ཚེ་བརྟན་གྱི《རྩོམ་རིག་དང་སྐད་ཆ》
ནང་དོན་གནད་བསྡུས། རྩོམ་རིག་གི་བྱུང་འཕེལ་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་རྩོམ་རིག་དང་སྐད་ཆའི་འབྲེལ་བ།རྩོམ་རིག་གི་སྐད་ཆ་ཞེས་པར་གོ་བ་ལེན་སྟངས།སྐད་ཆའི་བྱུང་འཕེལ་དང་འབྲེལ་བའི་རྩོམ་རིག་གི་བྱེད་ནུས་བཅས་ལས་ནང་དོན་གནད་བསྡུས་སུ་བཀོད་པ།
བརྡ་ཆད་གཙོ་བོ། རྩོམ་རིག སྐད་ཆ། རྩོམ་རིག་གི་སྐད་ཆ།
རྩོམ་རིག་བརྩམས་ཆོས་ནི་སྐད་ཆའི་སྦྱོར་བར་བརྟེན་ནས་གྲུབ་ཀྱིན་ཡོད།བརྩམས་ཆོས་རོལ་མྱོང་བྱེད་སྐབས་ཀློག་པ་པོའི་དབང་ཤེས་ལ་ཐད་ཀའི་མཛེས་ཚོར་སྟོབས་མཁན་ཡང་ རྩོམ་རིག་བརྩམས་ཆོས་ཀྱི་སྐད་ཆ་ཡིན།རྩོམ་རིག་རོལ་མྱོང་བྱེད་མཁན་ལ་མཚོན་ནའང་རྩོམ་རིག་གི་སྐད་ཆའི་བརྡ་དོན་ཇི་བཞིན་མ་འཁྲོལ་པ་དེ་སྲིད་དུ་བརྩམས་ཆོས་རོལ་མྱོང་གི་གོ་རིམ་འགྲུབ་མི་ཐུབ།དེ་བཞིན་རྩོམ་རིག་གཞུང་ལུགས་སྨྲ་བ་ཚོར་མཚོན་ནས་བཤད་ཀྱང་ རྩོམ་རིག་གི་སྐད་ཆ་ནི་ཞིབ་འཇུག་བྱ་ཡུལ་གྱི་རྐང་སྟེགས་ཐོག་མར་ངོས་འཛིན་གནང་ངེས་ཡིན།དེ་བས་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ལས་མ་འདས།ང་ཚོས་སྐད་ཆ་ལ་སྦྱོང་བ་ ཧུར་ཐག་བྱེད་པ་ནི་རྩོམ་པ་འཇུག་པའི་ཐེམ་སྐས་ལྟ་བུ་ཡིན་ནོ།
དང་བོ། སྐད་ཆའི་རྩོམ་རིག་ལ་ཐོན་པའི་ནུས་པ།
སྐད་ཆ་ནི་རྩོམ་རིག་གི་སྣེ་ཤན་ལྟ་བུ་ཡིན་པས་སྐད་ཆ་ལེགས་པོ་ཞིག་བཤད་མ་ཤེས་ན་རྩོམ་རིག་གི་བྱ་བ་ནི་ཁ་བཤད་ཆུ་ཡི་ཝུ་བ་ལས་མ་འདས།རྩོམ་རིག་གི་ཆེས་རྨང་གདན་དུ་ གྱུར་བའི་དངོས་པོའི་སྨྱན་བྱེད་ནི་སྐད་ཆ་ཡིན་ཞེས་རྩོམ་གཞུང་དུ་བྱུང་བ་ནང་བཞིན་སྐད་ཆའི་མཛེས་པ་མེད་ན་རྩོམ་རིག་ལ་སྙན་ཉམས་དང་བརྗིད་ཉམས་སོགས་ཡོད་མི་སྲིད་དོ།།
དེ་བས་ང་ཚོས་རྩོམ་ཡིག་འབྲི་བར་སྐད་ཆ་ནས་མགོ་བརྩམས་ཏེ་སྐད་ཆ་ལེགས་པོ་ཞིག་ཤར་མར་བརྗོད་ཐུབ་ན་རྩོམ་ཡིག་ཀྱང་ལེགས་གྲས་ཞིག་འབྲི་ཐུབ་རྒྱུ་གདོན་མི་ཟ།ཉེ་ལམ་ང་ཚོའི་བོད་མི་ཁྲོད་ཀྱི་ཤེས་ལྡན་པ་ཚོས་རང་གི་བྱིས་པ་རྒྱ་ཡིག་རྒྱ་སྐད་སྦྱོང་དུ་བཅུག་སྟེ་མཐར་བོད་ཀྱི་སློབ་མ་ཚོ་དང་མཉམ་དུ་བོད་ཡིག་དང་བོད་རྩོམ་འབྲི་དུས་དགོད་བྲོ་ཞིང་ཞེ་མེར་བའི་སྣང་ཚུལ་གང་མང་ཞིག་འབྱུང་དང་འབྱུང་བཞིན་མཆིས་སོ།། འདི་དག་གི་མི་རིགས་རང་གི་སྐད་ཆ་ལ་མ་སྦྱངས་པའི་ཉེས་དམིགས་དང་རང་ཉིད་ཀྱི་རང་ཉིད་ལ་འཆི་ལམ་འཚོལ་བའི་མཚོན་རྟགས་འབའ་ཞིག་ལས་མ་འདས་སོ།།སྐད་ཆ་ནི་མིའི་རིགས་ ཡོངས་ལ་རིས་མེད་དུ་ཁྱབ་པའི་སྣང་ཚུལ་ཞིག་རེད་ལ།རྩོམ་རིག་གིས་སྐད་ཆར་བརྟེན་ནས་གསར་རྩོམ་བྱེད་ཀྱིན་ཡོད་པའི་གནད་ཀ་འདི་ནས་རྩོམ་རིག་གི་ཡོངས་ཁྱབ་རང་བཞིན་ཐག་བཅད་ཡོད།སྐད་ཆ་ནི་རྩོམ་རིག་གནས་བྱེད་ཀྱི་གཞི་རྩའི་གྲུབ་རྒྱུ་ཡིན་ལ།དེ་ནི་རྩོམ་རིག་གི་བསམ་བློའི་ཤུན་སྐོགས་ཡིན།སྐད་ཆའི་མཚོན་སྟངས་ལ་བརྡ་དོན་དང་ཐ་སྙད།སྒྲ་གདངས་ སོགས་ཡོད་པ་མ་ཟད་སྐད་ཆའི་བརྡ་སྤྲོད་སྟངས་ཀྱིས་ཀྱང་རྩོམ་རིག་ལ་འགན་ལེན་བྱེད་ ཀྱིན་ཡོད།སྐད་ཆ་ནི་བསམ་བློ་དང་རིག་གནས་གང་རུང་ཞིག་གི་ཁུར་འདེགས་བྱེད་པོ་ཡིན་པས།སྐད་ཆ་རང་ཉིད་མ་གཞི་ནས་རིག་གནས་ཤིག་གི་རྣམ་པའམ་རིག་གནས་ཤིག་ཡིན།དེ་བཞིན་སྐད་ཆ་དང་མིའི་རིགས་ཀྱི་བསམ་གཞིགཡང་ན་སྐད་ཆ་དང་མིའི་རིགས་ཀྱི་བསམ་ བློའི་འབྲེལ་བའི་ཐད་དུ།ལ་ཤས་ཀྱིས་སྐད་ཆ་ནི་མི་ཕན་ཚུན་བསམ་བློ་བརྗེ་རེས་དང་འབྲེལ་འདྲིས་བྱེད་སྤྱད་ཀྱི་ལག་ཆར་ངོས་འཛིན་ལ།ཡང་ཁ་ཤས་ཀྱིས་སྐད་ཆ་དང་བསམ་བློ་གཉིས་སོ་སོ་དགར་དུ་མེད་པའི་གཅིག་འདུས་ཀྱི་ཕུང་བོ་ཞིག་ཏུ་བལྟ།དེ་གཉིས་ལས་གང་བདེན་ མིན་ནི་ཁ་ཚོན་གཅད་ཐབས་བྲལ་ནའང་།སྣང་ཚུལ་དེ་ལས་སྐད་ཆ་དང་མིའི་བསམ་གཞིག་དབར་དུ་འབྲེལ་བ་དམ་ཟབ་ཡོད་པ་རྗེན་ནེར་ཤེས་འོངས། རྩོམ་རིག་ནི་བསམ་གཞིག་གི་ཚོར་སྟོབས་ཞིག་དང་རྩོམ་པ་པོའི་འཚོ་བ་ཡི་མྱོང་སྟོབས་ཞིག་ཡིན་པས་སྐད་ཆ་ལ་བརྟེན་ནས་མཚོན་པ་དང་། སྐད་ཆ་དེ་མཚོན་པའི་ཡི་གེ་ཡིས་ད་གཟོད་རྩོམ་རིག་ཞེས་པའི་བརྡ་ཆད་འདི་ཉིད་བྱུང་དུ་བཅུག་པ་རེད། རྒྱའི་རྩོམ་མཁན་གྲགས་ཅན་ལིའུ་ཞང་ཨོའུ་ཡིས《རྩོམ་རིག་གཞུང་ལུགས》དུ་རྩོམ་རིག་ནི་སྐད་ཆ་དེ་སྐད་ཀྱི་ལོ་རྒྱུས་ཀྱི་སྒྲིག་གཞིའི་གཏིང་དུ་སིམ་ཡོད་པས་བརྡ་རྟགས་རང་སྟེང་གི་དོན་སྙིང་གནད་ཆེན་དུ་བརྩི་བ་དང་རྩོམ་རིག་གི་སྐད་ཆས་སྐད་ཀྱི་བརྡ་རྟགས་རང་སྟེང་གི་དོན་སྙིང་གཙོར་བྱས་ཏེ་ཚིག་འབྲུའི་སྒྲ་ཡི་མཚོན་དོན་གཙིགས་སུ་འཛིན་ཞེས་གསུངས་པ་ནང་བཞིན་སྐད་ཆ་མེད་ན་རྩོམ་རིག་ཞེས་པའི་མིང་མི་འབྱུང་ལ། སྐད་ཆ་ནི་རྩོམ་རིག་གི་སྲོག་ཤིང་ལྟ་བུ་ཡིན་ནོ།། འཇུ་སྐལ་བཟང་གི《གངས་གྲོང་གི་རླུང་བུ》སྙན་ངག་གི་སྐད་ཆས་སྤྱིར་བཏང་གི་སྐད་ཆའི་སྐད་ཁུངས་གཅིག་ཏུ་བསྡམས་ཤིང་ཚགས་དམ་པར་བྱས་ཐོག ལན་རེར་འཁྱོག་གཟུགས་ཅན་ཏུ་བསྒྱུར་ཏེ་ང་ཚོར་དེ་དག་ལ་དོ་སྣང་དང་ཚོར་དུ་འཇུག་པ་ཡིན་ཞེས་བཀོད་ཡོད་པས་སྙན་ངག་གི་སྐད་ཆས་སྔར་ལས་ལྷག་པར་རྩོམ་རིག་གི་རོལ་མཉམ་གསར་བ་ཞིག་སྤྱིན་ཐུབ་པ་རེད།གཞན་ཡང་རྒྱའི《རྩོམ་རིག་གཞུང་ལུགས》ལས་སྐད་ཆ་དང་རྩོམ་རིག་གཉིས་ཀའི་སྲོལ་རྒྱུན་རྩ་དོན་ལ་བྱང་བ་ཞིག་གིས་ད་གཟོད་སྙན་ངག་པས་བཀོལ་བའི་གཟུགས་རྒྱན་གྱི་དམིགས་པ་ཚོར་ཞིང་དེའི་ལྕི་ཚད་གཞལ་ཐུབ་པའོ།།ཞེས་བཀོད་ཡོད་པས་ང་ཚོས་སྐད་ཆས་རྩོམ་རིག་འཕེལ་རྒྱས་ཐད་ཐོན་པའི་ནུས་པ་རྟོགས་ཐུབ།
གཉིས་པ། རྩོམ་རིག་གི་སྐད་ཆ།
ཀིར་ཐི་ཡིས་བཞེད་དོན།“རྩོམ་རིག་ནི་སྣང་བརྙན་ཐད་ཀར་མིའི་མིག་མདུན་དུ་སྟོན་པའི་རི་མོ་དང་མི་འདྲ་བར་རྩོམ་རིག་གི་སྣང་བརྙན་ནི་ཀུན་རྟོག་འགྱུ་ཤུགས་ཀྱིས་རམ་ བསྐྱོར་བྱེད་ཀྱིན་ཡོད”ཅེས་པ་ནང་བཞིན།རྩོམ་རིག་སྒྱུ་རྩལ་ལ་རོལ་དབྱངས་དང་རི་མོ་ ཕྱོགས་གཉིས་ཀའི་སྒྱུ་རྩལ་ཁྱད་ཆོས་འཛོམས་ཡོད།ཚད་ཐིག་ངེས་ཅན་ནས་བཤད་ན།རྩོམ་རིག་གི་སྐད་ཆ་ནི་མ་གཞི་ནས་རང་རྐྱ་འཕེར་བའི་མཛེས་རྟོག་གི་རྒྱུ་རྐྱེན་ཞིག་ཡིན་ཞེས་བཤད་ཆོགརྩོམ་རིག་གི་སྐད་ཆ་ལ་སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག་གི་གོ་བ་མཆིས་ཏེ།སྒྲ་ཡངས་འཇུག་གི་རྩོམ་རིག་གི་སྐད་ཆ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་རྡོ་རྗེ་རིན་ཆེན་གྱིས《རྩོམ་རིག་གཞུང་ལུགས་གནད་བསྡུས》སུ་སུམ་རྟགས་དག་གསུམ་གྱི་དགོངས་དོན་དང་མཐུན་པའི་ངག་སྦྱོར་གྱི་སྐད་ཆ་སྟེ་དགེ་ཆོས་ཀྱིས་གསུངས་པའི་ཚད་ལྡན་གྱི་སྤྱི་སྐད་དེ་ཡིག་སྐད་ལ་ཟེར། ཚིག་དག་ཅིང་ཁ་གསལ་བ་དང་ཚིག་ཉམས་ཐོན་པ་ཞིག་ཡིན་དགོས། སྒྲ་དོག་འཇུག་གི་རྩོམ་རིག་གི་སྐད་ཆ་ནི་རྩོམ་པ་པོས་སྒྱུ་རྩལ་སྣང་བརྙན་སྐྲུན་བྱེད་དུ་རྩོམ་རིག་བསྟན་བཅོས་སུ་མངོན་པར་སྤྱད་པའི་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་པའི་ངག་སྦྱོར་གྱི་སྐད་ཆ་ལ་བྱའོ།། དེ་བས་རྩོམ་རིག་གི་སྐད་ཆ་ལ་སྣང་བརྙན་མངོན་སུམ་ལྟར་སྐྲུན་པ། ཚིག་བསྡུས་ཤིང་དོན་བསྐོར་བ།ཆགས་སྡང་གི་སེམས་ཀྱིས་བརླན་ཞིང་གཏམས་པ།ཚིག་སྦྱོར་ལ་དབྱངས་ཉམས་ཀྱི་མཛེས་པ་སོགས་ཁྱད་ཆོས་དུ་མ་ཞིག་ཡོད། རྩོམ་རིག་བརྩམས་ཆོས་ནི་རྩོམ་མཁན་བྱེ་བྲག་པ་ཞིག་གི་སྐད་ཆའི་ཆོས་ཉིད་གཞིར་བཟུང་ནས་བརྩམས་གྲུབ་བྱུང་བ་ཡིན་ལ།རྩོམ་རིག་གི་སྐད་ཆ་ནི་རྩོམ་པ་པོས་དངོས་ཡོད་ཀྱི་སྐད་ཆར་བསལ་བསེད་འདོར་ལེན་གང་ལེགས་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་རྩོམ་མཁན་རང་གི་བསྟན་བྱ་རྫོགས་པར་སྟོན་གྱིན་ཡོད་པས།རྩོམ་མཁན་རང་གི་རྩོམ་གཤིས་ཤས་ཆེ་བར་བྱས་ཏེ་རང་གི་སྒེར་གཤིས་ལྟར་བརྡ་སྤྲོད་ཀྱི་ཆོས་ཉིད་དང་སྐད་ཆའི་གཏན་ཚིགས།ཚིག་གི་གྲུབ་གྲོལ་སོགས་འཆོལ་དུ་འཇུག་ངེས་ཡིན།སྤྱིར་བཏང་འཚོ་བའི་ཁྲོད་དམངས་ཕན་ཚུན་གོ་བརྡ་སྤྲོད་བྱེད་དུ་འཆད་ཀྱིན་པའི་སྐད་ཆ་དང་ཚན་རིག་པ་དང་གསར་འགོད་པ།སྙན་སྒྲོན་པ།གཞུང་ལུགས་པ་སོགས་ཀྱིས་བཀོལ་གྱིན་པ་ཚང་མ་རྩོམ་རིག་མིན།དེ་བས་མཐོང་སྣེ་འདི་ནས་བལྟས་ན་ སྐད་ཆ་རང་ཉིད་རྩོམ་རིག་མིན་པའང་ཡང་ན་སྐད་ཆ་ཁོ་ནས་རྩོམ་རིག་གྲུབ་ཀྱིན་མེད་པར།རྩོམ་རིག་ནི་སྐད་ཆ་ལས་འགོང་ཡོད་པའི་གནད་ཀ་མཐོང་ཐུབ་པ་མ་ཟད།རྩོམ་རིག་གསར་རྩོམ་ནི་སྐད་ཆ་ལས་འགོང་བའི་རང་དབང་གི་སྦྱོར་བ་ཞིག་ཡིན་པ་རྟོགས་སླ།
གསུམ་པ། མཇུག་བསྡུ་བ།
སྐད་ཆ་ནི་རྩོམ་རིག་གི་དངོས་པོའི་སྨྱན་བྱེད་ཡིན་པས།ཕྱོགས་གཅིག་ནས་རྩོམ་རིག་དེ་ངེས་པར་རང་ཉིད་འདེགས་བྱེད་ཀྱི་སྐད་ཆར་བརྟེན་དགོས་ལ།ཕྱོགས་གཞན་ཅིག་ཏུ་ནི་དེ་ སྐད་ཆ་ལས་འགོང་གིན་ཡོད།མཚན་ཉིད་རིག་པའི་སྟེང་དུ་འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་མོ་ཧེས་ཏེ་ཀེར་གྱིས༼སྐད་ཆ་ནི་གནས་པ་དང་རྟག་པ།ཡོད་པ།གཞི་གྲུབ་བཅས་ཀྱི་ངོ་བོར་སྦྱར་ཡོད་པར་མ་ཟད།སྐད་ཆའི་འབྱུང་ཁུངས་དང་ངོ་བོར་གདོད་ནས་སྙན་ངག་གི་ཆ་འདྲེས་ཡོད་པས།སྐད་ཆ་ནི་གདོད་མའི་སྙན་ངག་ཏུ་གོ༽ཅེས་པའི་བཞེད་དགོངས་བཏོན་མྱོང་ཡོད་པ་རེད། དེ་བས་རྩོམ་རིག་གི་སྐད་ཆ་ལས་ཚུར་སྣང་ཞིང་སྐད་ཆ་ལས་འགོང་བ་ཞིག་རེད།
དཔྱད་གཞིའི་ཡིག་ཆ།
1.《རྩོམ་རིག་རྣམ་བཤད》བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས། 1996ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
2.《རྩོམ་རིག་གཞུང་ལུགས་གནད་བསྡུས》 རྡོ་རྗེ་རིན་ཆེན་གྱིས་བརྩམས། 1998ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
3.《བོད་ཀྱི་དེང་རབས་སྙན་ངག་རིག་པ》ལྕགས་རྡོར་རྒྱལ་གྱིས་བརྩམས། 2013ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
4.《རྩོམ་རིག་དང་མི》བྱ་གཞུང་དབྱངས་བྷ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
5.《རྩོམ་རིག་དཔྱད་བརྗོད》
6. «文学理论» 刘象偶
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com