《སྒོ་ཁྱིའི་ལས་དབང》ཞེས་པའི་སྙན་ངག་དང་དེའི་ཕྲན་བཤད།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-15 09:10:00 ཀློག་གྲངས།:

《སྒོ་ཁྱིའི་ལས་དབང》ཞེས་པའི་སྙན་ངག་དང་དེའི་ཕྲན་བཤད། 
                 རྣམ་གླིང་རིན་ཆེན། 

སྒོ་ཁྱིའི་ལས་དབང་།
              གངས་ཞུན།

ཡོད་ཚད་གཉིད་དུ་ཤོར་བའི་མཚན་མོ།
མུན་ནག་གི་དུས་རབས་ནི།
ངའི་འཐབ་འཛིང་གི་དུས་རབས་ཡིན།
 
གཉིད་དུ་ཤོར་བའི་ཁང་ཁྱིམ།
གཉིད་དུ་ཤོར་བའི་ས་ཞིང་།
གཉིད་དུ་ཤོར་བའི་ཁྱིམ་བདག
སྒོ་ཁྱི་ངའི་ལས་འགན་ཇི་འདྲའི་ལྕི་ཨང་།
 
རྐུན་ཇག་གི་འཇབ་རྒོལ་དང་།
རང་བྱུང་གི་གནོད་འཚེ།
ད་དུང་ཁྱིམ་བདག་གི་བཀའ་དྲིན་ཡོད་ཚད།
མུན་ནག་གི་འཇིག་རྟེན་དུ་དལ་བུར་འཕྱོ་དུས།
ང་གཉིད་ཐབས་བྲལ།
ད་ནི་ངའི་རིག་པ་ལྕགས་སྐུད་ལྟར་སྒྲིམ་པའི་དུས་ལ་བབས།
འོན་ཀྱང་ང་གཅིག་པུ་སད་མི་འདོད།
རང་གཅིག་པུ་སད་ཚེ།
ང་ཇི་འདྲའི་ཁེར་རྐྱང་དང་འཇིགས་སྐྲག་ཆེ་ཨང་།
ང་ཁོར་ཡུག་དང་མཉམ་དུ་སད་འདོད།
ལྟོས་དང་།
སྟག་འབྲོང་སྔ་མོ་ནས་སད་དེ་ལ་རྒྱ་རྩོད།
འཕར་སྤྱང་སྔ་མོ་ནས་སད་དེ་རྒྱལ་ཕམ་འབྱེད།
ཝ་ཚོགས་སྔ་མོ་སད་དེ་གོ་སྐབས་སྒུག
མཆེ་སྡེར་རྣོན་པོའི་ཚོགས་འདིར་ཇི་འདྲའི་གཟི་བརྗིད་ལྡན་ཨང་།
 
ཐང་དཀར་སྔ་མོ་ནས་སད་དེ་གནམ་འཕང་གཅོད།
རྨ་བྱ་སྔ་མོ་ནས་སད་དེ་མཛེས་སྡུག་ངོམས།
ཅོ་ཀ་སྔ་མོ་སད་དེ་གྲེ་འགྱུར་སྒྲོག
མཁའ་འགྲོ་དཀར་མོའི་ཁྱུ་འདིར་ཇི་འདྲའི་གཤེར་བག་ལྡན་ཨང་།
 
ཡིན་ཡང་། འུ་ཚང་གི་མགོ་ཁང་ཁྱིམ་ད་དུང་མ་སད།
མདོ་ས་གཞི་ད་དུང་མ་སད། 
བར་ཁྱིམ་བདག་ཀྱང་ད་དུང་མ་སད།
 འོད་སྣང་མེད། བགྲོད་ལམ་མེད། བསམ་བློ་མེད།
ངལ་རྩོལ་མེད་ཅིང་སྨྲ་བའང་མེད་པའི་མཚན་མོ།
ཡོད་ཚད་གཉིད་དུ་ཤོར་བའི་དུས་སྐབས་ནི།
ཇི་འདྲའི་འཇིགས་སྐྲག་གི་དུས་སྐབས་ཤིག་ཨང་།                 
ཡིན་ཡང་ང་སྔར་བཞིན་གཉིད་ཐབས་བྲལ།                 

མུན་པ་འདི་ཡལ་རག་བར་དུ།
མཚན་ནམ་འདི་གསལ་རག་བར་དུ།
ང་རང་ཁྱིམ་གྱི་སྒོ་སྲུང་ཉན་དགོས་ཤིང་།
མཇུག་མཐའི་སྐྱ་རེངས་ཀྱི་དུས་ན།
ལྷང་ལྷང་ངག་གི་འབོད་སྐད་ཅིག་གིས།                 
རང་ཁྱིམ་གྲུ་བཞི་འདི་གཉིད་ལས་དཀྲོགས་དགོས་ཨང་།  

ཕྲན་བཤད། 
         རྩོམ་འདི་ནི་མཚོན་དཔེ་རིང་ལུགས་ཀྱིས་ཐབས་ལམ་སྤྱད་ནས་བྲིས་པའི་སྙན་ངག་ཞིག་རེད། དེའི་ནང་སྙན་ངག་མཁན་པོས་རོང་འབྲོག་ཁུལ་དུ་འཚོ་གནས་ལ་རོལ་བཞིན་པའི་མི་བུ་ཀུན་ལ་རྒྱུས་མངའ་ཟབ་པའི་སྒོ་ཁྱི་ཞིག་གི་ལས་དབང་བརྗོད་པ་བརྒྱུད་ནས།  མི་རིགས་ཤིག་གི་ཉམ་ཐག་ལས་དབང་ལ་ཁ་ལོ་བསྒྱུར་བར་བསྐུལ་བའི་མི་བུ་རྟོགས་སད་པ་ཞིག་གི་ལས་དབང་མཚོན་པར་བྱས་ཡོད་དེ། ཐོག་མར། སྒོ་ཁྱི་ཞིག་ལ་ཆ་མཚོན་ནས་བཤད་ན། མཚན་མོར་རྐུན་ཇག་གི་འཇབ་རྒོལ་དང་། རང་བྱུང་གི་གནོད་འཚེ་སོགས་ལ་འགོག་རྒོལ་བྱ་དགོས་པས་ཡོད་ཚད་གཉིད་ལ་ཤོར་ཡང་ཁོ་ལ་སེམས་པ་རྣལ་དུ་ཕབ་ནས་གཉིད་ལ་རོལ་བའི་གོ་སྐབས་མེད་པ་བརྗོད་ནས། དེའི་མཚོན་དོན་དུ་གྱུར་བའི་མི་བུ་གང་དེར། མི་རིགས་ཤིག་གི་སྒྱིད་ལུག་གི་གཤིས་སྤྱོད་དང་རྗེས་ལུས་ཀྱི་རྣམ་པ་ལ་སེམས་པ་གླན་དགོས་རྐྱེན། བློ་བདེ་བག་ཕེབས་ངང་འདུག་ཁོམ་མེད་པའི་ཉེན་ཚབ་ཀྱི་འདུ་ཤེས(危机意识)ཤུགས་དྲག་པོ་ཡོད་པ་དེ་མཚོན་པ་དང་སྦྲགས།   རྩོམ་པ་པོ་རང་ཉིད་སྒོ་ཁྱི་ཞིག་གི་གཟུགས་སུ་བཀོད་ནས། མི་རིགས་འདིའི་འབྱུང་འགྱུར་གྱི་ལས་དོན་དེའི་སླད་དུ། ཁེར་རྐྱང་དང་འཇིགས་སྣང་གི་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ། མི་རིགས་ལ་འགན་ཁྲིའི་འདུ་ཤེས་ཆེས་ཆེར་འཆང་ནས“འོད་སྣང་མེད། བགྲོད་ལམ་མེད། བསམ་བློ་མེད”པར་རྨོངས་གཉིད་ཀྱི་ཀློང་དུ་ཚུད་པའི་མི་རིགས་འདིའི་གནས་བབ་ལ་གདུང་སེམས་འཆང་བ་དང་། འབྱུང་འགྱུར་མི་རིགས་འདི་རྨོངས་གཉིད་ཀྱི་གནས་ལས་བསྐྱབ་རྒྱུར་འབོད་སྐུལ་གྱི་ཅོང་བརྡ་དྲག་པོ་བཏང་ཡོད་ལ། ཡོད་ཚད་ཀྱི་ཡོད་ཚད་མི་རིགས་འདིའི་བདེ་སྡུག་ལ་སེམས་ནས་སེམས་ཁྲལ་གྱི་ཀློང་དུ་ཚུད་པའི་ཁོའི་སེམས་ཁམས་ཀྱི་གནས་ཚུལ་མཚོན་པར་བྱས་ཡོད།
         རྩོམ་པ་པོས་མཚན་མོ་ཞིག་གི་དུས་ཚོད་བཀོད་འབྲི་བྱས་པས། དེས་ང་ཚོར་གཅིག་ནས་ཡར་ཐོན་དང་འཕེལ་རྒྱས་ཀྱི་བསམ་བློ་དབེན་པའི་མི་རིགས་ཤིག་གི་ད་ལྟའི་གནས་བབ་དང་འབྱུང་འགྱུར་ནི་ཧ་ཅང་འཇིགས་སྣང་གིས་ཁེངས་པའི་རྣམ་པ་ཞིག་རེད་ཨང་སྙམ་པའི་སྐྱི་གཡའ་བའི་སྣང་བ་ཞིག་སྦྱིན་པར་བྱེད་ཅིང་། གཉིས་ནས། མཚན་མོའི་དུས་སྐབས་ནི་སྤྱིར་ཁུ་སིམ་བག་ཡངས་ཅན་ཞིག་ཡིན་ཡང་། མི་རིགས་ཀྱི་ལས་དབང་ལ་སེམས་ཚེགས་བྱེད་བཞིན་པའི་འགན་འཁྲིའི་འདུ་ཤེས་ཅན་གྱི་མི་བུ་དེར་མཚོན་ན། གཉིད་ཀྱི་དྭངས་ཁ་དང་བྲལ་བའི་དུས་སྐབས་ཤིག་ཡིན་པ་བསྟན་ནས་སེམས་ཁྲལ་གྱི་ཀློང་ན་འཚོ་བའི་མི་བུ་གང་དེའི་སེམས་ཀྱི་ཚོར་བ་ཇི་ལྟ་བུ་ཞིག་ཡིན་པ་གསལ་སྟོན་བྱ་རྒྱུར་རམ་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད། སྟག་འབྲོང་སྔ་མོ་ནས་སད་དེ་ལ་རྒྱ་རྩོད། འཕར་སྤྱང་སྔ་མོ་ནས་སད་དེ་རྒྱལ་ཕམ་འབྱེད། ཝ་ཚོགས་སྔ་མོ་སད་དེ་གོ་སྐབས་སྒུག མཆེ་སྡེར་རྣོན་པོའི་ཚོགས་འདིར་ཇི་འདྲའི་གཟི་བརྗིད་ལྡན་ཨང་།ཞེས་པ་དང་། ཐང་དཀར་སྔ་མོ་ནས་སད་དེ་གནམ་འཕང་གཅོད། རྨ་བྱ་སྔ་མོ་ནས་སད་དེ་མཛེས་སྡུག་ངོམས། ཅོ་ཀ་སྔ་མོ་སད་དེ་གྲེ་འགྱུར་སྒྲོག་ཅེས་པ་ལྟ་བུའི་སྐད་ཆས། རྒྱལ་ཁབ་དང་མི་རིགས་གཞན་པ་སྔ་མོ་ནས་རྨོངས་གཉིད་ལས་སད་དེ། རྒྱལ་ཕམ་འབྱེད་པ་དང་། ལ་རྒྱ་རྩོད་པ། གོ་སྐབས་ལ་བརྩོན་ལེན་བྱེད་པའི་སྣང་ཚུལ་བཀོད་པ་བརྒྱུད་ནས། འུ་ཚང་གི་མགོ་ཁང་ཁྱིམ་ད་དུང་མ་སད། མདོ་ས་གཞི་ད་དུང་མ་སད། བར་ཁྱིམ་བདག་ཀྱང་ད་དུང་མ་སད་ཅེས་རྨོངས་གཉིད་ཀྱི་ཀློང་དུ་ཚུད་པའི་རང་མི་རིགས་ཀྱི་རྗེས་ལུས་ཀྱི་སྣང་ཚུལ་ལ་ཟུར་ཟ་སུན་འབྱིན་བྱས་ཡོད་པ་དང་། མུན་པ་འདི་ཡལ་རག་བར་དུ། མཚན་ནམ་འདི་གསལ་རག་བར་དུ། ང་རང་ཁྱིམ་གྱི་སྒོ་སྲུང་ཉན་དགོས་ཤིང་། མཇུག་མཐའི་སྐྱ་རེངས་ཀྱི་དུས་ན། ལྷང་ལྷང་ངག་གི་འབོད་སྐད་ཅིག་གིས། རང་ཁྱིམ་གྲུ་བཞི་འདི་གཉིད་ལས་དཀྲོགས་དགོས་ཨང་ཞེས་རང་མི་རིགས་ཀྱི་རྗེས་ལུས་ཀྱི་རྣམ་པ་མ་འགྱུར་བར་དུ་སྔར་བཞིན་མི་རིགས་འདི་རྨོངས་གཉིད་གནས་ལས་བསྐྱབ་ཐུབ་རྒྱུར་བརྩོན་བརྒྱ་འབད་སྟོང་གིས་འབོད་སྐུལ་བྱ་རྒྱུ་ཡིན་པའི་བསམ་པའི་རེ་སྙེགས་བསྟན་ཡོད།
         རྒྱའི་རྩོམ་པ་པོ་ལུའུ་ཞུན་གྱིས། “མི་རིགས་ཤིག་གི་ཕྱིའི་རྨ་ཁ་གསོ་བ་ལས། ནང་སེམས་ཀྱི་གཅོང་ནད་གསོ་རྒྱུ་གལ”ཞེས་གསུངས་པ་བཞིན། རྩོམ་པ་པོ་ཁོང་གིས་ཀྱང་འཕེལ་རྒྱས་མེད་པར་སྔར་བཞིན་རྨོངས་གཉིད་དང་བག་ཡངས་ཀྱི་ཀློང་ན་འཚོ་བའི་མི་རིགས་འདིའི་གནས་བབ་དག་ཀློག་པ་པོར་ཚུར་སྣང་བྱས་ནས། རྨོངས་གཉིད་དང་རྗེས་ལུས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཏེ། མུན་པ་མཐའ་དག་ཕ་མཐར་སྤྱུགས་ནས་འཕེལ་རྒྱས་ཀྱི་ལམ་བུར་ཞུགས་དགོས་རྒྱུར་སྐུལ་ཡོད་ལ། ཞར་བྱུང་མི་རིགས་འདིའི་ལས་དོན་གྱི་སླད་དུ་དཀའ་བ་མཐའ་དག་དང་དུ་ལེན་ཕོད་པའི་ན་གཞོན་རྟོགས་སད་པ་ཞིག་གི་བློ་རྩ་བརྟན་ལ་བླ་ན་འཕགས་པའི་བསམ་བློའང་ཤུགས་སུ་བསྟན་ཡོད། དེ་ལས་སྒོ་ཁྱི་དང་འབྲེལ་བའི་རྩོམ་པ་པོའི་ཁྱད་དུ་འཕགས་པའི་མི་གཤིས་ཀྱི་ཡོན་ཏན་མངོན་ཐུབ་ཏེ། སྒོ་ཁྱི་ཞིག་ལ་ཆ་མཚོན་ནས་བཤད་ན། དེས་རང་ཁྱིམ་གྱི་བདེ་སྡུག་གི་སླད་དུ་ཡོད་ཚད་ཀྱི་ཡོད་ཚད་སྒོ་སྲུང་གི་ལས་ལ་འབད་ཅིང་། མི་རིགས་འདིའི་ཁོར་ཡུག་དུ་འཚོ་གནས་ལ་རོལ་བའི་མི་བུ་ཞིག་ལ་ཆ་མཚོན་ནས་བཤད་ན། ཡོད་ཚད་ཀྱི་ཡོད་ཚད་མི་རིགས་འདིའི་བདེ་སྡུག་གི་ལས་དབང་དང་། འཕེལ་རྒྱས་ཀྱི་སླད་དུ་མི་ཚེ་སྟོང་བའི་ཁྱད་གཤིས་རྣལ་མ་ཞིག་དང་། བླ་ན་འཕགས་པའི་སེམས་ཁམས་ཀྱི་འཁྱེར་སོ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་གསལ་བོར་མངོན་བཞིན་ཡོད་པས། དེ་ལྟ་བུའི་རང་ཉིད་བློས་གཏོང་གི་བསམ་བློ་དེ་ང་ཚོའི་མི་རིགས་འདིར་མཁོ་བའི་བསམ་བློ་ཁྱད་པར་བ་ཞིག་ཡིན་པས་ན། ཡོད་ཚད་ཀྱི་ཡོད་ཚད་མི་རིགས་འདིའི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སླད་དུ་ཕུལ་ནུས་པའི་བསམ་བློ་འདི་ནི་ཀུན་གྱིས་ཡི་རངས་གུས་བཀུར་བྱ་དགོས་པའི་གནས་སུ་གྱུར་རོ། དེས་ན། སྙན་ངག་དེར་སྤྱི་ཚོགས་ཀྱི་རིན་ཐང་ངེས་ཅན་ལྡན་ཡོད་ལ། ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེར་ལྡན་ཡོད་པས། སྙན་ངག་དེ་ནི་རྨོངས་སད་ཐོབ་པར་སྐུལ་བའི་མི་རབས་ཤིག་གི་སེམས་སྒྲ་རེད་ཅེས་བརྗོད་ན་ཆོག་པར་སྙམ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།