《རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིགས་པའི་དགོངས་རྒྱན》ལས་རི་མོའི་འབྲི་སྲོལ་སྐོར།

རྩོམ་པ་པོ།:ཨ་མདོ་བྱམས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-19 16:27:00 ཀློག་གྲངས།:

安多强巴
བོད་ཀྱི་རི་མོ་བ་གྲགས་ཅན་ཨ་མདོ་བྱམས་པ་ལགས་ཀྱིས་ལྷ་སྐུ་འབྲི་བཞེངས་བྱེད་བཞིན་པ།

 

༄༅།། མང་མང་ལོ་ཡི་འཁོར་ལོ་འབུམ་ཕྲག་བརྒལ་བ་སྔོན་བྱུང་བསྐལ་བའི་དུས། །
ཟབ་ཟབ་ཆུ་གཏེར་ཀློང་ལས་ཐོན་པའི་འགྲོ་བར་སྲེད་པ་འཕེལ་དང་ལྷན། །
མཛེས་མཛེས་རྨད་བྱུང་རི་མོའི་སྒྱུ་རྩལ་ཞིང་འདིར་ཡུན་གྱིས་དར་ཚུལ་བཅས། །
ཡང་ཡང་དཔྱད་གསུམ་ཚད་མའི་ལམ་ལས་བདེན་པའི་ར་སྤྲོད་བྱེད་ལ་རངས།།
  

  རི་མོའི་འབྲི་སྲོལ།

  གཅིག  རྒྱ་གར་རི་མོའི་འབྲི་སྲོལ།

  ལྷ་ཡི་རི་མོ་ལ་རྒྱན་བཅས་རྒྱན་མེད་གཉིས་ལས། སྔ་མ་ལ་ཞི་བ་དང་དྲག་པོ་དང་ཞི་མ་ཁྲོའི་སྐུ་གསུམ་ལས་མཚན་གཞི་རིམ་པར་རྣམ་པར་སྣང་མཛད་དང་འཁོར་ལོ་ཆེན་པོ་དང་བདེ་མཆོག་གི་སྐུ་ལྟ་བུ། ཕྱི་མ་ནི་རང་བྱུང་གི་ཆ་བྱད་ཅན་ཤཱཀྱ་ཐུབ་པའི་སྐུ་ལྟ་བུའོ། །
  དེ་ལྟ་བུའི་སྐུའི་རི་མོ་ཐོག་མར་བྱུང་ཚུལ་ནི། སྔོན་སངས་རྒྱས་འོད་སྲུངས་ཀྱི་དུས་རྒྱལ་བོ་ཀྲྀ་ཀྲྀས་སྦྱིན་བདག་བྱས་ནས་བྱམས་པའི་སྐུ་བརྙན་བཞེངས་པ་སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པ། རིམ་བཞིན་བལ་བོའི་ཡུལ་དུ་བྱོན་ཏེ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བལ་བཟའ་ཁྲི་བཙུན་གྱིས་རྟེན་སྐལ་དུ་གདན་དྲངས་ཤིང་དེང་སྐབས་བྱམས་པ་ཆོས་འཁོར་དུ་གྲགས་པ་འདི་ཉིད་ཡིན་པར་ལྷ་ལྡན་དཀར་ཆག་ཏུ་གསུངས་པ་ལྟར་ན་སྔོན་གྱི་དུས་ནས་ཀྱང་ལྷ་བཞེངས་པའི་ལམ་སྲོལ་ཡོད་པ་གོར་མ་ཆག  འོད་སྲུངས་དུས་ཀྱི་རྒྱལ་པོ་ཀྲྀ་ཀྲྀའི་བུ་མོ་གཞོན་ནུ་མ་བདུན་གྱི་སྔོན་རབས་དང་སྦྱར་ནས་ཁྱབ་འཇུག་གིས་ཀླུའི་རིན་པོ་ཆེ་དུ་མ་སྤུངས་པ་ལས་ལོངས་སྐུའི་རྟེན་རྣམ་སྣང་གངས་ཅན་མཚོ་རྒྱལ་སྐུ་མདོག་མཐིང་ག་དཔག་ཚད་བརྒྱད་བཅུ་བ། དབུ་གཙུག་ཏོར་ནོར་བུ་ཆུ་ཤེལ་གྱིས་བརྒྱན་པ་ཞིག་ཕྱིའི་རྒྱ་མཚོའི་ནང་དུ་བཞེངས་པར་གྲགས་པ་འདི་ཡང་སྟོན་པ་ཤཱཀྱ་ཐུབ་པའི་དུས་སུ་བཞེངས་པ་མིན་པ་གསལ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པའི་དབང་དུ་བཏང་ན། སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ནར་གནང་བའི་ཐུབ་པ་ཆུ་ལོན་མར་གྲགས་པ་དང་། སིངྒ་ལའི་རྒྱལ་བོའི་སྲས་མོ་མུ་ཏིག་འཁྲི་ཤིང་ལ་གནང་བའི་ཐུབ་པ་འོད་ཟེར་མར་གྲགས་པ་གཉིས་ནི་བྲིས་སྐུའི་ཐོག་མ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་བདག་བྱས་ཏེ་རིན་པོ་ཆེ་སྣ་བདུན་ལས་སྟོན་པའི་སྐུ་བརྙན་བཞེངས་པ་འབུར་སྐུའི་ཐོག་མ་ཡིན། འོན་ཀྱང་དེང་སྐབས་ཤར་ཕྱོགས་པུ་རེད་རྒྱལ་ཁམས་སུ་བཞུགས་པར་གྲགས་པའི་ཙནྡན་གོ་ཤིརྵས་རྒྱུ་བྱས་ཤིང་ན་བཟའ་ཡང་ཆུ་ཡི་གཉེར་མས་བསྐྱོད་པའི་རྣམ་པ་ཅན་དུ་ཡོད་པ་ལ་དཔེ་བྱས་ཏེ་ཨུ་ཏྲ་ཡ་ནའི་དྲན་རྟེན་དུ་བཞེངས་པའི་སྟོན་པའི་སྐུ་འབུམ་སྐུའི་ཐོག་མར་འདོད་མཁན་ཡང་ཡོད། འདི་རྣམས་ཀྱི་གཟུགས་དབྱིབས་མ་ངེས། རྒྱ་གར་གྱི་ལྷ་རིས་བཞེངས་ཚུལ་རྣམ་པ་གཅིག་ཏུ་ངེས་པ་མེད་ཀྱང་། གཙོ་བོ་སྐུ་གང་བཞེངས་ཀྱང་རང་རང་གི་མི་རིགས་ཀྱི་རྣམ་པ་ཡོད་པ་དང་ན་བཟའ་དང་རྒྱན་སོགས་སོ་སོའི་མི་རིགས་ཀྱི་གོམས་སྲོལ་ལྟར་ལྷ་ལ་ཕུལ་བའི་སྲོལ་ཡོད་པ་དཔེར་ན་ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་རྡོ་རྗེ་གདན་གྱི་ཐུབ་པ་བྱང་ཆུབ་ཆེན་པོ་བཞིན། ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་བཞེངས་པའི་སྟོན་པ་འདས་པའི་བཞུགས་ཁྲིའི་སྟེང་དུ་སྟོན་པའི་སྐུ་མེད་པ་དང་མཐའ་བསྐོར་དུ་དགེ་སློང་ཚོས་མྱ་ངན་བྱེད་པའི་རྣམ་པ་དང་། ཡང་སྟོན་པའི་སྐུ་མེད་ཀྱང་མཐའ་བསྐོར་དུ་དགེ་སློང་ཚོས་ཆོས་ཉན་པའི་རྣམ་པ་སོགས་རྡོ་ཡི་སྟེང་དུ་བརྐོས་ཡོད་པ་ལ་དཔག་ན་མྱ་ངན་མེད་ཀྱི་དུས་སྟོན་པའི་སྐུ་བཞེངས་སྲོལ་མེད་པ་འདྲ་ཞེས་ངེས་དོན་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱིས་གསུངས། གཞན་ཡང་སྟོན་པའི་སྐུ་ལ་མཛོད་སྤུ་མཚོན་བྱེད་དུ་ལི་ཁྲིའི་ཐིག་ལེ་རྒྱག་པ། སྤྱན་ལྤགས་སྨུག་པོ་བཟོ་བ། ཕྱག་ཞབས་ཐད་ལ་ལི་ཁྲི་བྱུག་པ། གཙུག་ཏོར་ངེས་ཅན་མེད་པ། དབུ་ཡི་སྟེང་དུ་འོད་ཀྱི་གོང་བུ་འབྲི་བ། སྐུ་སྟོད་དང་ཕྱག་གཉིས་ལ་གཟན་གྱིས་དཀྲིས་ནས་མི་མངོན་པར་བྱེད་པ་སོགས་རྒྱ་གར་གྱི་མིའི་རྣམ་པ་ཤིན་ཏུ་མཚར་བོ་ཞིག་འབྲི་བཞིན་ཡོད། ཞི་ཁྲོའི་ལྷ་མང་པོ་བཞེངས་ཡོད་པ་དེ་ཚང་མའི་རྣམ་འགྱུར་དང་། སྐུ་དང་རྒྱན་སོགས་ཀྱི་བཞེངས་སྟངས་ནི་རྒྱ་གར་གྱི་མི་རིགས་བཞིའི་ཁོངས་སུ་གཏོགས་པ་དང་། བྲམ་ཟེའི་རིགས་ཀྱི་གྲས་སུ་གཏོགས་པའི་ལྷ་ཡི་རྣམ་པ་དང་། སྐུ་གཟུགས་ཀྱི་འགྱིང་སྟངས། སྐུ་རྒྱན། དབུ་རྒྱན། སྙན་རྒྱན། མགུལ་རྒྱན་སོགས་རྒྱན་མང་ཞིང་། བཞེངས་སྟངས་ཀྱང་རང་མི་རིགས་ཀྱི་རྣམ་པ་ཡོད་པ། ལྷ་ཡི་བཞུགས་ས་ཡང་གཙང་ཞིང་ཡིད་དུ་འོང་བ་ཞིག་ཡོད། ལྷ་ཡང་མི་རིགས་གང་ལ་གཏོགས་ན་དེའི་རིགས་ཀྱི་རྒྱན་ཆ་སོགས་ཕུལ་བ་ལས། གང་དྲན་ཕུལ་བའི་སྲོལ་མེད་པ་དཔེར་ན་དམངས་རིགས་ཀྱི་ཁོངས་སུ་གཏོགས་པའི་རྣམ་སྲས་ལ་དབུ་རྒྱན་མཚོན་ཙམ་ལས་སྙན་རྒྱན་སོགས་འབྲི་བའི་སྲོལ་མེད། སྔོན་རྒྱ་གར་ནས་ཐོན་པའི་ཤར་ལི་དང་ནུབ་ལི་སོགས་ལ་བྱོན་ལེགས་ཉེས་མང་བོ་འདུག་པ་དེ་ཡང་ཡུལ་སོ་སོའི་མིའི་རྣམ་པ་ལ་བལྟས་ནས་བཞེངས་པ་ཡིན་སྙམ། གཞན་ཡང་རྒྱ་གར་གྱི་བུད་མེད་ཀྱི་ཆས་དང་གོས་ནི་ལྷ་ཡུལ་ནས་བྱུང་ཟེར་བས་བུད་མེད་ཀྱི་མགོའི་རྒྱན་དང་། སྣ་རྒྱན། སྐེ་རྒྱན། དཔུང་རྒྱན། ལག་གདུབ། སོར་གདུབ། རྐང་གདུབ། སེ་མོ་དོ་བཅས་རྒྱན་མང་བོ་ཡོད་པ་དང་། གྱོན་ཆས་ཀྱང་རས་དཀར་བོ་ཡུག་གཅིག་ལ་ཕྱོགས་གཅིག་ནས་ལྟེབ་མང་བོ་ཞིག་བསྡུས་ནས་རོ་སྨད་དཀྲིས་པ་དང་། དེའི་ལྷག་མ་རྣམས་ཀྱིས་རོ་སྟོད་དཀྲིས་ནས་སྣེ་མོ་ལྷ་ཡི་དར་དཔྱང་ལྟ་བུ་རྒྱབ་ཏུ་དཔྱང་དུ་ཡོད་པ་འདིས་ལྷ་ཡི་ཆས་མི་ལ་བྱུང་ཚུལ་ཡང་ཤེས་ཐུབ།
  གཉིས། རྒྱ་ནག་གི་རི་མོའི་འབྲི་སྲོལ།
  རྒྱ་ནག་གི་རི་མོའི་འབྲི་སྲོལ་ཕལ་ཆེར་གཅིག་ཏུ་མ་ངེས་ཀྱང་། ཕོ་ལ་ཕོ་ཉམས་ཡོད་པ་དང་། མོ་ལ་མོ་ཉམས་ཡོད་པ། ཕོ་ཡི་སྨིན་མ་གྱེན་དུགཟེངས་བ། སྨ་ར་དང་ཨག་ཚོམ་རིང་ལ་སྣུམ་པ། གོས་སྔོན་པོའི་ཕྲང་ཕོར་ཟེར་བའི་ལྷབ་ལྷབ་རིང་བོ་ཞིག་གྱོན་པོའི་སྲོལ་དང་། མོའི་གཟུགས་ཕྲ་ཞིང་ལྡེམ་ལ་སྒེག་ཉམས་ཡོད་པ། ལྷའི་གཟུགས་བརྙན་ཡང་རྒྱ་གར་གྱི་སྲོལ་ཡིན་ཟེར་ཡང་ཕལ་ཆེར་རྒྱ་མི་རིགས་ཀྱི་རྣམ་པ་འདྲ་བ། ན་བཟའ་ཡང་གོས་སེར་པོ་འབྲུག་རིས་ཅན་གྱི་ཕྲང་ཕོར་ཟེར་བའི་ཕུད་ཐུང་ཆེན་པོ་ཡོད་པ། ཏུན་ཧོང་གི་རི་མོའི་འབྲི་དེབ་ཅིག་དང་ཐགས་གོས་ཀྱི་གནས་བརྟན་བཅུ་དྲུག་གཅིག་གི་སྟོན་པ་ལ་སྨ་ར་དང་ཨག་ཚོམ་རིང་ལ་སྣུམ་པ་ཅན་ཞིག་དང་། གནས་བརྟན་བཅུ་དྲུག་ཀྱང་འབྲི་སྐབས་རབ་བྱུང་གི་ཆ་ལུགས་དོར་ནས་རྒྱ་མི་རིགས་རང་གི་གྱོན་ཆས་ཕུ་ཐུང་ཆེན་པོ་ལྷབ་ལྷབ་གྱོན་ཡོད་པ་བཅས་སྔར་ནས་ད་བར་འབྲི་བཞིན་ཡོད། གཞན་ཡང་རི་དང་བྲག་གསེབ་ནས་ཆུ་འབབ་པ་དང་། བྲག་དང་ཆུ་རྣམས་ཁུག་སྣའི་རླབས་བཞིན་ཡོད་པ། འདབ་ཆགས་སྣ་ཚོགས་དང་དེའི་ནང་ནས་ཁྲུང་ཁྲུང་དང་བྱ་གླག་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ། རི་དྭགས་སྤྱི་དང་ཁྱད་པར་དུ་རྟ་འབྲི་བ་ལ་ཤིན་ཏུ་མཁས་པས་རྟའི་རྣམ་འགྱུར་མང་བོས་རྒྱ་མི་རིགས་ཀྱི་རི་མོ་མཚོན་ཐུབ། ཡུལ་ལྗོངས་དང་མེ་ཏོག་ཐང་ཤིང་། མེ་ཏོག་པའི་ཡོད་པའི་ཁམ་སྡོང་སོགས་དངོས་པོ་གང་དང་གང་བྲིས་ཀྱང་དེ་དང་དེ་འདྲ་བོ་འབྲི་བ་མ་ཟད་ཧ་ཅང་གསོན་ཉམས་ལྡན་ལ་སྐྱེ་བོ་ཀུན་གྱིས་ཡིད་དབང་མེད་དུ་འཕྲོག་པ་ཞིག་འབྲི།
  གསུམ། བོད་ཀྱི་རི་མོ་འབྲི་སྲོལ།
  བསིལ་ལྡན་གངས་རིའི་ལྗོངས་སུ་ལྷ་སྐུ་བཞེངས་སྲོལ་སྟོན་པ་གཤེན་རབ་དུས་ནས་ཡོད་པར་སྙམ་ཡང་དཔྱད་པར་འཚལ། བོད་རྒྱལ་ཕོ་བྲང་ཡུམ་བུ་བླ་སྒང་དུ་བོད་གཉའ་ཁྲི་བཙན་པོའི་ཕོ་བྲང་ཉེ་འདབས་སུ་རྡོ་ཕ་བོང་དང་བྲག་གི་ངོས་ལ་རི་མོ་མང་བོ་ཡོད་པ་དེར་ཞིབ་ཕྲས་བལྟས་ཚེ་ཕྲུ་གུ་མང་པོའི་རྩེད་མོ་རྩེ་བའི་རྣམ་པ་དང་། ཡང་ཕྲུ་གུ་མང་པོ་རུབ་ནས་ཕྲུ་གུ་གཅིག་སྒལ་བར་འཁུར་ནས་འགྲོ་བ་སོགས་རི་མོ་གསལ་ལ་མི་གསལ་བ་ཞིག་ཡོད་པ་སྔར་གཉའ་ཁྲི་བཙན་པོ་མི་རྣམས་ཀྱིས་གཉའ་ཡི་སྟེང་དུ་ཁུར་ཟེར་བའི་གཏམ་དེ་དངོས་གནས་ཡིན་རྒྱུ་རེད་བསམ་བྱུང་ཞེས་དགེ་ཆོས་རིན་པོ་ཆེས་གསུངས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བྲིས་པའི་རི་མོ་ནི་གཙུག་ལག་ཁང་དུ་སྔར་མང་བོ་ཡོད་ལ། ཞོལ་ཁང་གི་བྱང་ངོས་ཀྱི་རྩིག་སྟེང་དུ་རྒྱལ་བ་རིགས་ལྔ་དང་། དག་པ་ལྕང་ལོ་ཅན་གྱི་ལྷ་ཁང་གི་ལྷོ་ངོས་ཀྱི་རྩིག་སྟེང་དུ་གཙུག་ལག་ཁང་གསར་བཞེངས་སྐབས་ཀྱི་ས་ཁྲའི་རི་མོ་གསལ་ལ་མི་གསལ་བ་ཆ་ཚང་བ་ཞིག་ཡོད་པ་དང་། བལ་བོད་ཟུང་འབྲེལ་གྱིས་བཞེངས་པའི་བར་ཐོག་གི་ལྷ་ཁང་གཡས་གཡོན་དུ་ལྡེབ་རིས་མང་བོ་ཡོད་པ་ཚང་མ་ཡིད་རབ་ཏུ་སྐྱོ་བ་ཞིག་ལ་ཉམས་གསོར་ཁ་གཡར་ནས་རྩ་ཆེ་བའི་རི་མོ་ཐམས་ཅད་མིག་གི་ལམ་ལས་འདས་པར་བཏང་། གཞན་སྲོང་བཙན་དུས་སུ་བཞེངས་པའི་རི་མོ་དང་འབུར་སྐུ་མང་བོ་སྔར་ཕ་བོང་ཁ་དང་། བྲག་ར་ཀླུ་སྦུག ཁྲ་འབྲུག  མངའ་རིས་སོགས་སུ་འདུ་ཁང་དང་རྡོའི་སྟེང་དུ་མང་བོ་མཇལ་རྒྱུ་ཡོད་ལ། དུས་དབང་གིས་དེང་སྐབས་རེ་ཟུང་ལས་མི་འདུག  ཐིག་རྩ་ལ་བསྟུན་པ་དང་མ་བསྟུན་པའི་ལྷ་ཡི་བཞེངས་སྲོལ་འདྲ་མིན་ཡོད་ནའང་གཙོ་བོ་བོད་མིའི་གོམས་སྲོལ་དང་མཐུན་པ་ཞིག་བཞེངས་ཡོད། སྤྱིར་སྟོན་པའི་ན་བཟའི་ཁ་དོག་སོགས་ངེས་ཡོད་པ་ལས་མདོག་སྣ་མང་ནབ་པའི་ལུགས་སྲོལ་མེད་ཀྱང་ང་ཚོ་བོད་ལ་སྟོན་པའི་ན་བཟའ་ལ་གསེར་གྱི་བྱ་འབྲུག་ཁ་སྤྲོད་ཅན་གྱི་གོས་ཆེན་དང་། འོད་མདངས་ཆེ་བའི་རི་མོ་མང་བོ་ཡོད་པའི་གོས་ཆེན། ན་བཟའི་ནང་ཤ་སྔོན་པོ་དང་ལྗང་ཁུ། སྐེ་རགས་དར་ལྗང་ཁུ་བཅས་རང་མི་རིགས་ཀྱི་གོམས་གཤིས་ཆེ་བའི་གོས་ཆེན་སོགས་ཕུལ་བའི་སྲོལ་ཡོད། གཞན་ཡང་གནས་ཆུང་རྒྱལ་བོ་དང་དམ་ཅན་མགར་ནག་སོགས་ཀྱི་དབུ་ཞྭ་དང་ན་བཟའ་བེར་ཞེས་པ་སྔོན་བོད་ཀྱི་བཙན་པོ་དང་མི་སྣ་གྲགས་ཅན་གྱི་དབུ་ཞྭ་དང་གྱོན་ཆས་དེ་ཕུལ་བ་དང་། བྱང་གི་གཉན་ཆེན་ཐང་ལྷ། སྨད་ཀྱི་རྨ་རྒྱལ་སྦོམ་ར་སོགས་ལྷ་མཐུ་བོ་ཆེ་ཀུན་གྱི་ན་བཟའ་ཡང་ལྷ་དེ་དང་དེའི་གནས་རི་ཉེ་འདབས་ཀྱི་ཡུལ་མི་ཚོའི་གྱོན་ཆས་ཕུལ་སྲོལ་ཡོད་པ་དཔེར་ན། རྨ་རྒྱལ་སྦོམ་རའི་དབུ་ཞྭ་དང་ན་བཟའ་དེ་ཡང་ཡུལ་མིའི་དབྱར་ཞྭ་ཞེས་པའི་ལ་ཐོད་ཐད་རྩེ་མོ་རྣོ་བའི་སྟེང་ལ་ཇ་ལ་དམར་བོ་ཤལ་ཤལ་ཡོད་པ། ལྭ་བ་དཀར་བོ་ཕུ་ཐུང་ཆེན་པོ་ལྷབ་ལྷབ་རེ་གྱོན་པའི་སྲོལ་དེ་ཕུལ་ཡོད། བོད་ཀྱི་ས་ཁུལ་གང་སར་བཙན་ཁང་མང་བོའི་ནང་དུ་བཙན་ཞེས་ལྷ་དྲག་པོར་བཞེངས་སྲོལ་ཡོད་པ་དེ་ཚོར་ཡང་བཙན་གྱི་ཐ་སྙད་ཆགས་པ་དེ་ཡང་སྔོན་གྱི་བཙན་པོ་རྣམས་ཀྱི་མཚན་རང་གི་སྐྱེས་ལྷར་ཆེད་བསྟོད་བཅོས་ཏེ་ཕུལ་བ་དང་། དབུ་ཞྭ་ལའང་བཙན་ཞྭ་ཞེས་པའི་མིག་གསུམ་རྒྱབ་ཡོད་པའི་ལ་ཐོད་ཀྱི་དབྱིབས་ཅན་དེ་སྔོན་བཙན་པོའི་དབུ་ཞྭ་ཕུལ་བའི་སྲོལ་དང་། མིག་གསུམ་བྲིས་པ་དེ་ནི་རང་གི་སྐྱེས་ལྷ་ཡེ་ཤེས་པ་ཡིན་པར་ཆེད་དུ་བསྟོད་པ་བྱས་པ་ཞིག་ཡིན། ལུགས་སྲོལ་འདིས་མི་ཆས་ལྷ་ལ་ཕུལ་བའི་སྲོལ་ཡོད་པའང་ཤེས་ཐུབ། མདོར་ན་ལུང་བ་གང་དང་གང་ཡིན་རུང་ཞི་ཁྲོའི་ལྷ་གང་བཞེངས་ཀྱང་རང་མི་རིགས་ཀྱི་རྣམ་པ་དང་ན་བཟའ་སོགས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ཕུལ་དང་ན་བཟའ་སོགས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ཕུལ་བཞིན་ཡོད་པ་སྙམ་ཡང་དཔྱད་པར་འཚལ། སྲིད་ཞིའི་མཛེས་སྡུག་བྱེ་བའི་མེ་ཏོག་གི་ཕྲེང་བ། །དཀར་ནག་རྒྱ་དང་བྷོ་ཊའི་རི་མོ་ཡི་འབྲི་སྲོལ། །བསིལ་ལྡན་བློ་གསལ་ཡིད་འོང་ན་ཆུང་གི་བུ་མོར། །ཕུལ་བའི་སྐལ་བ་ཐོབ་པར་སྤྲོ་བ་རང་འཕེལ་སོང་། །ཞེས་པ་འདི་ནི་ངལ་གསོའི་སྤྲོ་འཕེལ་གྱི་གཏམ་མོ། །

                                                      ཨ་མདོ་བྱམས་པས་བརྩམས་པའི《རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིགས་པའི་དགོངས་རྒྱན།》ཞེས་པའི་ཚན་བཤུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།