དཔང་སྐོང་ཕྱག་རྒྱ་སོགས་གནམ་ལས་བབས་མིན་ལ་དཔྱད་པ།

རྩོམ་པ་པོ།:བོད་རིག་པའི་དཔྱད་རྩོམ་ཕྱོགས་སྒ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-22 09:23:00 ཀློག་གྲངས།:

        དཔང་སྐོང་ཕྱག་རྒྱ་གནམ་ལས་བབས་མིན་ནི་ད་ལྟའི་བར་དུ་ཐག་ཆོད་མེད་པའི་གནད་དོན་ཞིག་སྟེ། སྤྱིར་འདི་ལྟ་བུ་རྩོད་པ་དོན་ཤིན་ཏུ་ཆུང་ན་ཡང་ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ངོས་ནས་བཤད་ན་ངེས་པར་དོ་སྣང་བྱ་དགོས་པའི་གནད་དོན་ཞིག་ཡིན། འདི་ཙམ་གྱི་གནད་དོན་ཐག་བཅད་པ་ལ་བརྟེན་ནས་སྐབས་དེའི་སྤྱི་ཚོགས་ལ་ངེས་ཤེས་ཅུང་ཟད་ཅིག་སྐྱེ་ཐུབ་པ་རེད། དེའི་ཕྱིར་མང་བོ་ཞིག་གིས་འདིའི་སྐོར་ལ་དཔྱད་རྩོམ་འགའ་ཤས་སྤེལ་ཡོད་ན་ཡང༌། ཚང་མས་ད་ལྟའི་ཚན་རིག་ལ་ཁ་གཡར་ནས་ལྷ་དང་ལྷའི་ཕོ་བྲང་མེད་པར་ཐག་བཅད་པ་ལ་བརྟེན་ནས་མཐའ་གཅིག་ཏུ་གླེགས་བམ་གནམ་ནས་བབས་པ་བརྫུན་ཡིན་པའི་བསྡོམས་ཚིག་བཟོས་ཡོད། དེ་བས་ཆོས་ལུགས་པ་མང་བོས་ཀྱང་གནམ་ནས་བབས་པ་ཨེ་བདེན་ནམ་སྙམ་ནས་བོན་པོ་གནམ་ལ་དགའ་བས་དེ་སྐད་བཤད་ཅེས་བདེན་ཅོག་ཅོག་གིས་འགྲེལ་བཤད་རེ་བྱེད། ཁོ་བོས་ལོ་རྒྱུས་དངོས་ལ་དབྱེ་ཞིབ་དང་དོན་དངོས་ལ་དཔྱད་པ་བཏང་ནས་གོང་གི་ལྟ་བ་དེ་དག་ནི་གཞི་ཚུགས་ཐབས་མེད་པའི་ལྟ་བ་ལྟར་སྣང་ཞིག་ཡིན་པ་ཤེས་པ་གཤམ་གསལ།

དང་བོ། མཁས་པའི་བཞེད་པ་འགོད་པ།

        དེ་ཡང་རླུང་ལྟར་གྲགས་པའི་ལོ་རྒྱུས་ལས་ཁྲི་ཐོག་རྗེ་བཙན་དང་རུ་ཡོང་བཟའ་ན་མོ་མཚོའི་སྲས་སུ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས། རྒྱལ་བོ་འདིའི་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་དཔང་སྐོང་ཕྱག་རྒྱ་དང༌། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག  སྙིང་བོ་ཡི་གེ་དྲུག་པ། ཙིན་ཏ་མ་ཎིའི་སྤོས་ཕོར་རྣམས་མཁའ་ལས་བབས་ཏེ་གདུང་རབས་ལྔ་བ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་ལུང་བསྟན་རྨི་ལམ་དུ་བྱུང། ངོ་མཚར་དུ་བཟུང་ནས་ཕོ་བྲང་དཀོར་ཁང་དུ་མིང་གཉན་པོ་གསང་བར་བཏགས་ནས་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ་བའི་མཐུས་ལོ་བརྒྱ་དང་ཉི་ཤུའི་བར་དུ་བཞུགས། དེ་ནས་བཟུང་བསྟན་པའི་དབུ་བརྙེས་པ་ཡིན་ཏེ། ལྷ་མོ་དྲི་མ་མེད་པའི་ཞུས་པའི་མདོ་ལས། གདོང་དམར་ཅན་གྱི་ཡུལ་དུ་ནི། །སྟོན་པ་མྱ་ངན་འདས་འོག་ཏུ། །ལོ་ནི་ཕྱེད་དང་ཉིས་སྟོང་ན། །དམ་པའི་ཆོས་ནི་འབྱུང་བར་འགྱུར། །ཞེས་དང་རྒྱུད་ལས་ཀྱང༌། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་བར། །དགེ་བ་ཅན་གྱི་ས་ཕྱོགས་སུ། །ལོ་ནི་ཉིས་སྟོང་ལྔ་བརྒྱ་ན། །དམ་པའི་ཆོས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པའི་ཐོག་ཏུ་བབས་པར་བཤད་པ་བོད་ཀྱི་ལོ་རྒྱུས་མང་བོ་མཐུན་ནོ། །
        འོན་ཀྱང《བམ་ཟུར་བཞི་སྟོང་རྙིང་བ》ཞེས་པ་ལས། “རྒྱལ་བོ་དེའི་རིང་ལ་ཐོ་ཀར་དང་ལིའི་ལོ་ཙཱ་བ་གཉིས་ཀྱིས་རྒྱ་གར་གྱི་མཁན་པོ་ལི་བྱིན་གདན་དྲངས་ཏེ་རྒྱལ་བོ་ལ་ཆོས་བཤད་ཀྱང་བོད་ལ་ཡི་གེ་མེད་པས་བསླབ་ཏུ་མ་ཐུབ་ཅིང་མ་དར་བས། སྐུའི་རྟེན་དུ་རིགས་ལྔའི་སྐུ་ལུགས་ཚར་གཅིག གསུང་གི་རྟེན་དུ་དཔང་སྐོང་དང་གཙུག་ཏོར་དྲི་མེད། ཐུགས་རྟེན་དུ་གསེར་གྱི་མཆོད་རྟེན་བང་རིམ་ལྔ་བ། དེ་རྣམས་རིགས་ལྔའི་ཕྱག་རྒྱ་བཏབ་ནས་འདི་ལ་མཆོད་པ་གྱིས་གསུངས་ནས་མཁན་པོ་རྒྱ་གར་དུ་བཞུད། རྒྱ་ནག་ཏུ་འཕེན་ཆེན་དང་དགོངས་འགྲེལ། རྫོགས་ཆེན་ལ་སོགས་པ་མང་དུ་བསྒྱུར་ཅིང་དར་བར་མཛད①”ཅེས་འབྱུང༌། ནེའུ་པ་པཎྜིཏའི་ཆོས་འབྱུང་དུ། “བོན་པོ་རྣམས་གནམ་ལ་དགའ་བས་དེ་སྐད་ཟེར་བ་ཡིན་གྱི་དོན་ལ་པཎྜིཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེས་ཆོས་རྣམས་ཁྱེར་འོངས་པ་རྒྱལ་པོས་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་སྟེ་ལོ་པཎ་ཕྱིར་ལོག②”ཅེས་བཤད་པ་དང༌། དེབ་སྔོན་དུ་ལུགས་གཉིས་ཀ་བཀོད་ནས“ཕྱི་མ་དག་པར་འདྲ་སྟེ་དུས་ཕྱིས་སྦ་གསལ་སྣང་བལ་བོར་ཕྱིན། མཁན་ཆེན་མཇལ་བའི་ཚེ། མཁན་པོའི་གསུང་ལ་བོད་ཀྱི་བཙན་པོ་དང་ཁྱོད་དང་རྒྱ་གསུམ་གྱིས་འོད་སྲུང་གི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་གྱུར་ནས་བོད་དུ་བསྟན་པ་སྤེལ་བའི་སྨོན་ལམ་བཏབ་པ་ཡིན་ཏེ་བཙན་པོ་ཡང་མ་སྐྱེས། ཁྱོད་ཀྱང་ནར་མ་སོན་པས་ངས་འདི་ནས་བོད་ཀྱི་རྒྱལ་རབས་དགུ་བར་དུ་སྒུག་ཅིང་བསྡད་པ་ཡི་གསུངས་པ་སྦ་བཞེད་གཙང་མ་ན་སྣང་བའི་ཕྱིར་རོ། །བོདྷི་ས་ཏྭ་བློ་སེམས་སུ་ལི་ཐེ་སེས་བསྒྱུར། འཚོ་ཞེས་པ་ཞི་བ་འཚོ་དང་འབྱོར་བས་སོ། །③”ཞེས་གསུངས་ཤིང༌། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ། “དེབ་སྔོན་དང་ནེའུ་པ་པཎྜིཏའི་ལུགས་དང་སྦ་བཞེད་གཙང་མ་གུང་བསྒྲིགས་པ་མཁས་པའི་གསུང་ཡིན་ཀྱང། ནེའུ་པ་པཎྜིཏས་ནམ་མཁའ་ལས་བབས་པར་མི་འཐད་པར་སྨྲ་བ་ནི་བློ་ཆུང་གི་གཏམ་སྟེ④”ཞེས་གསུངས། དེ་ལ་དབལ་མང་པཎྜིཏས། “དེ་ཡང་མ་ངེས་ཏེ་གླེགས་བམ་ལོ་ཙཱ་བས་བྱིན་མི་ཆོག་པ་དང་དེ་ནམ་མཁའ་ལས་འབབ་དགོས་པའི་ངེས་པ་མེད⑤”གསུངས།
        དེང་སང་ལ་ལས་ཐུན་མོང་བ་ལྟར་ན་ལོ་ཙཱ་བས་བྱིན་པ་དང་ཐུན་མོང་མ་ཡིན་པ་ལྟར་ན་མཁའ་ལས་བབས་པར་འཐད་ཟེར། ཡང་ལ་ལས“བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དཔང་སྐོང་ཕྱག་རྒྱ་སོགས་གནམ་ལས་བབས་པར་བརྗོད་པ་ཡང་བསམ་བཞིན་དུ་ལྷད་བསྲེས་པ་ཞིག་ག་ལ་ཡིན་གྱི་རང་གི་དད་མོས་བྱེད་པའི་ཆོས་ལུགས་ཀྱི་ཆེ་བ་བརྗོད་ནས་མི་རྣམས་བློ་ཁ་དེ་ལ་བསྒྱུར་ཆེད་ཡིན⑥”ཟེར། མང་ཆེ་བས་མཁས་དབང་ཚེ་ཏན་ཞབས་དྲུང་གི《བོད་ཀྱི་ལོ་རྒྱུས་ལོ་ཚིགས་འགའ་ཞིག》ཞེས་པ་ལས། “དེ་དུས་བོན་དར་ཆེ་ཞིང་བོན་པོ་གནམ་ལ་དགའ་བས་དེ་སྐད་བཤད། ཡིན་རྒྱུ་ནི་རྒྱ་གར་གྱི་པཎྜིཏ་ཆོས་སེམས་བློས་ཁྱེར་ཡོང་ནས་ཐོ་ཐོ་རི་ལ་ཕུལ་བ་ཡིན་ཞེས་བཤད་ན་བློ་ལ་བདེ⑦”ཞེས་གསུངས་པ་ལྟར་འདོད་དོ། །
        འདི་དག་གིས་གླེགས་བམ་མཁའ་ནས་བབས་པ་ཡིན་ཕྱིན་ལྷ་ཡིས་སྩོལ་དགོས་པར་སྙམ་ནས་དེ་ལྟར་ཁས་བླངས་ནས་མར་ལེའི་རིང་ལུགས་ཀྱི་དངོས་གཙོ་རྩོད་སྒྲུབ་རིག་པ་དང་འགལ་འགྲོ་བར་དོགས་པ་འདྲའོ། །

གཉིས་པ། གཞན་ལུགས་དགག་པ།

        དེ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ལས། “ཐུན་མོང་གི་སྣང་བ་དང་མང་བ་དང་གཙོ་ཆེ་བ་སོགས་ལས་བཤད་དགོས་པའི་ཕྱིར།⑧”ཞེས་གསུངས་པ་ལྟར་ལོ་རྒྱུས་ཀྱི་སྐབས་སུ་ཐུན་མོང་མ་ཡིན་པའི་བཤད་ཚུལ་བསྲེས་ན་དགོས་པ་ཅུང་ཟད་ཀྱང་མེད་པར་མ་ཟད་ད་དུང་སྐུར་འདེབས་ཀྱི་རྒྱུ་རུ་འགྱུར་ངེས་པས་ཐུན་མོང་མ་ཡིན་པའི་ལུགས་ལ་གླེགས་བམ་མཁའ་ནས་བབས་པར་འདོད་ཀྱང་ཐུན་མོང་བ་ལྟར་ན་ལོ་ཙཱ་བས་ཁྱེར་ཡོང་བ་ཡིན་ཞེས་བཤད་པ་ལ་དགོས་པ་ཅི་ཡང་མི་འདུག་པས་ཤིན་ཏུ་མི་འཐད་ཅིང་ནུས་པའང་ཅི་ཡང་མེད། དེས་ན་ཐུན་མོང་བ་ལྟར་གཞིར་འཇོག་དགོས་ཤིང་དེ་ལྟར་ན་གླེགས་བམ་མཁའ་ལས་བབས་ན་ལྷས་བསྩལ་དགོས་མིན་གྱི་གནད་དོན་དེར་དཔྱད་ཚེ་འདི་ལྟར་འདོད་པ་དག་ནི་ཚན་རིག་པའི་ལྟ་བ་དམའ་ལ་དཔྱད་སྟོབས་ཀྱི་བློ་གྲོས་ཕྲ་བར་མཐོང༌། ཅིའི་ཕྱིར་ན་འདི་ལྟར་ཏེ་ཏུང་ཧན་རྒྱལ་རབས་ཀྱི་ཇན་ཨུའི་ཁྲི་ལོ་སོ་གཅིག་པའི་ཉིན་ཞིག་ཁྲིན་ལིའུ་ཅུན་ཟེར་བའི་ས་གནས་སུ་གློ་བུར་ཆར་སྤྲིན་འཁྲིགས་ཤིང་རླུང་ཆེན་གཡུགས་ནས་ཆར་ཞོད་དྲག་ཏུ་བབས་པའི་མོད་འབྲུ་རིགས་མང་བོ་བབས་པ་དང༌། 1940ལོའི་དབྱར་དུས་སུ་སུའུ་ལེན་གྱི་ཀོ་ཨར་ཆི་ཞིང་ཆེན་གྱི་མིས་ཞི་ལིས་སྡེ་བར་དྲག་ཆར་དང་མཉམ་དུ་དུས་རབས་བར་མའི་དངུལ་སྒོར་སྟོང་ཕྲག་འགའ་བབས1960ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ཧྥ་རན་སིའི་ཐོའུ་ལུན་ས་ཁུལ་དུ་མཁའ་ནས་སྦལ་བ་མང་བོ་བབས། 1949ལོའི་དབྱར་དུས་སུ་ཞི་ལན་གསར་བའི་ས་ཆ་ཞིག་ཏུ་ཆར་བབས་པའི་ནང་དུ་ཉ་མང་བོ་འདུག 1608 ལོར་ཧྥ་རན་སི་གྲོང་བརྡལ་ཞིག་ཏུ་ཁྲག་གི་ཆར་བ་བབས། 1890ལོར་སུའུ་ལན་རྒྱལ་ཁབ་ཕུ་ཁེ་ལ་ཞིང་ཆེན་གྱི་གྲོང་ཚོ་ཞིག་གི་ནང་རས་ཆར་ཐེངས་ཤིག་བབས། གཞན་རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་བལ་བོར་མུ་ཏིག་གི་ཆར་བ་བབས། དེ་ལས་ཡ་མཚན་ཆེ་བ་ཞིག་ནི་ཞི་པན་ཡའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཞིག་གི་ཕྱི་རོལ་ཏུ་ཚ་ལུ་མའི་ཆར་བབས་ཤིང་དེར་བསྡད་པའི་ཡུལ་མི་ཚོས་སྐར་གང་སྤྲོད་མ་དགོས་བར་ཚ་ལུ་མ་ཧ་ཅང་མང་བོ་ཐོབ། འདི་དག་ལྷ་ཡིས་བསྩལ་བ་ཡིན་ནམ་གདོན་འདྲེས་གནང་བ་ཡིན། ཡང་ན་ཀླུ་ཡིས་བྱིན་བར་ཁས་ལེན་ནམ། དེས་ན་གླེགས་བམ་གནམ་ལས་འབབ་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། འདི་དག་ལ་ཡིད་མི་ཆེས་ན《རང་བྱུང་ཁམས་ཀྱི་མཐོང་ཐོས་ངོ་མཚར་ཅན》⑨སོགས་ལ་གཟིགས་དང་མི་རིགས་གཞན་གྱི་ལོ་རྒྱུས་དང་ཚགས་པར་དུ་འཁོད་པ་དག་བདེན་གྱི་བོད་ཀྱི་ལོ་རྒྱུས་ལས་བཤད་ཚུལ་ནི་བརྫུན་ནོ་ཞེས་ཨུ་ཚུགས་བྱེད་དགོས་དོན་ནི་ཨེ་འདུག་བློ་ལྡན་དག་གིས་དཔྱད་པར་བྱའོ། །
        རང་བྱུང་ཁམས་ཀྱི་དོན་དངོས་ལས་བྱུང་བའི་གནས་ཚུལ་འདི་ལས་དཔྱད་ན་མཁའ་ལས་བབས་པ་ནི་བོན་རྒན་རྣམས་གནམ་ལ་དགའ་བས་དེ་སྐད་ཟེར་བ་སོགས་སྙིང་བོ་མེད་པའི་བརྫུན་གཏམ་ཡིན་པ་ཤེས་ལ་ལོ་རྒྱུས་ལ་ཞིབ་འཇུག་བྱས་ནའང་ལུང་རིགས་ཀྱིས་ཀྱང་བསྒྲུབ་ཐུབ་ཏེ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་གཏེར་མཛོད》དུ་དྲངས་པའི་བོན་གྱི《བསྒྲགས་བྱང》ལུང་ལས་ཀྱང༌། “བཙན་པོ་དྲུག་གི་མཐའ་མ་ཐོ་རི་ལུང་བཙན་རིང་ལ་དམ་པའི་ཆོས་དབུ་བརྙེས་ཞེས་པའི་དོན་ཡང༌། རྒྱ་གར་ནས་བོད་དུ་གསེར་གྱི་མཆོད་རྟེན་མུ་བྲས་བཏབ་པ་གཅིག་འདི་ཆོས་ཀྱི་མཆོད་རྟེན་ཡིན་ཟེར་ནས་སྟོན་པ་ཞིག་བྱུང་བས་རྒྱལ་བོས་མཆོད་རྟེན་པ་མ་བཀག⑩”ཅེས་པས་འགྲུབ་ལ་ལྷག་པར་ལོ་ཙཱ་བ་རྒྱལ་བོ་ལ་ཕུལ་ཡང་བོན་འདུལ་བའི་ཕྱིར་གནམ་ལས་བསྒྲགས་ཞེས་བཤད་པ་དེ་རྟོག་གེའི་རིགས་པའི་འགྲོས་ཙམ་ལས་ཁུངས་མེད་ལ་བློ་ངོར་མི་བདེ་བ་འདི་ལྟར་གཅིག་དེ་ལྟར་ལོ་ཙཱ་བ་རྒྱལ་བོ་ལ་འཕྲད་ན་བློན་པོ་རྣམས་མི་ཤེས་པ་ག་ལ་སྲིད་དེ་དེ་བས་ཀྱང་ལེགས་སྐྱེས་དེ་དག་ལ་རྟོག་ཞིབ་མི་བྱེད་པ་མི་སྲིད། གཉིས། ཆོས་ཡིན་པ་བློན་པོ་རྣམས་ཀྱིས་ཤེས་ན་འབུལ་ཏུ་འཇུག་མི་སྲིད་ལ། ཆོས་ཡིན་པ་མ་ཤེས་བཞིན་དུ་འབུལ་དུ་བཅུག་ན་དེ་དག་གི་མདུན་དུ་གནམ་ལས་བབས་སོ་ཞེས་སུ་ཞིག་གིས་མངོན་སུམ་དུ་བསྙོན་ནུས། གསུམ། རྒྱལ་བོས་ལོ་ཙཱ་བ་ལས་ཆོས་མ་ཉན་ན་གླེགས་བམ་ལ་དེ་འདྲ་གཅེས་མི་སྲིད་ལ་ཉན་ན་བློན་པོ་དང་སྐུ་གཤེན་སོགས་ཀྱིས་མི་ཚོར་བ་མི་སྲིད་པས་ལོ་ཙཱ་བ་རྒྱ་ཡན་དུ་གཏོང་མི་སྲིད་ཅིང་གལ་ཏེ་ཆོས་ཡིན་པར་མ་ཤེས་ན་བོན་རྣམས་ལ་གནམ་ལས་བབས་ཟེར་དོན་མི་འདུག བཞི། བློན་པོ་དང་སྐུ་གཤེན་གྱིས་ཚོར་ཡང་རྒྱལ་བོའི་བཀའ་དང་དབང་ཤུགས་མ་བཟློག་པ་མིན་ན་ལོ་ཙཱ་བའི་ཆོས་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་མི་ཐེབས་པ་ག་ལ་སྲིད། ལྔ། བློན་པོ་དང་སྐུ་གཤེན་གྱིས་ཚོར་ནས་ལོ་ཙཱ་བས་ཆོས་དེ་སྤེལ་དུ་མ་བཅུག་པར་བསྐྲད་པ་ཡིན་ན་ཆོས་དེ་རྒྱལ་བོའི་མཛོད་དུ་བཅུག་ནས་བསྙེན་བཀུར་བྱེད་དུ་འཇུག་མི་སྲིད། གལ་ཏེ་རྒྱལ་བོས་གསང་ནས་བསྙེན་བཀུར་བྱས་པ་ཡིན་ན་བོན་རྣམས་འདུལ་བའི་ཕྱིར་གནམ་ནས་བབས་ཞེས་བཤད་པ་ལ་རྒྱུ་མཚན་ཅི་ཡང་མེད། དྲུག ལོ་རྒྱུས་རྣམས་སུ་བོན་དར་བའི་ལྟས་ཡིན་ཞེས་མཆོད་པ་ལ་བལྟས་ན་དེ་དག་ཁོ་རྣམས་ལ་གསང་བ་ལྐོག་གྱུར་ཏུ་གྲུབ་འདུག་པ་ཤེས་ཐུབ་པ་ཡིན། དེ་དང་དེ་ལ་སོགས་པའི་གནོད་བྱེད་འཁུར་ནས་དེ་ལྟར་ཁས་ལེན་པ་ལ་དགོས་པ་ཅི་ཞིག་ཡོད། ཡང་ལ་ལས་རང་གི་དད་མོས་ བྱེད་པའི་ཆོས་ལུགས་ཀྱི་ཆེ་བ་འདོན་ཆེད་ཟེར་བ་ནི་རྒྱུ་མཚན་ཅི་ཡང་མེད་པའི་ཀུ་ཅོ་ཞིག་ཡིན་པས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གཟུར་གནས་ཤིག་གི་ངག་ནས་ཐོན་འོས་ཤིག་ གཏན་ནས་མ་རེད།
        དེ་ཡང་བན་བོན་གཉིས་དང་ཆོས་དད་ཡོད་མེད་ཀྱི་གངས་ཅན་པ་དག་ལ་གནའ་སྔ་མོ་ནས་བརྒྱུད་མྱོང་བའི་གཏམ་ཞིག་ཡིན་པས་ལོ་རྒྱུས་སྨྲ་བ་དག་གིས་ངག་རྒྱུན་དེ་གཞིར་བཟུང་ནས་ཡིག་ཐོག་ཏུ་བཀོད་པ་རེད། དཔེར་ན་བོན་རྣམས་གནམ་ལ་དགའ་བས་དེ་སྐད་ཟེར་ཞེས་པས་བོན་པོ་མང་བ་བསྟན་ཡོད་ལ《ལེགས་བཤད་མཛོད》ལས་ཀྱང་བོན་དཔེ་ཞིག་ཏུ་རྒྱལ་བོ་ཐོ་ཐོ་རི་སྙན་ཤལ་གྱི་མཆོད་རྟེན་དང་དགེ་བ་བཅུའི་མདོ། དཔང་སྐོང་ཕྱག་བརྒྱ་གསུམ་ཕོ་བྲང་ཡུམ་བུ་བླ་མཁར་ནས་བྱོན་པ་ནི་དམ་པ་ཆོས་ཀྱི་དབུ་བརྙེས་ཟེར་ཞེས་པ་སོགས་དང་འབྲུ་ཆར་བཅས་ལ་འགྲེལ་བཤད་བྱེད་ཐབས་མེད་པ་རེད།

གསུམ་པ། རང་ལུགས་འཇོག་པ།

        རང་བྱུང་ཁམས་ནི་གསང་བ་ལྐོག་གྱུར་གྱི་བང་མཛོད་ཅིག་ཡིན་པས་འདི་ལས་བྱུང་བའི་ངོ་མཚར་གྱི་ལྟད་མོ་དག་གིས་ཚན་རིག་པའི་བསམ་གཞིགས་ལ་ངལ་གསོ་བའི་གོ་སྐབས་ཤིག་གཏན་ནས་བྱིན་མ་མྱོང༌། གལ་ཏེ་ང་ཚོའི་མདུན་ལ་ངོ་མཚར་བའི་ཆར་བ་ཞིག་བབས་ན་ངོ་མ་ལྷ་ཡིས་གནང་བར་ངོས་འཛིན་སྲིད་མོད། དེ་ནི་ཚན་རིག་ལྟ་བས་དབུལ་བ་ཁོ་ནར་ཟད། ཡིན་ན་ཡང་སྔོན་ནས་འགྲེལ་བཤད་བྱས་ཟིན་པའི་བསྡོམས་ཚིག་ནི་འདི་ལྟར་ཡིན་ཏེ་ངོ་མཚར་བའི་ཆར་བ་དེ་དག་དང་རླུང་ནག་འཚུབ་མ་དང་རྒྱ་མཚོའི་རླུང་དམར་གཡུགས་པ་ལས་བྱུང་བ་ཡིན།
        ཏུང་ཧན་རྒྱལ་རབས་ཀྱི་མཚན་ཉིད་རིག་པའི་མཁས་དབང་ཝང་ཁྲུན་གྱིས་འབྲུ་ཆར་ནི་རླུང་འཚུབ་དྲག་པོས་དགུང་དུ་དྲངས་ཤིང་དེ་ནས་ས་གཞིར་བབས་པའི་གནས་ལུགས་སྐབས་དེར་བཤད་མྱོང་བ་སོགས་དེ་རེ་རེ་ལ་དེ་དག་མཐུན་པའི་འབྱུང་རྐྱེན་རེ་ཡོད་པ 《རང་བྱུང་ཁམས་ཀྱི་མཐོང་ཐོས་ངོ་མཚར་ཅན》ལས་གསལ།
        དེས་ན་སྟེས་དབང་གིས་གླེགས་བམ་གྱི་ཆར་བ་ཞིག་བབས་ན་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད་ལ་དེ་ལྟར་བཤད་པ་དེའང་གཞི་མེད་ཀྱི་སྒྲོ་འདོགས་ཤིག་གཏན་ནས་མིན་ལས་ཆེ། གལ་ཏེ་སྒྲོ་འདོགས་ཡིན་པའི་དབང་དུ་བཏང་ན་ཡང༌། འདིའི་རྒྱུ་རྐྱེན་ལ་ཚན་རིག་དང་མཐུན་པའི་བསྡོམས་ཚིག་ཅིག་ནམ་ཡང་བཟོ་ཐབས་མེད། དེས་ན་བདག་གིས་ གླེགས་བམ་མཁའ་ནས་བབས་པ་ནི་བདེན་པ་ཁོ་ནའོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་ལ་དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“ཀ་ཁོལ་མར་ཆོས་རྒྱལ་མྱ་ངན་མེད་ཀྱི་གདུང་རྒྱུད་རྒྱལ་བོ་ཛ་ཞེས་བྱ་བས་མ་ག་དྷར་སྔོན་མེས་པོ་མྱ་ངན་མེད་ཀྱིས་སྐུ་དང་ཐུགས་ཀྱི་རྟེན་རྒྱ་ཆེར་བྱས་འདུག་ཀྱང་གསུང་གི་རྟེན་མ་བྱས་པར་འདུག་པས་ངས་གསུང་གི་རྟེན་བྱེད་ཟེར་བས་བློན་པོ་གཅིག་གིས་ཆོས་རྒྱལ་མྱ་ངན་མེད་ཀྱི་བྱ་བ་ལྟར་ཁྱེད་རང་ཡང་ལུང་བསྟན་གྱི་རྒྱལ་བོ་ཡིན་སྲིད་པས་དཀོན་མཆོག་ལ་གསོལ་བ་བཏབ་དམོད་ཚིགས་ཟེར་ནས་དེ་ལྟར་བྱས་པས་རྡོ་རྗེ་སེམས་དཔས་ནམ་མཁའ་ནས་གླེགས་བམ་གྱི་ཆར་ཕབ། དེ་རྣམས་རྒྱལ་མཚན་གྱི་རྩེ་མོ་ལ་སོ་སོར་བཏགས་ཏེ་མཆོད་པ་བྱས་པས་རླུང་གཡོས་པས་རྒྱལ་མཚན་གཅིག་མི་སྣང་བར་ཁྱེར་བའི་དེ་བོད་དུ་བབས་པ་ཡིན⑴”ཞེས་འབྱུང་བ་ནི་ཚན་རིག་དང་མཐུན་པའི་བསྡོམས་ཚིག་གཅིག་སྟེ་སྔོན་ལྷ་ཐོ་ཐོ་རི་གཉན་བཙན་རིང་མ་ ཤེས་བའི་གསང་མཐིལ་དེ་སྲོང་བཙན་སྒམ་པོས་བརྟོལ་བ་རེད། དེ་བོད་དུ་བབས་པའི་གླེགས་བམ་གྱི་ཆར་བ་འབྲུ་ཆར་དང་མཚུངས་བར་རླུང་འཚུབ་ཀྱིས་དྲངས་པ་ཡིན་ལ་དེ་ བཞིན་དུ་བོད་ཀྱི་ལོ་རྒྱུས་སྨྲ་བ་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་བཞེད་དེ《མཁས་པའི་དགའ་སྟོན》ལས། “ཛའི་ཁང་ཐོག་ནས་མི་སྣང་བར་གྱུར་པ་དག་པའི་ཞིང་དུ་གནས་ནས་ཕྱིས་བོད་ཏུ་བབ་པ་ལྟ་བུ་ལ་ནི་འགལ་བ་མེད་དོ⑵”ཞེས་གསུངས་སོ། །ཡིན་ན་ཡང་འདི་དག་ལ་ཆོས་ལུགས་ཀྱི་ལྟ་ཚུལ་འདྲེས་པ་ནི་གནད་དོན་གཞན་ཞིག་ཡིན་པས་བཟོད་སྒོམ་ཅུང་ཟད་བྱེད་རོགས།  འོན་ཀྱང་ཀ་འཁོལ་མའི་ཚིག་འདི་ཇི་ལྟ་བར་ད་ལྟའི་ཀན་སུའུ་དཔར་མར་མེད་ན་ཡང་དེ་ནི་དཔའ་བོ་གཙུག་ལག་ཕྲེང་བས་དངོས་སུ་དཔེ་ཆ་ཞིག་ལས་དྲངས་པ་ནི་སོམ་ཉི་མ་དགོས། དེའི་ཕྱིར《མཁས་པའི་དགའ་སྟོན》དུ། “མདོ་གཉིས་མ་གཏོགས་ཕྱག་རྒྱ་བཞི་བ་མ་བཤད། འདི་ཡང་མ་ག་དྷ་ནི་ཡི་གེ་ཉམས་པར་ཟད་པས་སྤྱིར་ཟ་ཧོར་ཡུལ་དུ་བྱུང་བར་སྣང་ལ ⑶”ཞེས་དང༌།“ཁ་ཅིག་ཏུ་ལོ་དང་པོ་ལ་གསེར་གྱི་ལྗང་པ་ལ་བཻཌཱུརྱ་ཞུན་མས་བྲིས་བའི་གླེགས་བམ་མང་བོ་བབས། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པས་སང་ཕོད་ལོ་དུས་སུ་ཕྱག་རྒྱ་གཞན་རྣམས་ཀྱང་བྱུང་ཞེས་ཀྱང་སྣང⑷”ཞེས་འབྱུང་ལ་འདི་མ་དཔེ་དག་གཞིར་བཞག་ནས་དཔྱད་ན་བདེན་དོན་ལ་སྐྱ་ཐིག་རྒྱག་ཐུབ་ཏེ་གླེགས་བམ་གཉིས་བབས་ནས་ཕྱི་ལོར་ཕྱག་རྒྱ་གཞན་རྣམས་ལོ་ཙཱ་བས་ཁྱེར་ཡོང་བ《ཀ་འཁོལ་མའི》དགོངས་པའང་ཡིན་ལ་སྤྱི་ཚོགས་གོམ་འགྲོས་དང་བསྟུན་ནའང་འགལ་བ་མེད། དེ་རྒྱུ་མཚན་འདི་ཤེས་པར་བྱ་སྟེ་རྒྱལ་བོ་ཛས་གསུང་རྟེན་མཆོད་ཅེས་པ་དང་གུང་བསྒྲིགས་ན་གནམ་ནས་བབས་པ་ནི་གླེགས་བམ་ཁོ་ན་ཡིན་པ་ཤེས་ཐུབ་ལ་ལྷག་པར《ཆོས་འབྱུང་མེ་ཏོག་སྙིང་བོ》ལས།“རིན་པོ་ཆེ་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོགས་བབས་སུ་བྱོན་པ་ལས། དེ་རྒྱལ་བོས་ཁ་ཕྱེ་ནས་གཟིགས་པས་གླེགས་བམ་ཞིག་འདུག་སྟེ⑸”ཞེས་དང《རྒྱལ་བོའི་བཀའ་ཐང》ལས།“གསེར་གྱི་སྤང་སྐོང་རྒྱ་གར་ཡི་གེ་གཅིག །མཁའ་ལ་བྱོན་ནས་རང་གི་ཐོག་ཏུ་བབས། །⑹”ཞེས་དང༌། 《བློན་པོ་བཀའ་ཐང》ལས། “ཐུ་མི་སམ་བྷོས་གཉན་པོ་གསང་བ་བསྒྱུར⑺”ཅེས་འབྱུང་བས་ཤེས་སོ། །དེ་ལས་ཀྱང་ཆེས་གསལ་བ་ནི《མཁས་པ་ལྡེའུ་ཆོས་འབྱུང》ལས“སྐུ་མཁར་ཡུམ་བུ་བླ་སྒང་ན་བཞུགས་པའི་དུས་སུ་གསེར་གྱི་སྤང་སྐོང་ཕྱག་རྒྱ་དང༌། གཡུའི་མཆོད་རྟེན་བང་རིམ་བཞི་པ་ནམ་མཁའ་ནས་ཕྱག་ཏུ་བབས་ཏེ་གཉན་པོའི་ཆོས་སུ་མ་མཁྱེན་ཀྱང་ཡིད་དུ་འོང་ཞིང་མཛེས་པ་ཙམ་དུ་དགོངས་ནས་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པས་ལོ་དུས་སུ་བཀའ་བཏགས་ཀྱི་རི་ཡི་རྒྱལ་བོ་ཕྱག་རྒྱ་བཞི་ཡང་བྱོན་སྐད།⑻”ཡིན་ན་ཡང་ད་ལྟའི་ལྕགས་པར་དུ་བཏབ་པའི《ཀ་ཁོལ་མར》གནམ་ལས་བབས་པའི་གྲས་སུ་མཆོད་རྟེན་ཡོད་པར་བཤད་ཀྱང《མཁས་པའི་དགའ་སྟོན》དུ་དྲངས་པ་དེར་མེད་ལ《མ་ཎིའི་བཀའ་འབུམ》སྟོད་ཆར་དེ་ལྟར་བཤད་ཀྱང་སྨད་ཆར་མཆོད་རྟེན་མ་བཤད་པས་མཆོད་རྟེན་སོགས་བབས་པ་དེ་མ་དག་རྒྱུན་འབྱམས་སུ་སོང་བར་སྙམ། ལྷག་པར་ལེགས་པར་བཤད་མཛོད་དུ་དྲངས་པ་ལས་ཀྱང་ལོ་ཙཱ་བས་མཆོད་རྟེན་ཁྱེར་ཡོང་བར་བཤད་པ་སོགས་ལྟར་ན་གཉན་པོ་གསང་བའི་གྲས་སུ་གནམ་ནས་བབས་པའང་ཡོད་ལ་ལོ་ཙཱ་བས་བྱིན་པའང་ཡོད་པར་བཟུང་ཆོག་ལ་ལོ་རྒྱུས་ཀུན་ལས་བཤད་པ་ལྟར་དང་བོ་བོན་ དར་བའི་ལྟས་སུ་བཟུང་ནས་མཆོད་དེ་ཕྱིས་ཆོས་སུ་བཟུང་ནས་མཆོད་བཀུར་བྱས་པ་དེས་ཀྱང་ཤེས་ཐུབ་སྟེ་གླེགས་བམ་བབས་ནས་ཅི་ཡང་མ་ཤེས་པར་མཆོད་པའི་སྐབས་སུ་ལོ་ཙཱ་བ་སླེབས་པར་བསྟན་པ་ལ་ཆོས་ཡིན་ཞེས་བཤད་དེ་མཆོད་རྟེན་སོགས་ཀྱང་བཞག་སྟེ་མཆོད་བཀུར་བྱེད་ལུགས་ཀྱང་གསུངས་ནས་ཕེབས་པ་འདྲ། 
        གཞན་དུ་ན་ཆོས་ལ་ཆ་རྒྱུས་གཏན་ནས་མེད་པ་ཞིག་གིས་ཆོས་དར་བའི་ལྟས་ཡིན་པ་དང་ཆོས་ལྟར་མཆོད་པའི་ཆོ་ག་ཇི་ལྟར་ཤེས། ལུང་བསྟན་དུ་བྱུང་ངོ་ཟེར་ན་ཡང་མི་འཐད་དེ་དེ་ལྟར་ན་རྒྱལ་བོ་སྐྱེ་བོ་རང་ག་བ་ཞིག་མིན་པར་ངེས་ཤིང་ཀུན་ཏུ་བཟང་བོའི་རྣམ་སྤྲུལ་དུ་གྲགས་པ་ལྟར་ཟད་མོད། ཀུན་ཏུ་བཟང་བོར་ལུང་བསྟན་གྱིས་གསལ་འདེབས་བར་དུ་མི་མཁྱེན་པ་ནི་ཐབས་སྡུག་གོ །ཐུན་མོང་གི་སྣང་ཚུལ་ལོ་ཟེར་ལོ་ཟེར་ན་གླང་དར་གྱིས་བསྟན་པ་བསྣུབས་པའང་དེར་ཟད་དོ་ཞེས་སྨྲས་ན་ལན་ཅི་ཡོད། འོ་ན་ལོ་ཙཱ་བ་དེ་དག་མ་བཀག་པར་སྐྱེས་འབུལ་དུ་བཅུག་པ་ཅི་ཡིན་ཞེས་དེ་ནི་མཁའ་ནས་བབས་པའི་གླེགས་བམ་གྱི་དོན་དང་ཚིག་འབྲུ་མ་ཤེས་པ་ལ་ཐུག་ཡོད། དེ་ལས་ལོ་ཙཱ་བ་འགོག་མི་སྲིད་ལ་གླེགས་བམ་བསྟན་ནས་དོན་བཤད་དུ་བཅུག་པ་ནི་གདོན་མི་ཟའོ། །དེ་བས་ལོ་ཙཱ་བས་མཆོད་རྟེན་སོགས་ཀྱང་གཉན་པོ་གསང་བའི་གྲས་སུ་བཞག་ནས་མཆོད་པས་ཕྱིས་སུ་གནམ་ནས་བབས་པ་དང་ལོ་ཙཱ་བ་འཁྱེར་ཡོང་བ་གཉིས་ལ་ཁྱད་འབྱེད་མ་ཐུབ་པར་གཅིག་ཏུ་འཁྲུལ་བས་སྔོན་གྱི་ལོ་རྒྱུས་དག་ལའང་རྩོད་པ་འདི་བྱུང་བར་སྣང་ངོ༌། །
        འདིར་སྨྲས་པ། ཐུན་མོང་སྣང་བ་སྟུག་པོའི་ཕ་རོལ་ན། །ཐུགས་རྗེ་ཟད་མཐའ་མེད་པའི་ཉི་མ་བཞུགས། །ཀུན་ལ་རིས་སུ་མེད་པའི་སྤྱན་ཟུང་གིས། །སྙིང་ལ་སིམ་པའི་བདུད་རྩི་ཡང་གཅིག་སྩོལ། །ཕ་མཐའ་མེད་པའི་འཇིག་རྟེན་སྣང་བའི་གཞིར། །བདེ་སྡུག་རི་མོ་འབུམ་ཕྲག་བསགས་བསགས་ནས། །སྟོང་བའི་མཆི་མ་སྙིང་ལ་འཁྱིལ་བས་ན། །ཀུན་ལ་ཞེན་པའི་མགོ་བོ་སླར་ཡང་དུད། །གཏམ་རྣམས་ཕལ་ཆེར་བརྗོད་འདོད་བློ་ལས་སྐྱེས། ། བསམ་བློ་ཕྲ་མོ་ཕྱོགས་ཞེན་རྒྱུ་ལ་བྱུང༌། །རྒྱུ་འབྲས་བཙན་པོ་ཁྲིམས་ཀྱི་བཀའ་ཡིག་འདིས། །འདི་སྣང་ཀུན་གྱི་མགོ་བོ་ནམ་མ་བཅོམ། །ན་ཆུང་བུ་མོ་འཇོ་སྒེག་ཉམས་ལ་དགའ། །ན་གཞོན་རྒོད་པོ་མྱོས་འགྱུར་ཆང་ལ་དགའ། །ན་རྒས་དཔོན་པོ་ལྐོག་རྔམ་རྒྱུ་ལ་དགའ། །ན་ཚོད་ངེས་མེད་ཀུན་ཀྱང་སྒོར་ལ་དགའ། །འཇིག་རྟེན་གཡོ་སྒྱུའི་རྩེ་མོ་དགུ་བསྒྲིགས་ནས། །བརྫུན་གཏམ་ཕྲེང་བ་འཁྲིགས་པའི་ནགས་ཀླུང་དུ། །བདེན་དོན་ལམ་བུ་འཚོལ་བའི་ཤེས་རབ་ཅན། །གཡོ་ཟོལ་བྲལ་བའི་རིག་པའི་གཏམ་ལ་ཆགས། །བླུན་པོའི་ཁྲེལ་དང་ཕྲག་དོག་རྒྱུ་བའི་སར། །བདེན་པའི་གཏམ་ལ་རིན་ཐང་ཆུང་ན་ཡང༌། །སེར་བོ་གསེར་དེ་བྱེ་མའི་ལྟོ་རུམ་ནས། །འགོག་མེད་འོད་མདངས་ཀུན་གསལ་ཀློང་ན་བགྱེས། །
འཆན་འགྲེལ།
①རེབ་ཀོང་རྡོ་རྗེ་མཁར། 《དཔང་ཀོང་ཕྱག་བརྒྱ་སོགས་གནམ་ནས་བབས་པ་ཨེ་ཡིན》<<མཚོ་སྔོན་སློབ་གསོ>>1985.2ཤ75
②ནེའུ་པ་པནྜིཏ། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། ཤ14
③ འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》མི་རིགས་དཔེ་སྐྲུན་ཁང༌། ཤ64
④ རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 མི་རིགས་དཔེ་སྐྲུན་  ཁང༌། ཤ 16
⑤ཚེ་ཏན་ཞབས་དྲུང༌། 《བོད་ཀྱི་ལོ་རྒྱུས་ཀྱི་ལོ་ཚིགས་འགའ་ཞིག་བཤད་ཁྲིད་བྱས་སྐབས་ཀྱི་བརྗེད་བྱང》《ཚེ་ཏན་ཞབས་དྲུང་གི་གསུང་འབུམ》པོད་བདུན་པ། མི་རིགས་དཔེ་སྐྲུན་ཁང༌། ཤ475
⑥རེབ་ཀོང་རྡོ་རྗེ་མཁར། 《དཔང་ཀོང་ཕྱག་བརྒྱ་སོགས་གནམ་ནས་བབས་པ་ཨེ་ཡིན》<<མཚོ་སྔོན་སློབ་གསོ།>>1985.2ཤ 75
⑦ཚེ་ཏན་ཞབས་དྲུང༌། 《བོད་ཀྱི་ལོ་རྒྱུས་ཀྱི་ལོ་ཚིགས་འགའ་ཞིག་བཤད་ཁྲིད་བྱས་སྐབས་ཀྱི་བརྗེད་བྱང》《ཚེ་ཏན་ཞབས་དྲུང་གི་གསུང་འབུམ》པོད་བདུན་པ། མི་རིགས་དཔེ་སྐྲུན་ཁང༌། ཤ475
⑧ཀུན་མཁྱེན་འཇམ་དབྱངས་བཞད་པ།《ཕར་ཕྱིན་མཐའ་དཔྱོད》སྟོད་ཆ། དགེ་ལྡན་ལེགས་བཤད་གསུང་རབ་དཔེ་སྐྲུན་ཁང༌། ཤ96
⑨ 《རང་བྱུང་ཁམས་ཀྱི་མཐོང་ཐོས་ངོ་མཚར་ཅན》ཤུགས་སྤྲིན་ཉིས་བསྒྱུར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤ1
⑴ཤར་རྫ་བཀྲ་ཤིས་རྒྱལ་མཚན།《ལེགས་བཤད་གཏེར་མཛོད》མི་རིགས་དཔེ་སྐྲུན་ཁང༌། ཤ198
དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ167
⑵དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ167
 ⑶དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང༌། ཤ167
 ⑷དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང༌། ཤ168
 ⑸ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་བོ》མི་རིགས་དཔེ་སྐྲུན་ཁང༌། ཤ164
 ⑹《རྒྱལ་བོའི་བཀའ་ཐང》མི་རིགས་དཔེ་སྐྲུན་ཁང༌། ཤ115
 ⑺《རྒྱལ་བོའི་བཀའ་ཐང》མི་རིགས་དཔེ་སྐྲུན་ཁང༌། ཤ440
 ⑻《མཁས་པ་ལྡེའུ་ཆོས་འབྱུང》བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང༌། ཤ249


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།