གཙང་ཁུལ་གྱི་གཞས་དང་ཚིག་རྒྱག་རགས་བསྡུས་ཉ་མོ་འགུགས་པའི་ལྕགས་ཀྱུ།
གཙང་གི་ཨ་ཅེའི་རྐུབ་ལ།། ར་ལྤགས་དཀར་པོའི་ལྷན་པ།།
རི་དེ་མཐོ་བས་ལན་སོང་།། དྲོ་རོགས་མེད་པའི་གྲང་རོགས།།
རྒྱབ་ཀྱི་རླུང་བུ་མ་བཀག ། མདུན་གྱི་ཉི་མ་བཀག་སོང་།།
ཞི་མི་ཞིམ་ཚང་ནང་ལ།། རྨ་བྱའི་རུས་ཀོག་བཟའ་གིས།།
ཙི་ཙི་ཕར་རྒྱུག་ཚུར་རྒྱུག ། རང་ཚུགས་ཟིན་པ་དགའ་དྲགས།།
གཟིག་གི་གཟིག་ཚང་སྒོ་ཁར།། གླ་བས་འཕག་ཚགས་ཆེ་བ།།
ཐང་དཀར་རྒོད་པོའི་འགྲམ་ལ།། སྦྲང་མས་གཤོག་རྩལ་ངོམས་རྒྱུ།།
ཆུ་མོ་ཐད་ཅིག་ཐད་ཅིག ། ཉིན་མཚན་མེད་པར་ཐད་ཅིག།
ཉ་མོ་ང་རའི་བློ་གཏད།། རྡོ་རྗེ་བྲག་ལ་བཅོལ་ཡོད།།
ཐོ་རེངས་སྐར་མ་འོད་ཆེན།། དེ་འདྲའི་ཧམ་པ་ཚ་ལ།།
སྐར་མ་ཡིན་ན་ཆེ་སོང་།། ཟླ་བ་ཡིན་ན་ཆུང་སོང་།།
མཛེས་པོ་རྨ་བྱའི་སྒྲོ་རེད།། སྙན་པོ་ཁུ་བྱུག་གསུང་རེད།།
ལྟས་ངན་སྲིན་བྱ་འུག་པར།། སེམས་པ་ཤོར་དོན་མིན་འདུག།
ཨེ་མར་ཞོག་ཁོག་ཟེར་བ།། སྐད་གྲགས་ཆེ་བ་མ་གཏོགས།།
གཞིས་རྩེའི་བང་བིད་མཐོང་དུས།། ཞོག་ཁོག་ག་ལེ་བཞུགས་རོགས།།
སེར་པོ་གསེར་གྱི་སྒོ་ལྕགས།། ལྡེ་མིག་པདྨ་ར་ག།
ནག་པོ་ལྕགས་ཀྱི་གཟེར་སྒྲོ།། མ་བསྐྱོན་ཐུགས་རྗེས་གཟིགས་རོགས།།
རྒྱ་གར་རྨ་བྱའི་སྒྲོ་དེ།། བྱུང་ན་བསམ་པ་མ་གཏོགས།།
བོད་ལ་བྱ་དེའི་གཞུ་གུ།། མེད་པ་རང་ད་མ་རེད།།
ཆུ་མོ་ཁྱོད་རང་བརྒྱུས་ཡོད།། མྱང་ཆུའི་གཞུང་གི་ཆུ་རེད།།
ཉ་མོ་ཁྱོད་རང་བརྒྱུས་ཡོད།། གཞུ་གུ་མེད་པའི་རྒྱུད་རེད།།
སྙིང་གི་ཚི་ལུ་བཞུར་བའི།། མཆོད་མེ་ཁྱེད་ལ་ཕུལ་ཡང་།།
ཐུགས་རྗེའི་སྤྱན་གྱི་འོད་ཟེར།། རྟག་ཏུ་གཞན་ལ་འཕྲོས་གིས།།
རི་མགོ་མཐོ་བར་བལྟས་མེད།། རི་བྱད་ཡག་པར་བལྟས་ཡོད།།
རྣམ་པ་མཛེས་པར་བལྟས་མེད།། ངང་རྒྱུད་རིང་བར་བལྟས་ཡོད།།
ཆུང་འདྲིས་བྱམས་པས་བསྐུར་བའི།། ཡིག་ཆུང་ཨ་ཀྱོག་པ་ཀྱོག།
ང་རས་ཀློག་ནི་མ་ཤེས།། མི་ལ་བསྟན་ན་ངོ་ཚ།།
ཁྱོད་ནི་སྔ་མོའི་མི་རེད།། ང་ནི་བྱིས་པ་ལོ་བརྒྱད།།
བཀའ་སྐྱོན་མེད་པའི་ངང་ནས།། བྱམས་སྐྱོང་གནང་རོགས་གནང་དང་།།
སེམས་དེ་གང་འགྲོའི་ས་ལ།། ལུས་པོ་སླེབས་རོགས་བྱས་ན།།
ཤི་དེ་དམྱལ་བའི་ཡུལ་ལ།། འགྲོ་དགོས་བྱུང་ཡང་དྲག་ག།
ཆར་པ་གནམ་ནས་བབས་བྱུང་།། སྤྲིན་པའི་ངོ་སོ་དགོས་མེད།།
བྱམས་སྐྱོང་ཕ་མས་གནང་བྱུང་།། བྱི་ལའི་ངོ་སོ་མི་དགོས།།
རླུང་རྟ་ཡར་འགྲོའི་དུས་ལ།། མ་ལས་དཔོན་པོ་བྱམས་པ།།
རླུང་རྟ་བཞུད་པའི་སྐབས་ལ།། ཁྱི་ལས་ཞི་མི་སྡང་ང་།།
ལྷ་སའི་བར་སྐོར་ནང་ལ།། ཅ་ལག་འདྲ་མིན་སྣ་ཚོགས།།
ཁྱོད་རའི་ཁ་ལ་འཚམས་པའི།། སྒོ་ལྕགས་ཉོ་ས་ཡོག་རེད།།
ཁྱོད་རང་ལོ་རྟགས་སྟག་རེད།། ལྟ་བ་མཐོན་པོ་མ་གནང་།།
ང་རང་ལོ་རྟགས་བྱ་རེད།། བྱ་བ་འཕྱུགས་ཀྱི་མ་རེད།།
ཨོ་ལོས་གཙང་སྟོད་གཞུང་ནས།། ཟངས་སྐྱོགས་ཆ་གཅིག་ཉོས་ཡོད།།
ཤིང་བཟང་ཟ་རུའི་ལས་འཕྲོ།། གནས་སྐབས་འཇའ་བཞིན་ཡལ་སོང་།།
བུ་མོར་རྣམ་པ་ཡོད་དུས།། ལྟོ་གོས་གཞན་ལས་བཟང་ང་།།
རྣམ་པ་ལ་མོ་བརྒྱབ་དུས།། ཨོ་ལོས་བལྟས་མོ་བལྟས་ཆོག།
ཁྱོད་ནི་གསེར་གྱི་སྐུ་རེད།། ང་ནི་འདམ་བག་སྐུ་རེད།།
ལྷ་ཁང་གཅིག་གི་ནང་ལ།། མཉམ་དུ་གང་ནས་ཡོང་ང་།།
ཁྱོད་ནི་རྒྱལ་པོའི་སྲས་མོ།། ང་ནི་སྤྲང་པོའི་སྤྲང་ཕྲུག།
ལས་དང་ལས་འཕྲོ་མེད་པར།། མཉམ་དུ་ཡོང་པ་མིན་འདུག།
ཆུང་འདྲིས་སྙིང་གི་ཚི་ལུ།། ཨ་གསར་རྟ་ལས་མགྱོགས་པ།།
ཞག་གསུམ་མ་ལོན་གོང་ནས།། རི་དྭགས་བཞིན་དུ་སྙེགས་སོང་།།
བུ་མོ་ཨ་གསར་ཚ་པོ།། སྤྱང་ཀིའི་རྒྱུད་པ་མིན་ནམ།།
ཤ་འཇམ་ལུས་པོ་འདྲེས་ཀྱང་།། བརྩེ་དུང་མེད་པ་གང་རེད།།
གནམ་ལ་སྐས་འཛེགས་བཙུགས་ནས།། སྨིན་དྲུག་ལེན་རྒྱུ་བྱུང་ན།།
ཆུ་ལ་ཤེལ་སྒོ་བཙུགས་ནས།། ཉ་མོ་འཛིན་དགོས་ལས་རེད།།
ཁང་པ་རྡོ་ཁང་གྲུ་བཞི།། རྒྱག་དགོས་ཡོད་ཀྱང་བརྒྱབ་ཡོད།།
དར་ལྕོག་རྣམ་པར་བཀྲ་གསུམ།། གཟུག་དགོས་བྱུང་ཡང་བཙུགས་ཡོད།།
ཁམ་སྡོང་མི་སྐྱེས་དགོས་སྐྱེས།། རྫབ་འདོང་ནང་ལ་སྐྱེས་བཞག །
ཁམ་བུ་ཡག་པ་ཐམས་ཅད།། རྫབ་འདོང་ནང་དུ་ཟགས་ཤག།
ཨ་མས་མེ་ཞིག་གཏོང་དང་།། བུ་མོས་ཆུ་ཞིག་བླངས་ཡོང་།།
ཨ་མ་ང་གཉིས་སྐྱོ་རོགས།། ཐབ་དང་འབུད་པ་ཡོག་རེད།།
ཁྲུང་ཁྲུང་བྱང་ལ་འགྲོ་བར།། ཕག་པ་ཇུས་གཏོགས་མིན་འདུག།
ཕག་པ་ཕག་ཚང་ནང་ལ།། རྡོ་རྐུབ་བཙུམས་ནས་སྡོད་དང་།།
ལྕགས་རི་འཚོང་རྒྱུ་ཨེ་ཡོད།། ཟངས་རི་འཚོང་རྒྱུ་ཨེ་ཡོད།།
ཁྱོད་རའི་ཁ་ལ་འཚམས་པའི།། སྒོ་ལྕགས་འཚོང་རྒྱུ་ཨེ་ཡོད།།
ར་ལ་རྟ་སྒ་བརྒྱབ་ནས།། ཤིག་ལ་མནའ་མ་བླངས་སོང་།།
ཁྱི་ཤིག་འཚིག་པ་བཟོས་ནས།། ཐོག་བརྩེགས་དགུ་ནས་མཆོངས་སོང་།།
ཕར་ས་ཕར་ནས་བལྟ་དུས།། ཨ་ཅག་སྟེར་བཟོ་དོད་པོ།།
ཚུར་ས་དེ་རུ་སླེབས་དུས།། ཤིག་གི་ཐིགས་པ་རྒྱག་གིས།།
ལྷ་སའི་བར་སྐོར་ནང་ལ།། སྒོ་ལས་སྒེའུ་ཁུང་མང་བ།།
སྒེའུ་ཁུང་ནང་གི་ཨ་ཅག། ཤ་ལས་རུས་པ་འཇམ་པ།།
ཁྱེད་རའི་ཨ་མའི་མགོ་ལ།། ཤིག་དང་ཧྲོ་མས་ཁེངས་བཞག།
བུ་ངའི་ཨ་མའི་མགོ་ལ།། གཡུ་དང་བྱུ་རུས་གཏམས་ཡོད།།
སྐྱ་ཀ་མཛེས་ཀྱང་གང་ཡོང་།། མནའ་མར་ལེན་མཁན་མིན་འདུག།
ཕོ་རོག་ཕྱུག་ཀྱང་གང་ཡོང་།། རྐུབ་ལ་དོར་མ་མིན་འདུག།
གནམ་དང་སྤྲིན་པའི་བར་ལ།། འབྲུག་གི་འབྲུག་ཚང་བཅས་བཞག།
བྱ་ཕོ་གཤོག་རྩལ་ཡོད་ན།། འབྲུག་ཚང་བརྟོལ་བར་ཕེབས་དང་།།
ཆུ་ཞིག་ལེན་ལ་ཕྱིན་པས།། ཉ་མོས་ལག་གཡུག་རྒྱག་གིས།།
ང་དང་ཉ་མོའི་བར་ལ།། ལས་འཕྲོ་ཡོད་པ་མིན་ནམ།།
རྒྱལ་པོའི་གཟིམ་ཁང་ནང་ལ།། སྤྱང་ཀིའི་ལྤགས་པ་འདུག་གོ།
སྤྱང་ཀིའི་ལྤགས་པ་མ་རེད།། རྒྱལ་པོའི་ན་བཟའ་རེད་བཞག།
གཙང་པོ་ཕར་གྱི་མཐའ་ན།། ཁྱི་རུལ་སྐད་ངན་རྒྱག་གིས།།
ཁྱོད་ལ་འཇོན་ཐང་ཡོད་ན།། གཙང་པོ་རྐྱལ་གྱིས་ཆོད་དང་།།
མ་གིའི་ཐང་གི་ཐོག་ལ།། རྟ་ལས་བོང་བུ་མགྱོགས་པ།།
བོང་བུ་མགྱོགས་པས་གང་ཡོང་།། ནང་སྙིང་འཁྲུག་རོགས་ཡིན་འགྲོ།།
མདོང་མོ་རགས་ཤན་ནང་ལ།། བསྲུ་སྟངས་དེ་ལས་མེད་ན།།
ཕུལ་འཐུལ་གཡུ་རྫིའི་ནང་ལ།། སྐྱོམས་དང་མ་སྐྱོམས་མིན་འདུག།
སྒོ་དེ་ཤར་སྒོ་ནུབ་སྒོ། ཨ་ཤིང་མེད་པའི་རྟགས་རེད།།
བུ་མོ་ལྡེམ་ལྡེམ་འཁྱུག་འཁྱུག། བདག་པོ་མེད་པའི་རྟགས་རེད།།
ལྷ་སའི་བར་སྐོར་ནང་གི།། རྒྱ་ཁྱི་སྙང་རལ་ཚིག་ཚིག།
མི་ལ་རྨུགས་རྒྱུ་བཞག་ནས།། ཁྱེད་རའི་སྙང་རལ་འཕྱིས་དང་།།
ཤིང་གི་མེ་མདའ་འཁྱེར་ནས།། དམག་ལ་འགྲོ་གི་ཟེར་གྱིས།།
དམག་གི་རེ་བ་མིན་འདུག། བེམ་པོའི་འོག་ལ་ཉོལ་ཅིག།
ང་ཚོའི་ཁང་པའི་བརྒྱབ་ན།། ཙི་ཙི་ཆང་ས་རྒྱག་གིས།།
ཨ་ཁུས་གླུ་ཞིག་བཏང་བས།། ཙི་ཙི་གད་མོ་ཤོར་སོང་།།
ཕར་ལ་རི་ཟུར་རི་ལྔ་།། ཚུར་ན་རི་ཟུར་རི་ལྔ་།།
རི་ཟུར་གཉིས་ཀྱི་བར་ལ།། ཁྱོད་རའི་སྣ་ཁུང་རིང་བ།།
བྱམས་པ་ཨ་གསར་ཅན་གྱི།། ཤོག་བུའི་འོག་འཇུག་གཡོགས་བྱུང་།།
སྐེ་རགས་བཅིངས་པར་ཕྱིན་པས།། ཡ་ལིང་མ་ལིང་བྲལ་སོང་།།
ཁང་ཆུང་གྲུ་བཞིའི་ཐིགས་པ།། བྱེ་མས་ཡོང་གི་ཡོད་ན།།
ཆར་པ་དྲག་ཆར་བབས་དུས།། ཐིགས་པ་རྒྱག་གིས་མ་གསུང་།།
ཆུ་མོའི་ནང་གི་ཉ་མོ།། འཁྱུག་རྩལ་ཚ་བོ་མ་གནང་།།
ཁྱོད་ལ་འཇོན་ཐང་ཡོད་ན།། ཟམ་པའི་ཁ་ལ་ཤོག་དང་།།
མི་ཚོའི་རི་མགོའི་དར་ལྕོག། ལྕང་མ་བརློན་པས་བཟོས་ཡོང་།།
ཁྱོད་རའི་རི་མགོའི་དར་ལྕོག། མེ་རྒྱུག་ནག་པོས་བཟོས་ཤིག།
རི་མགོ་མཐོ་པོའི་དར་ལྕོག། གཡུག་གཡུག་ངང་ནས་ཟད་སོང་།།
བྱིས་པ་མི་གཡོག་རྒྱུགས་མཁན།། རྒྱུགས་རྒྱུགས་ངང་ནས་ཟད་སོང་།།
ཕྱི་ནི་གསེར་ནི་མ་རེད།། ནང་ནི་དངུལ་ནི་མ་རེད།།
ཤ་ཁྲག་རུས་གྲུབ་བུ་མོ།། ནམ་མཁའི་སྐར་ལས་མང་ང་།།
ལྟ་བ་རི་ལས་མཐོ་བ།། མཇིང་པ་གཡག་ལས་སྦོམ་པ།།
ཁྱེད་ལ་རྒྱ་ནག་རྒྱལ་པོའི།། བཀའ་ཤོག་བསྟན་རྒྱུ་ཡོད་དམ།།
མགོ་ལ་གྱོན་པའི་ཞྭ་མོ།། ཀྱོག་ཀྱོག་ཀྱོག་ལ་ཕྱིན་སོང་།།
ཞྭ་མོ་ཀྱོག་པ་མ་རེད།། སེམས་པ་ཀྱོག་པ་ཡིན་འགྲོ།།
ཁེར་རྐྱང་འགྲོ་མཁན་ང་ལ།། ཆུང་འདྲིས་མིན་འདུག་མ་གསུང་།།
བརྩེ་བའི་ཆུང་འདྲིས་བྱམས་པ།། སེམས་པའི་དཀྱིལ་ལ་བཞུགས་ཡོད།།
གངས་རི་མར་དུ་གྱུར་ཡང་།། བདག་པོ་དཔོན་པོས་བརྒྱབ་སོང་།།
རྒྱ་མཚོ་འོ་མར་གྱུར་ཡང་།། ཧུབ་གང་འཐུང་དབང་མིན་འདུག།
མགོ་དེ་མར་ཀོག་མགོ་ལ།། སྐྲ་ལོའི་རེ་བ་མ་བྱེད།།
གདོང་དེ་ཞི་མིའི་གདོང་ལ།། མནའ་མའི་རེ་བ་མ་བྱེད།།
ཁྱོད་ནི་དགུང་སྔོན་དབྱིངས་ཀྱི།། གསེར་འོད་འབར་བའི་ཉི་མ།།
ང་ནི་ཁྲོན་པའི་སྦལ་པ།། ཉི་འོད་མཐོང་ན་བསམ་བྱུང་།།
ཚེ་རིང་དྲུག་སྐོར་ལྟ་བུའི།། མ་ཤི་ཚེ་རིང་བྱུང་ན།།
མཐུན་པ་སྤུན་བཞི་ལྟ་བུའི།། རྒྱུན་རིང་གནས་པར་ཞུས་ཆོག།
ཟླ་བའི་དཀྱིལ་ལ་བཞུགས་པའི།། རི་བོང་བློ་ལྡན་ཤེས་རབ།།
ཟླ་བའི་ཐུགས་ལ་མེད་ན།། རི་བོང་སྡོད་ས་སྤོས་ཆོག།
མི་ཡི་རྒྱུ་ནོར་བཟའ་བར།། ལྕགས་ཀྱི་འགྲམ་པ་དགོས་ཀྱིས།།
ལྕགས་ཀྱི་འགྲམ་པ་མེད་ན།། འདོད་པ་ཆེན་པོ་མ་གནང་།།
ལས་ལ་གང་བསྐོས་མ་གཏོགས།། སྣང་བར་གང་དྲན་མིན་འདུག།
སེམས་པའི་བུ་མོ་སྐལ་བཟང་།། དགོངས་དག་མེད་པ་གནང་རོགས།།
ལྷ་ཤིང་ཤུགས་པའི་ཞབས་ཕྱི།། ལྕང་མས་ཞུ་འདོད་ཡོད་ཀྱང་།།
ལྷ་ཤིང་སྐུ་གཟུགས་རིང་བས།། ཞབས་ཕྱི་འཇོན་པ་མིན་འདུག།
ཁམ་བུ་ཁ་ལ་ཞིམ་པ།། མེ་ཏོག་མིག་ལ་མཛེས་པ།།
ནམ་དུས་ཡོལ་བའི་རྗེས་ལ།། ཨོ་ལོས་བལྟས་མོ་བལྟས་ཆོག།
དཀར་གསལ་བཅོ་ལྔའི་ཟླ་བ།། མི་ཤར་རྒྱུ་མཚན་ཅི་ཡིན།།
ནུབ་ཕྱོགས་སྲིན་པོའི་གླིང་ན།། ཟླ་འཛིན་ཡོད་པ་མིན་ནམ།།
དབྱར་ཁ་འབྲུག་སྐད་ཆེ་བྱུང་།། རྨ་བྱ་ལྷག་པར་དགའ་སོང་།།
ནམ་ཟླ་དགུན་ཁ་སླེབས་དུས།། རྨ་བྱ་སེམས་པ་མ་སྐྱོ།།
དབྱར་ཁ་སྔོ་ཡང་མ་སྔོ།། དགུན་ཁ་སྐྱ་ཡང་མི་སྐྱ།།
དབྱར་དགུན་འགྱུར་བ་མེད་པའི།། ཤིང་བཟང་ལྷ་ཤིང་ཤུག་པ།།
རྩ་བ་ཚུགས་པའི་སྡོང་པོ།། ཁྱོད་ཀྱིས་གནང་གིན་ཡོད་ན།།
ཚ་གྲང་སྙོམས་པའི་བསིལ་གཡབ།། བུ་ཆུང་བདག་རས་ཞུས་ཆོག །
དགུན་དུས་གྲང་ངར་ཆེ་བ།། དབྱར་ཁ་གྲང་ངར་ཆེ་བ།།
སྟོན་ཁའི་དུས་ཚིགས་ཡག་བྱུང་།། ཞིང་པ་འཛུམ་གྱིས་བསུས་བྱུང་།།
ཉི་མ་ཤར་ནས་ཤར་ཡང་།། དྲོད་ལ་བཏང་སྙོམས་མིན་འདུག།
མི་ཆེན་དཔོན་པོ་ཡིན་ཟེར།། དྲང་པོ་ཟེར་བ་རྫུན་རེད།།
ཉི་ཟེ་རི་ནས་བལྟས་པས།། གཞིས་རྩེ་ཤེལ་ལས་དྭངས་པ།།
ཚོང་དཔོན་ཨ་ཅག་རྒྱགས་པ།། ཤིག་སྒྲུག་གནང་གིན་བཞུགས་ཤག །
སྙེ་མ་མགོ་ལྕོག་ལྡེམ་ལྡེམ།། སྲན་མ་དཔུང་གདང་ཤིག་ཤིག།
རྒྱ་ཐུག་སྐེད་པ་ལྡེམ་ལྡེམ།། མོག་མོག་རྐུབ་ཟུར་ཡུག་ཡུག །
མེ་ཏོག་ནམ་ཟླ་ཡོལ་སོང་།། བུ་མོ་ཨ་གསར་ཆེ་སོང་།།
ང་དང་ཆུང་འདྲིས་བྱམས་པའི།། ལས་འགྲོའི་མདུད་པ་གྲོལ་སོང་།།
ཨ་མའི་བུ་མོ་ལྷ་རེད།། ལྷ་ཡི་བུ་མོ་བདུད་རེད།།
བདུད་ལ་གདོན་འདྲེ་བཞུགས་དུས།། མཉམ་དུ་གཤིབ་ཐབས་མིན་འདུག།
སེར་ཤ་སྤང་ལ་སྐྱེས་པ།། སྤང་གི་ཚི་ལུ་ཡིན་སོང་།།
ཨ་ཇོ་ཚེ་རིང་བསམ་གྲུབ།། ང་ཡི་སྙིང་གི་ཚི་ལུ།།
བསམ་ད་རང་ཡུལ་བསམ་བྱུང་།། གཞན་ཡུལ་ལས་ལ་བསྐོས་སོང་།།
གཞུན་ཡུལ་ཕྱོགས་ཀྱི་མི་རྣམས།། སྤུན་མཆེད་ཡིན་ན་བསམ་བྱུང་།།
རྒྱང་རྩེ་རྒྱང་རྩེ་མ་གསུང་།། དཔའ་བོའི་གྲོང་ཁྱེར་དྲན་བྱུང་།།
འུར་རྡོ་ཆུ་མིག་དགུ་སྒྲིལ།། འདྲེ་དམག་བརྟུལ་བའི་མཚོན་རེད།།
གངས་དང་སྨུག་པའི་གསེང་ནས།། རི་བོང་སྡུག་སྐད་རྒྱག་གིས།།
རྨ་བྱ་གོང་མོ་ཕེབས་ནས།། སེམས་གསོ་གནང་རོགས་གནང་དང་།།
ཆུ་མོ་མར་འགྲོ་ཤིག་ཤིག། ཡར་འགྲོ་ཡིན་ན་བསམ་བྱུང་།།
དྲིན་ཆེན་ཕ་མ་གཉིས་པོ།། སྐུ་ཚེ་རིང་ན་བསམ་བྱུང་།།
སེམས་པ་སྐྱོ་བའི་གཞས་ཆུང་།། དམར་པོའི་བྲག་ལ་བཏང་བས།།
བྲག་རི་ས་རྡོ་ཡིན་ཡང་།། དབུ་ཡིས་ལྕོག་ལྕོག་གནང་གིས།།
ཨ་ཅེའི་ཞལ་ལ་བལྟས་ན།། དཀར་གསལ་ཟླ་བ་འདྲ་བྱུང་།།
ནག་པོའི་དབུ་སྐྲར་བལྟས་ན།། ལོ་ཡག་ལྗང་པ་འདྲ་བྱུང་།།
ཚིག་ཁེབས་སྐལ་བཟང་མེ་ཏོག། ཡུར་བུའི་འགྲམ་ལ་ལུས་ཤག།
བསོད་ནམས་ཅན་ལ་མ་བརྙེད།། ལས་འགྲོ་ཅན་ལ་རྙེད་བཞག།
ཁྱོད་སེམས་ཟླ་བ་དཀར་པོ།། ནག་ནོག་སྤྲིན་པས་མ་བསྒྲིབ།།
ང་སེམས་པད་མ་དཀར་པོ།། ཞལ་ཁ་ཁྱོད་ལ་ཕྱེས་ཡོད།།
ཁྱོད་རས་ཇ་ཞིག་འཁུར་ཤོག། ང་རས་མར་ཅིག་འཁུར་ཡོང་།།
སྡོང་མོ་རག་ཤན་ནང་ལ།། ཞིམ་པོའི་ཇ་ཞིག་བཟོས་ཆོག།
དང་པོ་ཨ་མས་མ་བྱུང་།། ཇ་ཆང་སྐྱེལ་བར་བཏང་བྱུང་།།
གཉིས་པ་ང་རས་ནོར་སོང་།། ཚིག་ཁེབས་མི་ལ་ཤོར་སོང་།།
ཡར་ལ་བལྟས་པས་བྲག་རེད།། མར་ལ་བལྟས་པས་ཆུ་རེད།།
བྲག་ཆུ་གཉིས་ཀྱི་བར་ལ།། བུ་མོ་ཆགས་ས་མ་རེད།།
དཀར་ཡོིལ་བསྐལ་བཟང་གཅིག་ལ།། རི་མོ་བཀྲ་ཤིས་རྟགས་བརྒྱད།།
དཀར་ཡོལ་དུམ་པོར་ཆགས་ཀྱང་།། རི་མོ་བསུབ་ཐབས་མིན་འདུག།
སེམས་པ་ཁྱོད་ལ་ཤོར་སོང་།། སྙིང་གཏམ་ཁྱོད་ལ་བཤད་ཡོད།།
ཨ་ཕོ་ནེ་ཙོ་ཟེར་བས།། གསང་གཏམ་གཞན་ལ་བཤད་ཤག།
སེམས་པ་བཟང་བ་གཅིག་དང་།། མཉམ་དུ་འགྲོ་རྒྱུ་བྱུང་ན།།
ཆུ་ལ་རྩམ་པ་བརྒྱབ་ནས།། འཐུང་དགོས་བྱུང་ཡང་དྲག་ག།
གཞིས་རྩེ་བསམ་ནས་མ་ཡོང་།། བཀྲས་ལྷུན་བསམ་ནས་ཡོང་ཡོད།།
ང་ལ་རྒྱལ་བ་བྱམས་པས།། གནས་མཇལ་ཞུ་བར་གཏོང་རོགས།།
ང་གཉིས་གཉིས་པོའི་ལས་དེ།། སེར་བྱ་ངང་པའི་ལས་རེད།།
བཟའ་རྒྱུ་འདམ་ལས་མེད་ཀྱང་།། མཉམ་བཟའ་མཉམ་འཐུང་ཞུས་ཆོག།
སེམས་པ་དཀར་དང་མི་དཀར།། དཀར་ཡོལ་ནང་གི་འོ་མ།།
ལུས་པོ་བཙན་དང་མི་བཙན།། སྒོ་ལྕགས་གསར་པའི་ལྡེ་མིག།
གཡུ་ཐོག་ཟམ་པའི་འོག་ལ།། ཉ་མོ་ཤི་བའི་རོ་ཞིག།
དེ་ལ་བལྟས་མོ་བལྟ་མཁན།། ཁྱིམ་ཚེས་པྰ་ཕ་དགྲ་འདུལ།།
ཨོ་ལོས་ཆུ་མོའི་གཞུང་ལ།། སྙན་པོའི་གླུ་ཞིག་བཏང་ཡོད།།
སྙན་པོའི་གདངས་ལ་མ་གཡེང་།། ཚིག་ལ་གོ་བ་ལོན་དང་།།
བྱ་ཞིག་ཡིན་ན་བསམ་བྱུང་།། བྱིའུ་ཞིག་ཡིན་ན་བསམ་བྱུང་།།
རང་ཡུལ་ས་ཐག་རིང་པོར།། ལོག་རྒྱུ་བྱུང་ན་བསམ་བྱུང་།།
ང་ཚོ་གྲོགས་པོ་ལྷན་རྒྱས།། སེར་བྱ་དཔུང་གདང་ཤིག་ཤིག།
འཛོམས་ནས་བྲལ་དགོས་མ་གཏོང་།། ཐུགས་སེམས་བླ་མ་དཀོན་མཆོག།
མཆན་དང་དཔྱད་གཞི།
①སྐལ་བཟང་བདེ་སྐྱིད། བོད་ལྗོངས་གཞིས་རྩེ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་གནང་བཞིན་ཡོད།
②རྨོ་བོ་ཚེ་རིང་གཡང་སྐྱིད་ལགས། བོད་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་གི་མི་ཡིན།
③《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གསུམ་པ། དཔྱད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ11པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བརྒྱབ། ཤོག་ངོས།335
④《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ1པོའི་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བརྒྱབ། ཤོག་ངོས། 183--184
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com