《ལུག་ཚེ་ཐར》ཞེས་པའི་བརྩམས་སྒྲུང་ལ་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།:འཇག་གངས་སྐྱེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-27 10:15:00 ཀློག་གྲངས།:

  ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་བརྩམས་སྒྲུང《ལུག་ཚེ་ཐར》དང་འབྲེལ་ཏེ་རྩོམ་རིག་གི་སྒྱུ་རྩལ་དང་རྣམ་པ། གཞན་ད་དུང་འབྲི་ཐབས་བཅས་ཀྱི་སྒོ་ནས་གསར་རྩོམ་གྱི་གལ་འགངས་རེ་འགའ་ཞིག་གླེང་ཡོད་ལ། དེ་ལས་རྩོམ་འདིའི་མཛེས་བ་དང་།འབྲི་ཐབས་ཀྱི་སྒྱུ་འཕྲུལ།མཚོན་དོན་གྱི་རྒྱན་ཆ་བཅས་རང་བློ་ཅི་ལྕོགས་ཀྱི་སྒོ་ནས་ཅུང་ཙམ་གླེང་ཡོད།
  བརྡ་ཆད་གཙོ་བོ།  ལུག་ཚེ་ཐར།    སྣང་བརྙན།    འདོད་སྲེད།
  རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
  ཚེ་རིང་ནོར་བུ། ཕོ། བོད་རིགས། 1986ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་་་མཐར་ཕྱིན།བོད་ཀྱི་རྩོམ་རིག་གི་ཡོན་གནས་བླངས། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དུ་བྱ་་་བ་སྒྲུབ་ཀྱིན་ཡོད།སྐབས་བདུན་པའི་མོའོ་ཏིན་རྩོམ་རིག་བྱ་དགའི་དཔྱད་འདེམས་པ་བྱས།སློབ་ཆེན་མཐར་ཕྱིན་རྗེས་སྔ་ཕྱིར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རྩོམ་རིག་སྒྲིག་ཁང་དུ་བྱ་བ་གཉེར།ཁོང་གི་སྒྲུང་གཏམ《ལག་དམར》ལ་བོད་ལྗོངས་སྐབས་ལྔ་བའི་ཇོ་མོ་གླང་མ་རྩོམ་རིག་བྱ་དགའི་ཁྲོད་གསེར་གྱི་རྟགས་མ་ཐོབ།2006ལོའི་ཀྲུང་གོའི་ལོ་མཇུག་གི་སྒྲུང་ཐུང་དང་ཀྲུང་གོའི་བརྩམས་སྒྲུང་གི་སྒྲིག་རིམ་ཁྲོད་དང《དུས་རབས་ཉེར་གཅིག་པའི་ཀྲུང་གོའི་དེང་རབས་རྩོམ་རིག》ཏུ་གདམ་ཐོན་བྱུང་། ཁོང་གི་སྒྲུང་ཐུང《ལུག་ཚེ་ཐར》ལ་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་་དགའ་ཐོབ། ཁོང་གི་སྒྲུང་འབྲིང《ཁམས》ལ་སྐབས་ལྔ་བའི་བོད་ལྗོངས་དུས་རབས་གསར་བའི་བྱ་དགའ་ཐོབ།ཁོང་གི་བརྩམས་སྒྲུང《ལྷ་སྦྱིན》ལ2011ལོར《མི་རིགས་རྩོམ་རིག》གི་ལོ་མཇུག་གི་བྱ་དགའ་ཐོབ།གཞན་ཡང་ཁོང་ནི་བོད་ལྗོངས་རང་སྐྱོང་ཁུལ་སྤུས་ཚད་ལག་རྩལ་ལྟ་སྐྱོང་ཅུའུ་ཡི་ཏང་ཡོན་ཧྲས་ཅུ་དང་ཧྲས་ཅུའི་གཞོན་པའི་འགན་བླངས།
  དང་པོ། སྒྲུང་རྩོམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་ལས་འཕྲོས་སྟེ་སྐྱོ་ཞིང་སྡུག་པའི་སེམས་ཁམས་ཀྱི་མཛེས་བ་གླེང་བ།
  སྤྱིར་རྩོམ་རིག་བརྩམས་ཆོས་ཡོངས་ཀྱིས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་ལྟེ་བར་འཛིན་ལ་ནང་སྒོས་སུ་སྒྲུང་རྩོམ་གྱིས་དེ་བས་ཀྱང་ལྟེ་བའམ་སྙིང་བོར་འཛིན་པ་ཡིན་ནོ། དེ་བས། ཚེ་རིང་ནོར་བུ་ལགས་ཀྱི《ལུག་ཚེ་ཐར》ལ་མཚོན་ནའང་གོང་གསལ་བཞིན་ཏུ་མི་སྣའི་སྣང་བརྙན་གྱི་ཆོ་འཕྲུལ་ལས་སྐབས་དེའི་སྐྱེས་པ་སྙན་གྲགས་ཀྱི་སེམས་ཁམས་སྐྱུར་མོ་ཞིག་ཀློག་པ་པོའི་མིག་མདུན་ཏུ་སྤུང་ཤིང་། ཚོར་བ་གྲང་མོ་ཞིག་ཤ་གསེང་གི་རུས་དང་རུས་གསེང་གི་རྐང་ལ་འཐུམ་པར་ངེས། རྒྱུ་མཚན་དེའི་དབང་གིས། བདག་གིས་སྒྲུང་གཏམ་འདིའི་ཆེས་མཛེས་སྡུག་གི་ཆ་དང་རིན་ཐང་གི་ཆ་དེའང་མི་སྣའི་སེམས་ཁམས་ཀྱི་ཐད་ནས་མངོན་པར་མཚོན་ཡོད་པར་སེམས། སྒྲུང་གཏམ་འདིའི་མགོ་བརྩམས་སའི་ཚན་པ་དང་པོ་དེ་ནས་བཟུང་སྟེ་ཁོ་བོའི་ལས་དབང་ནི་གྲང་་ཞིང་གྲང་ལ་སྐྱོ་ཞིང་སྐྱོ་བའི་གནས་སུ་ཡོད།
  “ཁྱོད་རང་འཇིག་རྟེན་མི་ཡུལ་ན་ཡོད་པས་ངའི་ཆེད་དུ་གསོལ་བ་མང་ཙམ་བཏབ་སྟེ་བདག་གི་སྡིག་པ་དག་པར་བྱས་ནས་ཚེ་འཕོ་རུ་འཇུག་རོགས། ངས་ཁྱོད་ཀྱི་ལག་པ་འཁྱག་པོ་ནས་དམ་པོར་བཟུང་སྟེ་ངུ་མ་འདར་གྱིས་རང་གིས་རང་གི་བྲང་ཁར་སྦྱར་ཞིང་དྲག་ཏུ་ལྡིང་བའི་རང་གི་སྙིང་གསོན་པོས་དེ་ཉིད་དྲོན་པོར་བསྲོ་བར་བསམ།”①ཇི་འདྲའི་བབས་ཆགས་ཤིང་སེམས་སྐྱོ་བའི་སྐད་ཆ་ཞིག་ཨང་།འཇིག་རྟེན་མི་ཡུལ་དང་ཁ་ཐག་རིང་བའི་ས་དེ་ན།རང་གི་མི་ཚེ་གཅིག་གི་དགའ་ཞིང་སྐྱོ་རོགས་སྐྱོ་ཞིང་སྡུག་རོགས། མི་ཚེ་དམ་ཚིག་གི་སྣེ་མོར་འཇུ་མཁན། ལས་སྐལ་གྱི་ཆུང་མ་བཟང་མོ་དང་ཁ་བྲལ་རྗེས་ཀྱི་ཚོར་བ་གྲང་མོས་ཁོ་རང་འདི་ལྟ་བུའི་གནས་བབ་ཤིག་ལ་ཉམ་ཆུང་གིས་མི་འཚོ་ག་མེད་བྱུང་། གཞན་ཡང“ཁྱོད་ཀྱིས་དངས་བའི་ཉམས་དང་བཅས་ཏེ་བྱ་སྐད་གྲགས་ལ་ཉེ་བས་ང་རང་འགྲོ་རན་སོང་ཟེར། ངས་འདི་ནི་གྲོང་ཁྱེར་ཏེ་ཁྱིམ་བྱ་གསོ་གིན་མེད་པས་ཁྱོད་ཀྱིས་བྱ་སྐད་ཐོས་མི་སྲིད།”②སྐད་ཆ་དེ་ལས་བདག་གིས་མི་བུ་ཞིག་གི་བརྩེ་དུང་གི་ཟབ་ཚད་རྟོགས་འོང་ལ།འཁྲེལ་གཞུང་ཕྱི་ཐག་ཅན་གྱི་སྐྱེས་པ་ཞིག་གི་སེམས་ཁམས་ཤེས་འོང་། གལ་ཏེ་དེ་ནི་རྨི་ལམ་གྱི་ཆོ་འཕྲུལ་ཞིག་མིན་པའི་དབང་དུ་བཏང་ན། ཁོ་བོ་ནི་ཅིས་ཀྱང་ཁོ་མོའི་ལག་ཟུང་གི་སྣེ་མོར་འཇུས་ནས་དཀའ་སྡུག་གི་གནས་དེ་ཅིས་ཀྱང་འགྲོ་བར་ངེས། དེ་ནི་རྨི་ལམ་ཞིག་རེད།དེ་ནི་དྲན་དྲགས་པའི་སེམས་ཀྱི་ཚོར་འདུ་ཞིག་རེད། ཚོར་འདུ་དེ་ལསང་ཚོས་ཁོ་རྙེད་་་ཤིང་ཁོ་བོའི་མཛེས་སྡུག་གི་ཆ་དེའང་གསལ་བོར་མཐོང་འོང་།
  “མིག་ཕྱེ་ནའང་མུན་ནག་གིས་ཡོངས་སུ་བཀབ་པས་ཅི་ཡང་མཐོང་བར་མི་འགྱུར་ཅིང་ཁོག་པའི་སྙིང་ནི་རྔ་རྡུང་བ་བཞིན་ལྡིང་། ངས་མགོ་བོ་བཀྱགས་ཏེ་མྱུར་བར་གློག་བསྒྲོན་པ་ན་ཆ་སྒམ་དང་།བརྙན་འཕྲིན་ཚ་དེམ། ཤིང་ཅན་སོགས་རེ་རེ་གློག་འོད་ཀྱི་འོག་མདངས་དང་ལྡན་པར་གྱུར་ཅིང་དེ་དག་གིས་རྣམ་རིག་དང་བཅས་དེ་བདག་གི་ཕྱོགས་ལ་ལྟ་བ་་་་་འདྲ།ཡིན་ནའང་ཁྱོད་མཐོང་ས་ན་མི་འདུག”③ཁེར་ཧྲེང་གི་སེམས་ཁམས་ཞིག ཁེར་ཧྲེང་ཧྲེང་འཚོ་བ་གྲང་མོ་ཞིག འདི་དག་ལས་ཁེ་རྐྱང་གི་མི་བུ་ཞིག་གི་ཁེར་རྐྱང་དྲན་སྲིད་ལ། ཁོར་ཡུག་དེ་འདྲ་ཞིག་གི་འོག་ན་གཞན་ཅི་ཡང་མེད། ཡོད་མི་སྲིད། ཐ་ན་ཁྱི་གུ་ཆུང་ཆུང་ཞིག་གི་ཟུག་སྒྲའང་མེད། སྐྱ་ཐིང་ཐིང་གི་རྣམ་པ་ལས་དྲོད་ཁོལ་ཁོལ་གྱི་ཁོར་ཡུག་ཞིག་ཡོད་མི་སྲིད། དེ་ན་ཡོད་པ་ནི་དྲན་གདུང་རེད། བརྩེ་དུང་རེད། ཁྲེལ་གཞུང་རེད། ཕྱི་ཐགརེད། ཐ་ན་ཚེ་སྲོག་ཀྱང་རེད། ཡིན་ནའང་ཁྱོད་མཐོང་ས་ན་མི་འདུག རེ་བའི་མིག་ཟུང་ལ་མཁོ་བ་ནི་དེ་ལས་ལྡོག་སྟེ། ཁྱོད་ཀྱི་ཆེད་དུ་ཡོད་ཚད་ཤིག་བསྒྱུར་ཏུ་ནུས་པའི་སྟོང་སེམས་ཁམས་ཤིག་ཏུ་འདུར་གྱིན་པ་མཐོང་། དེ་དག་གི་ཕ་རོལ་ནས་ང་ཚོར་བསྐྱལ་འོང་བ་ནི་ལས་དབང་ཞེས་པའི་ཡིག་འབྲུ་མོག་མོག་ཅིག་གི་མང་ཉུང་དང་འཁོར་བ་ཞེས་པའི་ཁ་དོག་མི་འདྲ་བའི་འཚོ་བ་ཞིག་གི་མངར་སྐྱུར་ཡིན། དེ་ཡང་བྱ་གཞུང་དབྱངས་བྷས《རྩོམ་རིག་དང་མི》ལས།“རྩོམ་རིག་གི་བྱ་བྱེད་ཡོད་ཚད་ཀྱི་འགོ་རྩོམ་ས་དང་མཇུག་བསྡུ་ས་མི་ལས་མ་འདས་ཏེ།རྩོམ་རིག་ཇི་སྲིད་དུ་མི་གཤེས་དང་མི་ཚེ། མིའི་འཚོ་སྡོད་ཀྱི་ལས་དབང་ལ་ཁ་གཏོད་པ་ཡིན་ཏེ། མིའི་བདེ་སྡུག་དང་ཆགས་སྡང་། ཐོབ་ཤོར། བརྩེ་དུང་། འདོད་སྲེད་སོགས་མའི་རང་གཤིས་དང་འབྲེལ་གྱི་སྣང་ཚུལ་དག་རྩོམ་ཆོས་ཀྱིས་བཀྲམ་སྟོན་ནམ་མཚོན་པ་བརྒྱུད་ནས། མིས་རང་རྟོགས་དང་རང་དབང་། རྩིས་ཐང་། བདེ་སྐྱིད། ཚེ་སྲོག་གི་དོན་སྙིང་སོགས་ལ་འཚོལ་རྟོག་དང་རེ་སྙེག་བྱེད་པའོ། ”④དེ་ནི་རྩོམ་རིག་གི་འཚོལ་ཞིབ་དང་རྩོམ་རིག་གི་ཕན་ཡོན་རྩོམ་རིག་སྒྱུ་རྩལ་བཙོ་སྦྱོང་གི་ལས་གྲྭ་ལྟ་བུ་ཡིན།
  གཉིས་པ། ཟང་ཟིང་དང་འདོད་སྲེད་ལས་རྙེད་པའི་རྡོ་ཡི་རང་གཤིས།
  “ཁྱོད་རང་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ནས་མི་ལོ་བཅུ་གཉིས་འགོར་ནའང་ད་དུང་ཚེ་འཕོ་མ་ཐུབ། དེ་ནི་བསམ་པའི་ཡུལ་དང་བྲལ་བ་ཞིག་རེད། ཁྱོད་ཚེ་ལས་འདས་རྗེས། ངས་སྔོན་ཆད་དང་འདྲ་བའི་ཉིན་རེ་བཞིན་བསྐོར་བ་བྱས་པ་དང་། གཟའ་སྐར་བཟང་བའི་ཉིན་མོར་མཆོད་འཇལ་ལ་སོང་ཞིང་ཡར་དཀོན་མཆོག་ལ་དད་པ་དང་མར་དབུལ་ཕོངས་ལ་སྤྱིན་པ་དང་བཏང་བ་ཡིན་མོད།ད་དུང་ཅི་ཞིག་གིས་འདང་མེད་དམ།”⑤འདི་ནི་སེམས་སུ་འཐུམ་ཤིང་རུས་སུ་སྣུམ་འོང་བའི་དད་པའི་སྐད་ཆ་ཤིག་རེད་ཨང་།
  སྐད་ཆ་དེའི་རྒྱབ་ན་མི་བུ་ཞིག་གི་སྙིང་སྟོབས་དང་བརྩེ་དུང་གི་རྒྱལ་སྲས་ཤིག་རེ་འབོད་དང་མོས་འདུན་ལྷུག་ལྷུག་ཏུ་བཞད་ཡོད།སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་ཟང་་ཟིང་། འཁོར་བའི་བདེ་སྐྱིད་དང་། འདོད་སྲེད་ཀྱི་གཡོ་འཕྲུལ། གཞན་སུ་ཞིག་གི་བསྒྱུར་ཏུ་མེད་པའི་རྡོ་ཡི་རང་གཤིས།མི་ལོ་བཅུ་གཉིས་སྔོན་གྱི་སྐྱོ་སྡུག་གི་ལོ་ཟླ། མི་ལོ་བཅུ་གཉིས་རྗེས་ཀྱི་དྲན་གདུང་གི་མཆོད་པ། ད་དུང་མི་ལོ་ག་ཚོད་གཅིག་ལ་ཁྱོད་རང་དྲན་སྲིད། ཡང་ན་མི་ཚེ་གང་བོ་ཡིན་ལ། དུས་གཏན་ཏུའང་ཡིན་སྲིད་རྒྱུ་རེད། དེ་ལྟར་གླེང་ན་སྒྲུང་འདིས་རེ་སྙེག་གི་ཆ་དེའང་དྭངས་གཙང་གི་ཆ་དེ་ཡིན་ལ། དྭངས་གཙང་གི་མི་གཤིས་ལས་ད་བཟོད་རིན་ཐང་བྲལ་བའི་སྒྱུ་རྩལ་གྱི་ཡང་རྩེར་ཟིན་ཡོད་པ་རྟོགས་ཐུབ། དེ་བས། སྒྲུང་གཏམ་འདི་ལ་མཚོན་ན། བོད་ཀྱི་རྩོམ་རིག་གསར་བའི་ད་ལྟའམ་གནས་སྐབས་འདིའི་འོས་འགན་ཏེ། མི་གླེང་བ་ནས་མིའི་རང་གཤིས་དང་སྤྱི་ཚོགས་འཚོ་བའི་ཤེས་རྟོགས། ཁེ་དབང་དང་རེ་སྙེག་བཅས་མངོན་གསལ་གྱིས་མཚོན་ཡོད་པས། རྩོམ་རིག་ཁྲོད་ཀྱི་མི་ད་གཟོད་སྤྱི་ཚོགས་ཀྱི་མི་རུ་འགྱུར་འདུག འདི་ལས་རྩོམ་རིག་སྒྱུ་རྩལ་དེའང་ལྡབ་འགྱུར་གྱི་གོང་ཏུ་འཕེལ་ཡོད་པར་སེམས། 
  གསུམ་པ། ཆོས་ཀྱི་ལྟ་བ་ལས་རྩོམ་རིག་བརྩམས་ཆོས་ལ་དངུལ་གྱི་ཕྲ་བཏབས་པ།
  “ལུག་གཅིག་གིས་མདུན་དུ་འགྲོ་མཚམས་བཞག་ཅིང་ངའི་ཕྱོགས་སུ་གདོང་གཏད་དེ་འབའ་སྐད་འབྱིན་པ་དང་སྐད་སྒྲའི་ཁྲོད་ནས་སྐྱོ་བའི་མདངས་ཤིག་བྱུང་། ངས་སླར་ཡང་ལུག་དེའི་གདོང་ལ་བལྟས་པས་ཤ་ཚ་ཞིང་སྙིང་ཉེ་བའི་ཚོར་བ་ཞིག་བྱུང་བར་མ་ཟད་སྔར་ནས་འདྲིས་གོམས་ཆེ་བ་ལྟ་བུར་མངོན།”⑥ཞེས་པ་ལས་སྒྲུང་འདིའི་མི་སྣའི་སེམས་ཁམས་ལ་དུས་སམ་ཡང་ན་དངོས་པོ་གཞན་མི་སྣ་གང་དེའི་སྤྱི་ཚོགས་འཚོ་བ་དང་། སེམས་ཁམས། བརྩེ་དུང་། འདོད་སྲེད།དྲན་གདུང་། དེ་མིན་ཁེར་རྐྱང་གི་རྣམ་པ་གསལ་བོ་ཞིག་ཀློག་པ་པོའི་མིག་ལམ་ལ་བརྙན་ཡོལ་ཇི་བཞིན་འདྲེན་འོང་། དེ་ནི་རྩོམ་པ་པོའི་འབྲི་སྟངས་ཀྱི་སྒྱུ་་རྩལ་གོམས་ཆེ་བ་དང་། བསམ་གཞིགས་ཀྱི་གཤིན་ས་ཁོད་ཡངས་པ་ལྟ་བུའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་འོང་། སྐབས་དེ་ནས་གཟུང་བརྩམས་སྒྲུང་འདིས་སྒྱུ་རྩལ་གྱི་ཐད་ལ་སླར་ཡང་རིམ་པ་གཅིག་གི་མཛེས་བ་མངོན་གསལ་གྱིས་ཡར་འཕགས་ཡོད།
  “ངས་མགོ་བོ་ཡར་བཀྱགས་པ་ན་མིག་ཆུ་དྭངས་མོ་ཞིག་ཁྱོད་ཀྱི་མིག་ཀོང་དུ་ལྟེམ་མེར་འཁྱིལ་འདུག་པ་མཐོང་། དེ་མུར་སླར་ཡང་མགོ་བོ་སྒུར་ཏེ་ཁྱོད་ཀྱི་བལ་གྱིས་གཡོགས་པའི་ལུས་པོར་བྱིལ་བྱིལ་བྱས་པ་ན་བལ་གྱི་ནང་དུ་རྩྭ་དང་རྡེའུ་ཡང་འཚངས་འདུག མཚར་དགོས་པ་ཞིག་ལ་ངའི་བསམ་པའི་ནང་ཁྱོད་དང་བཟང་མོ་གཉིས་ངོ་བོ་གཅིག་དུ་གྲུབ་འདུག་པ་དང་། ཁྱོད་ཀྱི་ལུས་པོ་རྔུལ་ཆུ་དང་སྐྲ་ཡི་དྲི་མ་འདྲེས་པའི་བཟང་མོའི་དྲི་ངད་ཚོར་བྱུང་། ཡུན་རིང་མ་ཚོར་བའི་དྲི་ངད་དེས་བདག་གི་དབང་བོ་དག་གཏིང་ནས་བསྒུལ་བས་ངས་་ཁྱོད་རང་ལྡབ་འགྱུར་གྱིས་སྙིང་རྗེ་བོར་གྱུར། ངས་ཁྱོད་ཀྱི་བལ་རྫོང་ཏུ་མགོ་བོ་བཞག་ནས་དགའ་སྤྲོའི་མིག་ཆུ་ཤོར་བར་གྱུར།”⑦མཚན་པ་དེ་ལས་ང་ཚོས་གསལ་བོ་ཞིག་མཐོང་བ་ནི་སྔོན་དང་བསྡུར་ན་སྙན་གྲགས་ཀྱི་དྲན་གདུང་དང་ཁེར་རྐྱང་གི་སུན་སྣང་། ཆུང་མར་བྲལ་བའི་སྡུག་བསྔལ་སོགས་སེང་རས་གསེང་གི་ངོ་གདོང་ཇི་བཞིན་མོག་མོག་ནས། གསལ་ལྷིང་ངེར་གྱུར་བའི་གོ་རིམ་ཞིག་གཏོགས་འོང་། དེ་ནི་དངོས་བོ་ཕན་ཚུན་གཅིག་གིས་གཅིག་ལ་རམ་འདེགས་ཀྱི་ཚུལ་ཏུ་བྲིས་ཤིང་། སྔར་གྱི་སེར་པོ་རྐྱང་རྐྱང་གི་གྲུབ་པའི་མེ་ཏོག་གི་སྐྱེས་ཚལ་དེར། ད་གཟོད་ཁ་དོག་སྟོང་ལྡན་གྱི་ཚོན་སྣ་བྱུགས་པ་དང་འདྲ་བར་འདུག གལ་ཏེ་འདི་ལྟ་བུའི་སྒྱུ་འཕྲུལ་གྱི་འབྲི་སྟངས་ཞིག་མ་སྤྱད་པར་སྔར་གྱི་དེ་བཞིན་ཏུ་སྙན་གྲགས་གཅིག་པུའི་སེམས་ཁམས་དང་ཁོར་ཡུག་གི་ཐལ་མདོག་རྐྱང་རྐྱང་བྲིས་པ་ཡིན་ན། རྩོམ་གྱི་མཛེས་བ་དེའང་རིན་ཐང་དེ་ཙམ་མེད་པར་རྒྱུན་ལྡན་གྱི་ཚོར་བ་ཞིག་ལས་ཡ་མཚན་གྱི་སྣང་བ་ཞིག་སྟེར་སྲིད་རྒྱུ་མ་རེད། གནས་བབ་དེ་ལྟ་བུའི་འོག་ནས་རྩོམ་པ་པོའི་སྨྱུག་ཁ་སྲོལ་རྒྱུན་དང་འདྲེས་པའི་ཆོས་ལུགས་ཀྱི་ལྟ་བའི་སྟེང་བབས་ཤིང་། 《ལུག་ཚེ་ཐར》དང་ཐོ་རིས་མ་བཟང་མོ་གཉིས་ཀྱི་རྣམ་ཤེས་དེ། དར་སྐུད་གཅིག་ལ་རྒྱུས་བ་ནང་བཞིན། གཅིག་ལ་གཅིག་འདྲེས་ཀྱི་སྣང་བ་དེའི་འོག་ནས་ད་གཟོད་མི་སྣའི་སེམས་ཁམས་ཀྱི་སྡུག་བསྔལ་དང་རེ་སྒུག  བརྩེ་དུང་། འདུ་བྲལ་སོགས་ཀྱི་རྨ་ཁ་ཅི་ཙམ་ཟབ་པ་གཞི་ནས་རྟོགས་འོང་བ་མ་ཟད། མིག་ལམ་ཏུ་རི་མོ་ཇི་བཞིན་ཤར་འོང་། དེ་ནི་ཆོས་ལུགས་ཀྱི་ལྟ་བ་ལས་བརྩམས་ཆོས་ཀྱི་མཛེས་པ་ལ་དངུལ་གྱི་ཕྲ་བཏབས་པ་མ་ཟད་གསེར་གྱི་རྒྱན་སྤྲས་ཡོད།
 

མཆན།
1. 《ལུག་ཚེ་ཐར།》2011ལོའི་བསྒྱུར་རྩོམ། ཚེ་རིང་ནོར་བུས་བརྩམས། སྐྱབས་ཆེན་བདེ་གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར། ཤོག་ངོས68དང69གསལ།
2.《ལུག་ཚེ་ཐར།》2011ལོའི་བསྒྱུར་རྩོམ། ཚེ་རིང་ནོར་བུས་བརྩམས། སྐྱབས་ཆེན་བདེ་
གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར། ཤོག་ངོས69གསལ།
3.《ལུག་ཚེ་ཐར།》2011ལོའི་བསྒྱུར་རྩོམ། ཚེ་རིང་ནོར་བུས་བརྩམས། སྐྱབས་ཆེན་བདེ་
གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར། ཤོག་ངོས69གསལ།
4.《རྩོམ་རིག་དང་མི》བྱ་གཞུང་དབྱངས་བྷས་བརྩམས།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ཤོག་ངོས70གསལ།
 5.《ལུག་ཚེ་ཐར།》2011ལོའི་བསྒྱུར་རྩོམ། ཚེ་རིང་ནོར་བུས་བརྩམས། སྐྱབས་ཆེན་བདེ་གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར། ཤོག་ངོས69དང70གསལ།
 6.《ལུག་ཚེ་ཐར།》2011ལོའི་བསྒྱུར་རྩོམ། ཚེ་རིང་ནོར་བུས་བརྩམས། སྐྱབས་ཆེན་བདེ་གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར། ཤོག་ངོས73གསལ།
 7.《ལུག་ཚེ་ཐར།》2011ལོའི་བསྒྱུར་རྩོམ། ཚེ་རིང་ནོར་བུས་བརྩམས། སྐྱབས་ཆེན་བདེ་གྲོལ་གྱིས་རྒྱ་ཡིག་ནས་བསྒྱུར། ཤོག་ངོས75གསལ།
ཟུར་ལྟའི་ཡིག་ཆ།
《རྩོམ་རིག་དང་མི》བྱ་གཞུང་དབྱངས་བྷས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།