བོད་ཀྱི་རྒྱལ་བོ་གྲི་གུམ་བཙན་པོའི་བཀྲོངས་རྐྱེན་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:ཕུར་བ་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-08 11:24:00 ཀློག་གྲངས།:

བོད་ཀྱི་རྒྱལ་བོ་གྲི་གུམ་བཙན་པོའི་བཀྲོངས་རྐྱེན་ལ་རགས་ཙམ་དཔྱད་པ།

ནང་དོན་གནད་བསྡུས། འདིར་ལོ་རྒྱུས་ཡིག་ཚང་གཞིར་བཅོལ་ཏེ་གནམ་གྱི་ཁྲི་བདུན་གྱི་འོག་མ། སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཏེ་རྒྱལ་པོ་གྲི་གུམ་བཙན་པོའི་བཀྲོངས་རྐྱེན་ལ་རང་བློས་དཔོག་ཚད་ཀྱིས་རགས་ཙམ་དཔྱད།
བརྡ་ཆད་གཙོ་བོ། གྲི་གུམ་བཙན་པོ།  ལོ་རྒྱུས།  བཀྲོངས།

གླེང་གཞི

        དེ་ཡང་འཇིག་རྟེན་གཏམ་གྱི་དཔེ་ལ། ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས།ཞེས་གྲགས་པ་ལྟར། མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁམས་ཀྱི་འདས་ཟིན་པའི་སྔོན་བྱུང་གི་བྱ་བ་བརྗོད་པར་བོད་ལ་མཚོན་ན་བཙན་པོའི་ལོ་རྒྱུས་མི་བཤད་ཀ་མེདཡིན། ལོ་རྒྱུས་ནི་འདས་པའི་བྱུང་བ་ཞིག་ཏུ་ཟད་མོད་ཀྱི། དོན་གྱིས་དེ་ཙམ་མ་ཡིན་པར་ལོ་རྒྱུས་ནི་སྤྱི་ཚོགས་ཀྱི་གོ་རིམ་བརྒྱུད་པའི་ནང་གི་བྱུང་བ་དོན་དངོས་ཤ་སྟག་ཡིན་པས།ད་ལྟའི་མི་རིགས་གང་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་ལ་སོགས་པའི་ཐད་ལ་འགྱུར་ལྡོག་དང་འཕེལ་རྒྱུས་ཇི་ལྟར་བྱུང་བའམ་ལོ་རྒྱུ་ཀྱི་གནས་ཚུལ་དང་ཆ་རྐྱེན་ཅི་འདྲ་ཞིག་གི་འོག་ཏུ་བྱུང་བ་བཅས་ལ་བདེན་ཁ་སྤྲོད་ཐུབ། དེ་བས། ངས་འདིར་ཡིག་ཚང་ལ་གཞི་བཅོལ་ཏེ་བོད་ཀྱི་བཙན་པོའི་རྒྱལ་རབས་སུ་གནམ་གྱི་ཁྲི་བདུན་ནས་བརྒྱུད་པའི་སྟོད་ཀྱི་སྟེང་གཉིས་ཞེས་ཡོངས་སུ་གྲགས་པའི་སྔ་མ་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་རྐྱེན་ལ་ཅུང་ཟད་གླེང་ཁུལ་བྱས་ཡོད།
        བོད་ཀྱི་བཙན་པོ་གྲི་གུམ་བཙན་པོ་བཀྲོངས་པའི་རྐྱེན་ལ་བཞེད་ཚུལ་མི་འདྲ་བ་ཡོད་ལ། ད་ལྟ་མཐོང་ཆོས་སུ་གྱུར་བའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་མོ་ཆེར་འཁོད་པ་ལྟར་ན། རྒྱལ་མོའི་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དེ་ཡང་གནམ་གྱི་ཁྲི་བདུན་ནས་བརྒྱུད་པའི་རྒྱལ་རབས་བརྒྱད་པ་དང་དགུ་པ་གཉིས་ལ་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ན་སྟོད་ཀྱི་སྟེང་གཉིས་ཞེས་ཟེར་ཞིང་། དེ་གཉིས་ལས་སྔ་མ་རྒྱལ་པོ་གྲི་གུམ་བཙན་པོ་ནི་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེ་མ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ལ། དེ་ནམ་བྱོན་གྱི་ལོ་ཚིགས་ལ་སྤྱིར་བོད་ཀྱི་ལོ་རྒྱུས་ཀུན་ན་སྲོང་བཙན་སྔོན་གྱི་རྒྱལ་རབས་ཕལ་ཆེར་ལ་ལོ་ཚིགས་བཀོད་མེད་པ་བཞིན་བཙན་པོ་འདི་པའི་བྱོན་ལོའང་གསལ་པོ་ཞིག་རྟོགས་དཀའ་མོད། དེར་བལྟས་ན་གནམ་གྱི་ཁྲི་བདུན་གྱི་ནང་གསེས་སྲིབ་ཁྲི་བཙན་པོ་དང་ས་བཙན་རླུང་རྗེ་གཉིས་ཀྱི་སྲས་མཚན་དཔེ་ཡོངས་སུ་རྫོགས་པ་ཤ་ཚུགས་མི་རུ་སྣང་ཡང་དོན་དུ་ལྷའི་སྲས་པོ་སྟེ། གནམ་ལ་འཕུར་བ་སོགས་འཕྲུལ་དང་བྱིན་རླབས་ཆེ་ཞིང་། ཤུགས་རྒྱས་དང་བཙན་དྲག་ཆེ་ལ་འཐབ་མོ་ལ་དགྱེས་པས། རྟག་ཏུ་ཡབ་འབངས་ཕ་དགུ་དང་ཡུམ་འབངས་ཚན་པ་གསུམ་ལ་དགྲ་རུ་རྒོལ་ཕོད་དམ་ཞེས་བཀའ་སྩལ་ཡང་། ཀུན་གྱིས་མི་ཕོད་ཅེས་ཟེར།
        ལ་ལའི་ནང་ན་གྲི་གུམ་བཙན་པོ་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་སྐབས་ཙམ་ལ་སྤུ་རྒྱལ་གདུང་རབས་བརྒྱད་པ་གྲི་གུམ་བཙན་པོ་བྱོན་པར་གྲགས་ཏེ། བོད་ཀྱི་ལོ་རྒྱུས་དཔེ་ཆ་མང་པོའི་ནང་ན་བཤད་ཚུལ་མི་འདྲ་བར་ཡོད།           
གཅིག ལོ་ངམ་རྟ་རྫིའི་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་རྐྱེན་བཤད་པ།                                                                  
        ལོ་ངམ་རྟ་རྫི་ལ་དྲིས་པས་ཀྱང་མི་ཕོད་ཅེས་བཤད་མོད་བཙན་པོས་མ་གནང་བས། ལོ་ངམ་གྱིས་བཙན་པོ་ཐབས་ཀྱིས་བསླངས་ནས་འཐབ་སྟེ་བཙན་པོ་བཀྲོངས་ཤིང་རྒྱལ་ས་འཕྲོགས་པ་དང་། གྲི་གུམ་གྱི་སྲས་རྣམས་ཀོང་པོའི་ཡུལ་དུ་སྤྱུགས་ཞེས་གྲགས་སྐད། བོན་གཤེན་དག་གི་ཚབ་བྱེད་མི་སྣ་བློན་པོ་ལོ་ངམ་བྱ་བས་གཡོ་སྒྱུའི་སྦྱོར་བ་ལ་བརྟེན་ནས་རྒྱལ་པོ་གྲོངས་པར་བྱས་ཤིང་། བཙན་པོའི་སྲས་དག་ཀྱང་རེ་ཞིག་ཡུལ་ཡར་ཀླུང་ནས་ཀོང་པོར་སྤྱུགས་ནས་སྲིད་དབང་ཕྲོགས་པས་བཙན་པོ་མཁས་མཛངས་ཅན་འདི་ལ་མི་འོས་པའི་ཕམ་ཁ་ཆེན་པོ་བྱུང་། བོད་ཀྱི་ལོ་རྒྱུས་རྣམས་སུ་བཙན་པོ་བཀྲོངས་པའི་གདུང་ཡང་ཡར་ཀླུང་གི་ཆུ་ལ་བསྐྱར་བར་བཤད།
        དེ་ལྟ་བུའི་བསམ་སྦྱོར་ངན་པ་སྤེལ་བར་མ་ཟད་ད་དུང་བོན་པོའི་རྗེས་འབྲང་རྣམས་ཀྱིས་གྲི་གུམ་བཙན་པོར་གླེང་ལོག་གིས་ངན་སྨྲས་ཏེ། སྐབས་དེའི་ལོ་ངམ་ནི་བོད་གདོད་མའི་ཆོས་ལུགས་རྒྱུད་འཛིན་པའི་ཚབ་བྱེད་ཀྱི་མི་སྣ་གཙོ་བོ་ཡིན་ལག བོན་དང་བོན་གསར་བར་གྱི་འགལ་བ་ཛ་དྲག་ཏུ་སོང་བར་བརྟེན་སྐུ་གཤེན་གྱིས་རྒྱལ་པོ་བཀྲོངས་པ་ཞིག་ཡིན་པ་ལས། རང་བཞིན་གྱི་འབངས་ཕལ་བ་ཞིག་གིས་བཀྲོངས་པའི་གོ་སྐབས་གཏན་ནས་ཡོད་མི་སྲིད་པས་ན། གྲི་གུམ་བཙན་པོ་འཆི་བའི་སྔ་ལྟས་གྲི་བཤད་ཡོད་པར་གསུངས་པ་ཙམ་པས། དོན་དངོས་སུ་སྐུ་གཤེན་གྱིས་བཙན་པོའི་ཆབ་སྲིད་ཀྱི་དབང་ཆར་ཐེ་གཏོགས་བྱས་ཏེ་བཀྲོངས་པ་ཞིག་ཡིན་ཞིང་། བོད་གདོད་མའི་བོན་པོ་ཆོས་ལུགས་པའི་ཤུགས་ཀྱི་དོར་ཟླ་མ་འོངས་བས་མཐར་རྒྱལ་བོ་བཀྲོང་པའི་རྐྱེན་འདྲ་མིན་སྣ་ཚོགས་ཀྱིས་འགྲེལ་བཤད་གནང་བ་ཞིག་ཡིན་པར་མངོན།
གཉིས། རྒྱལ་བའི་སྲས་དང་བློན་པོ་ལྷ་བུ་རུ་ལས་སྐྱེས་ཀྱི་ཐབས་ཤུགས་འཐེན་ནས་དགྲ་ཤ་བླངས་པ།
        དེ་ལྟར་བཙན་པོ་འདི་ཉིད་བཀྲོངས་པས་རྒྱལ་སྲིད་ཤོར་ཞིང་གདུང་རྒྱུད་བསྐྲད་པ་བཅས་ཀྱི་གྱོང་གུད་ཆེན་པོ་བྱུང་ནས་རིང་ཞིག་འདས་ཚེ། ནམ་ཞིག་བཙན་པོའི་རྒྱུད་ལ་ལྷ་བུ་རུ་ལས་སྐྱེས་བྱ་བའི་མཁས་མཛངས་དཔའ་གསུམ་ལྡན་པའི་བློན་པོ་ཞིག་བྱོན།དེ་ཡང་བོད་ཀྱི་དེབ་ཐེར་རྣམས་སུ་རྒྱལ་པོའི་བཙུན་མོར་ཡར་ལྷ་ཤམ་པོའི་སྤྲུལ་བུ་ཞིག་སྐྱེས་པར་བཤད་ཀྱང་། ཏུན་ཧོང་གཏེར་ཡིག་ཏུ་བཀྲགས་ཀྱི་ཆུང་མའི་ལྟོར་བུ་ཞིག་ཁྱེར་ཏེ་ཕ་མིང་གི་ཡུལ་དུ་བྲོས་ཡོང་བ་ལས་རུ་ལས་སྐྱེས་བྱོན་ཚུལ་བཀོད་ཡོད་པས། གང་ལྟར་རུ་ལས་སྐྱེས་བྱ་བའི་བུ་དེ་ནར་སོན་རྗེས་ཡུམ་ལས་སྔར་གྱི་ལོ་རྒྱུས་ཏེ་རྒྱལ་པོ་བཀྲོངས་པ་དང་སྲས་སྤྱུགས་པ་བཅས་ཀྱི་གནས་ཚུལ་ཀུན་ཤེས་པས། རྒྱལ་སྲིད་སྐྱོང་བའི་མངའ་བདག་བཙན་པོའི་སྲས་བཙལ་དགོས་པར་བསམས་ནས་ཕྱིན་པས་ཀོང་ཡུལ་དུ་སྲས་ཤ་ཁྱི་བྱ་བ་དང་མཇལ་ཏེ་ཕྱིར་ཡར་ཀླུང་དུ་གདན་དྲངས། ཡང་བཙན་པོ་འདི་པའི་ཤུལ་དུ་སྲས་ཅི་ཙམ་ཡོད་པའི་ཐད་ལ་རང་རེའི་ལོ་རྒྱུས་སྨྲ་བ་རྣམས་ཀྱང་ཞལ་མི་མཚུངས་ཤིང་། ཕལ་ཆེར་གྱིས་སྲས་སྲས་མོ་བཞིར་འདོད་ཀྱང་ཏུན་ཧོང་ཡིག་ཆ་དང་དེ་མོའི་བྲག་བརྐོས་ཡི་གེ་བཅས་སུ་ཤ་ཁྱི་དང་ཉ་ཁྱི་བྱ་བའི་གཅེན་གཅུང་གཉིས་ཡིན་པ་བདེན་ཤས་ཆེ་སྙམ།
        དེ་ནས་རུ་ལས་སྐྱེས་ཀྱིས་སྲས་གཉིས་ལ་དམག་གི་དཔུང་འདེགས་རོགས་བྱས་ཏེ་ཐོག་མར་ཡབ་ཀྱི་དགྲ་ཤ་བླངས་ནས་ལོ་ངམ་འཁོར་དང་བཅས་པ་རྩ་མེད་བརླགས་ཐོག་འགྲེང་ནི་བཙོན་དུ་བཟུང་། དུད་ནི་མནང་སུ་བཅད་ནས་རྒྱལ་ཁ་ཐོབ་ཅིང་། དེར་བརྟེན་ཡབ་རྒྱལ་པོའི་ཆབ་སྲིད་ཀྱི་འཕྲོར་བསྐྱང་ཆེད་སྲས་ཤ་ཁྱིའི་མཚན་སྤུ་ལྡེ་གུང་རྒྱལ་དུ་གསོལ་ཏེ་བཙན་པོར་བསྐོས་ལ། ཉ་ཁྱི་ཀོང་པོའི་རྗེ་མཛད་ནས་དུས་ཕྱིས་བར་དུ་གདུང་རྒྱུད་ཡོད་པ་ལགས། དེ་ལྟར་རུ་ལས་སྐྱེས་བློན་པོ་བྱས་ཏེ་དཔའ་མཛངས་ནུས་གསུམ་གྱིས་རྒྱལ་སྲིད་རོགས་སྐྱོར་བླ་ན་མེད་པ་བྱས་པས་བཙན་པོས་ཁུ་བོར་བཀུར་བས་བོད་ཀྱི་རུས་ཁུངས་བྱུང་བར་བཤད་ལ། ཡང་རྒྱལ་པོའི་མངའ་ཐང་བདེ་ལ་བཀོད་ཅིང་སྲིད་དབང་བརྟན་འཇགས་ཡོང་རྗེས་ཡབ་བཙན་པོའི་སྤུར་སླར་ཀོང་ཡུལ་ནས་བླུས་ཏེ་འཕྱིང་བ་དར་ཐང་དུ་དུར་བཏབ་པས།བོད་ཀྱི་ཡིག་ཚང་རྣམས་སུ་བང་སོའི་ཐོག་མ་འདི་ནས་བྱུང་ཞེས་གྲགས་སོ།།

མཇུག་གི་གཏམ།

        དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་རང་གི་སྐྱེ་རྒྱུད་མ་ཤེས་ན།། ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ།།རིགས་ཆོ་འབྲང་གང་ཡིན་མ་ཤེས་ན།།གཡུ་འབྲུག་ཟོལ་མ་བཅོས་པའི་དབྱིབས་དང་འདྲ།། ཡང་མྱེས་རྣམས་ཀྱི་ཡིག་ཚང་མ་ཤེས་ན།།མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ།།ཞེས་གསུངས་པ་བཞིན། བདག་གིས་ཀྱང་རང་གི་ཤེས་ཚོད་ཀྱིས་ཏུན་ཧོང་གཏེར་ཡིག་དང་ལོ་རྒྱུས་ཡིག་ཆར་ཁུངས་བཟུང་ནས་རྒྱལ་པོ་གྲི་གུམ་བཙན་པོའི་བཀྲོངས་རྐྱེན་ལ་ཕྱིར་བལྟ་ཙམ་བགྱིས་ཡོད། དེར་མ་ཟད་འདས་ཟིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ནི་མ་འོངས་པའི་མདུན་ལམ་འཚོལ་བྱེད་ཀྱི་མེ་ལོང་ཡིན་པས། ཁ་སང་གི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ཏེ།དེ་རིང་གི་འཕེལ་འགྲིབ་དང་ད་ལྟའི་གནས་བབས་ལ་བསམ་གཞིག་བགྱི་བ་ནི་ང་ཚོ་འགྲོ་བ་མིའི་མདུན་ལྗོངས་འབའ་ཞིག་ཏུ་ཟད་པས།རྩོམ་ནང་བོད་ཀྱི་བཙན་པོ་གྲི་གུམ་བཙན་པོ་བཀྲོངས་རྐྱེན་ལ་རང་ནུས་ཅི་ལྕོགས་ཀྱིས་བརྗོད་པར་བྱས་ཡོད། གཞན་ཡང་ཞན་ཆ་དང་མི་འདང་ས་གང་མང་མཆིས་པར་ཀློག་པ་པོའི་དགོངས་འཆར་ལྷུག་པོར་བསྩོལ་རོགས་ཞུ་ཞུ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།