སམ་རྒྱལ་སྤྱིའི་མཉམ་སྒྲུབ་གཞུང་ལས་ཁང་ཞེས་ལས་ཁུངས་ཀྱི་མིང་བསྒྱུར་ནས་ཕྱིའི་རྒྱལ་ཁབ་ལ་འབྲེལ་འདྲིས་བྱེད་པའི་བྱ་བ་འདི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་ཤིག་ཡིན་པ་ཤུགས་ནས་རྟོགས་ཐུབ། དེ་སྔོན་རྗེ་ཤེས་རབ་རྒྱ་མཚོ་ལགས་ནས་ཀྱང“ རྒྱལ་ཁབ་དང་མི་རིགས་ལ་སྙིང་ཐག་པ་ནས་ཤ་ཚ་བའི་སྐྱེས་བུ་དམ་པ་དྲག་ཞན་བར་མ་ཚང་མས་རང་རང་ལ་ནུས་པ་ཅི་ཡོད་དང་། སྟོབས་ཅི་ཡོད་ཀྱིས་རིག་གཞུང་སྤེལ་བའི་ཚོགས་འདུ་མ་ཚུགས་པ་འཛུགས་པ་དང་། བཙུགས་ཟིན་གནས་པ་དང་། རྒྱ་ཆེར་སྤེལ་བའི་བྱ་གཞག་ལེ་ལོར་མ་ཤོར་བ་གཟི་བརྗིད་བླ་ན་མ་མཆིས་པའི་རྒྱན་གྱི་མཆོག་ཏུ་འཆར་བར་ མཛོད་མཛོད ”③ ཞེས་གསུངས་པ་ལྟར། རང་ཅག་བོད་མི་རིགས་ལ་མཚོན་ན་ཡང་གཟུར་གནས་ རྣམ་དཔྱོད་ལྡན་པའི་སྔོན་ཐོན་མི་རིགས་གཞན་ལ་མིག་དཔེར་བལྟས་ནས་ངེས་པར་དུ་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་བགྲོ་གླེང་ཚོགས་འདུ་ལ་ཞུགས་ཅི་ཐུབ་བྱས་ནས་བསམ་བློ་བརྗེ་རེས་བྱེད་རྒྱུ་ནི་དུས་རབས་གསར་བའི་ནང་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་གཞན་གྱི་རིག་གནས་བསྲེག་བཅད་བརྡར་གསུམ་བརྒྱུད་དེ་རང་གི་གསོས་སུ་འདྲེན་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། ཐབས་ལམ་འདི་ལ་བརྟེན་ན་རང་ཅག་གི་བློ་ཡི་སྒོ་མོ་འབྱེད་ལ་རིགས་ལམ་གྱི་འདབ་བརྒྱ་གྲོལ་ངེས་ཡིན་པ་ཐག་གིས་ཆོད་ཐུབ། དེས་ན་འདིར་སྐབས་སུ་བབས་པ་ཚན་རྩལ་ལོ་ཙཱའི་བྱ་བ་འཕེལ་རྒྱས་གཏོང་བའི་ཐད་ལ་འང་གོང་གི་ཐབས་མཆོག་དེ་མེད་དུ་མི་རུང་བ་ལྟ་ཞོག་དེ་ལས་ལྷག་པའི་རྩོལ་བ་བརྒྱ་འགྱུར་སྒོས་སྐད་ཡིག་གཉིས་ནས་གསུམ། གསུམ་ནས་བཞི། བཞི་ནས་གྲངས་མེད་ཀྱི་སྐད་ཡིག་ལ་བསྡུར་བ་དང་ཞིབ་འཇུག་བྱས་ཏེ་གསར་བྱུང་རིག་ཚན་དག་གི་གཞུང་དོན་གྱི་བརྗོད་བྱ་དང་དེའི་མིང་བརྡ་གཅིག་གྱུར་ཡོང་བར་མཐུན་རྐྱེན་ལེགས་ པོ་བསྐྲུན་དགོས། དེ་ལྟར་བྱས་ན་ད་བཟོད་འཛམ་གླིང་གི་མི་རིགས་མང་པོའི་ཁྲོད་ཁ་བ་ཅན་གྱི་རིག་གནས་ནམ་ཡང་ཉམས་པ་མེད་པར་རྒྱས་ཐུབ་ངེས་ཡིན།
ལོ་འདི་འགའི་རིང་བོད་ཀྱི་ཤེས་ལྡན་མི་སྣའི་ཁྲོད་འགོ་ཁྲིད་པ་དང་ལས་བྱེད་པ། ཆེད་ལས་མཁས་པ་དང་དགོན་སྡེའི་གྲྭ་བ། ཁེ་ལས་ཚོང་པ་དང་སྨན་པ། སློབ་ཆེན་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སོགས་ལས་རིགས་སོ་སོའི་མི་སྣ་གང་མང་ཞིག་རྩ་འཛུགས་དང་སྒྲིག་ལམ་ཡོད་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་ལ་རིག་གཞུང་བགྲོ་གླེང་དུ་ཕེབས་པ་དང་། སློབ་གྲྭ་འགྲིམས་པ། དུས་ཐུང་གི་གསབ་སྦྱོང་ལ་ཞུགས་པ། ལྗོངས་རྒྱུ་ལྟ་སྐོར་དུ་འགྲོ་བ་སོགས་ཀྱི་བྱ་འགུལ་ལ་ཞུགས་མི་གྲངས་ཉུང་ན་ཡང་འདི་འདྲའི་བྱ་འགུལ་ལ་ཞུགས་པ་དག་གིས་རང་གི་མཐོང་ཐོས་དྲན་རིག་གི་མྱོང་བ་དེ་རྒྱ་ཆེའི་བོད་རིགས་མང་ཚོགས་གི་དངོས་བོའི་དཔལ་ཡོན་བཅོས་སྒྱུར་གྱི་ཐད་ལ་སྐུལ་སློང་དང་བློ་རྒྱ་སྐྱེད་གང་ཐུབ་བྱུང་ན་དེ་ནི་ཚན་རིག་ལག་རྩལ་གྱི་དོན་རྟོགས་འདོད་ཀྱི་བསམ་པ་རྣམ་དག་གི་འབེལ་གཏམ་ལྟ་བུ་ཡིན་པས་ཤེས་བྱ་གསར་བའི་ལོ་ཙཱའི་རྨང་ཙམ་འདིང་བ་ལ་འང་ཕན་པའི་དོན་རྒྱ་ཆེན་པོ་འགྲུབ་པའི་དགེ་མཚན་ཡོད་ངེས་བ་ཡིན།
༣ རྒྱལ་ཁབ་ཕྱི་ནང་གི་མི་རིགས་སྔོན་ཐོན་གྱི་ཚན་རྩལ་ལོ་ཙཱའི་ཉམས་མྱོང་ལ་སློབ་སྦྱོང་བྱ་དགོས།
ཚན་རྩལ་ལོ་ཙཱ་བ་ཞིག་ཡིན་ཕྱིན་དུས་ཐོག་གི་བརྡ་གསར་དང་འཕྲིན་གསར་རྟོགས་་དགོས་ལ་ནམ་རྒྱུན་ཏུ་གནས་ཚུལ་གསར་བ་དང་བརྡ་འཕྲིན་གསར་བའི་འབྱུང་ཁུངས་ལ་རྒྱུས་ལོན་བྱས་ནས་དེའི་སྐོར་གྱི་གསར་འགྱུར་རམ་གནས་ཚུལ་རྒྱུན་མ་ཆད་པར་འགོད་དགོས། ནུབ་ཕྱོགས་སྡོབས་ལྡན་རྒྱལ་ཁབ་དག་གིས་བརྡ་འཕྲིན་གསར་བ་སྡུད་གསོག་བྱེད་པ་ནི་ཧ་ཅང་གལ་ཆེན་དུ་འཇོག ཉི་ཧོངརྒྱལ་ཁབ་གྱི་ཅིའུ་ཏ(九大)ཚོང་ལས་ཁང་ལ་རྒྱལ་ཁབ་གཞན་དུ་དོན་གཅོད་ཁང་དྲུག་བརྒྱ་ལྷག་ཡོད་ལ་བརྡ་འཕྲིན་འབྲེལ་གཏུགས་བྱེད་སྤྱད་ཀྱི་དྲ་བ་ཧ་ཅང་ཆེ་བ་ཞིག་ཏུ་གྱུར་ཡོད་པ་དང་། བརྡ་འཕྲིན་གཏོང་འགྲོས་མྱུར་ཞིང་ཕྱིའི་དཔལ་འབྱོར་ཚོང་ལས་སྒྲུབ་པར་་ཧ་ཅང་སྟབས་བདེ་ལ་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཐོབ་བཞིན་ཡོད། ཨ་མེ་རི་ཀ་རྒྱལ་ཁབ་ཀྱི་ལོ་ཙཱའི་ལས་ལ་གཉེར་བའི་ལས་ཁུངས་དག་གིས་ཀྱང་རང་གི་ཁོངས་གཏོགས་གི་ལོ་ཙཱ་བ་རྣམས་རྒྱལ་ཁབ་ཡོངས་ལ་ཁྱབ་པར་བྱས་ཏེ་ཁ་པར་དང་རྩིས་འཁོར་སོགས་བརྡ་འཕྲིན་འཕྲུལ་ཆས་ལ་བརྟེན་ནས་ འབྲེལ་གཏུགས་བརྒྱུད་དེ་འགྱུར་ཡིག་སྣ་ཚོགས་དུས་ཚོད་ཐུང་ཐུང་གི་ནང་དུ་ཡི་གེ་ཁྲི་ཕྲག་མང་པོ་སྐྱེལ་ལེན་བྱེད་པ་ཡིན་པས་ལོ་ཙཱའི་བྱ་བ་འདི་ཧ་ཅང་མགྱོགས་པར་བཤད་འདུག དེས་ན། རང་ཅག་བོད་ཀྱི་ལོ་ཙཱའི་བྱ་བ་དང་ལོ་ཙཱ་བར་མཚོན་ན་འང་བསམ་གཞིགས་ཀྱི་བློ་ཁ་དེ་རྒྱལ་སྤྱིའི་ཁོར་ཡུག་གི་འགྲན་རྩོད་ཕྱོགས་སུ་ མཐུན་སྒྲིལ་དང་མཉམ་སྒྲུབ་བྱས་ཏེ་རྩ་འཛུགས་ཡོད་པའི་སྒོ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ལོ་ཙཱའི་བར་འབྲེལ་འདྲིས་ཡོད་པ་དང་དེ་འདྲའི་རིག་གཞུང་ཐད་ཀྱི་བགྲོ་གླེང་ལ་ཞུགས་ཐུབ་པ། རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་ཉམས་མྱོང་ལ་རྒྱུས་ལོན་དང་ཕྱོགས་བསྡོམས་བྱས་ནས་བོད་ཀྱི་ལོ་ཙཱའི་ལས་དོན་གོང་དུ་སྤེལ་བར་ཧུར་བརྩོན་བྱ་དགོས།
༤ བོད་ཀྱི་ཚན་རྩལ་ལོ་ཙཱའི་དཔུང་ཁག་ཇེ་ཆེ་དང་རྒྱུ་སྤུས་ཇེ་མཐོར་གཏོང་དགོས།
བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ནི་ཧ་ཅང་རིང་མོད། ད་ལྟ་རྒྱུ་རྐྱེན་གང་མང་དབང་གིས་ལོ་ཙཱའི་དཔུང་ཁག་འདིའི་ནུས་པ་ཐར་ཐོར་དུ་ཡོད་པ་དང་མི་གྲངས་ཉུང་ལ་རྒྱུ་སྤུས་ཞན་པ། ལོ་ན་གཞོན་པ། ལྷག་པར་དུ་ཚན་རྩལ་ལོ་ཙཱ་བའི་སྐོར་ནས་བཤད་ན་བོད་རྒྱ་སྐད་ཡིག་གཉིས་ལ་བྱང་ཆུབ་པའི་རྨང་གཞིའི་སྟེང་ཕྱིའི་སྐད་ཡིག་ཅིག་གི་རྨང་གཞི་ངེས་ཅན་ཞིག་ཡོད་པ་དང་། རང་བྱུང་ཚན་རིག་སྐོར་གྱི་ཆེད་ལས་ཤེས་བྱ་ཡོད་པ་འདི་ལྟ་བུ་ཞིག་ཧ་ཅང་ཉུང་ཞིང་དཀོན་པ་རེད། དེ་བས་འདི་ལྟ་བུའི་ཆ་རྐྱེན་འོག་འཛམ་གླིང་གི་སྔོན་ཐོན་ཚན་རིག་ལག་རྩལ་གྱི་རྗེས་འདེད་རྒྱུ་དང་། ཕྱིའི་ཚན་རྩལ་ལོ་ཙཱའི་ཐབས་ལམ་གསར་བར་ཤེས་རྟོགས་ཡོད་པ་བྱས་ཏེ་རང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་བྱ་བ་ལེགས་པར་སྐྱོང་རྒྱུ་དེ་དུས་ཡུན་ཐུང་ཐུང་དང་སྟེས་དབང་གིས་འགྲུབ་པ་ཞིག་གཏན་ནས་མིན། ཚན་རྩལ་བགྲོ་གླེང་གི་ཕན་ནུས་དེ་ཚན་རྩལ་ལོ་ཙཱའི་ཆུ་ཚད་ལས་ཐོན་བ་དང་། ཚན་རྩལ་ལོ་ཙཱའི་བཟང་ངན་དེ་དཔུང་ཁག་གི་རྒྱུ་སྤུས་ལ་རག་ལས་པས་ང་ཚོས་ངེས་པར་དུ་ད་ཡོད་ཀྱི་ལོ་ཙཱ་བའི་ཆུ་ཚད་ལ་ལྟོས་ཏེ་རྒྱུ་སྤུས་མཐོར་འདེགས་གཏོང་དགོས་པ་སྟེ། སྤྱིར་བཏང་དུ་གཅིག་ནས་སྤྱོད་ཡོན་ཉིས་ལྡན་གྱི་ཚན་རྩལ་མི་སྣ་སྟེ་བོད་ཡིག་དང་རྒྱ་ཡིག་གཉིས་ལ་བྱང་ཆ་ལྡན་ཞིང་ཕྱི་ཡིག་གི་རྨང་གཞི་བཟང་པོ་ཡོད་པ། རང་བྱུང་ཚན་རིག་དངསྤྱི་ཚོགས་ཚན་རིག་་སྐོར་ལ་ཤེས་རྒྱ་ཆེ་བ། མི་གཤིས་བཟང་ཤིང་བརྩོན་སེམས་ལྡན་པ། ཞིབ་འཇུག་དང་ལག་ལེན་གྱི་ལས་ལ་སྤྲོ་བ་འགའ་རེ་གདམས་ནས་ཚན་རྩལ་ལོ་ཙཱའི་དཔུང་ཁག་ཆ་ཚང་ཞིག་སྒྲིག་དགོས། གཉིས་ནས་ལོ་ཙཱའི་ཆེད་ལས་དང་ཞིབ་འཇུག་གི་ཁ་ཕྱོགས་ལ་འབྲེལ་བ་ཡོད་པའི་གསོ་སྦྱོང་འཛིན་གྲྭ་རྩ་འཛུགས་བྱས་ཏེ་རྨང་གཞིའི་ཤེས་བྱ་དང༌། དེའི་ཐབས་ལམ་གསར་བར་སློབ་སྦྱོང་བྱས་ནས་སྐད་རིགས་མང་བོར་ཁ་ལོ་བསྒྱུར་ཐུབ་པའི་ནུས་བ་སྐྱེད་སྲིང་བྱེད་དགོས། གསུམ་ནས་རང་རེའི་ལོ་ཙཱ་བ་རྣམས་རྒྱལ་སྤྱི་དང་། རྒྱལ་ནང་། བོད་ཁམས་ཀྱི་ལོ་ཙཱ་རིག་པའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་པར་སྤྲོ་དགོས་པའམ་ཚོགས་འདུ་དེ་འདྲ་རྩ་འཛུགས་བྱས་ནས་དཔྱད་པ་གཏོང་བ་དང་། སྙན་ཞུ་འབུལ་བ། ཉམས་མྱོང་བརྗེ་རེས་བྱེད་པ་སོགས་བྱས་ཏེ་རང་ཅག་གི་ལོ་ཙཱའི་རིག་གཞུང་གི་ཆུ་ཚད་དང་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་ནས་བོད་མདོ་དབུས་ཁམས་གསུམ་གྱི་སྤྱི་ཚོགས་འཚོ་བའི་འཕེལ་རྒྱས་དང་སྐད་ཡིག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཡིད་ཆེས་དང་སྤོབས་པ་བསྐྱེད་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com