འབའ་སྨད་རྒྱལ་ལོ་ཚེ་རིང་གི་སློབ་གསོའི་སྐོར་གྱི་དཔྱད་གཏམ།

རྩོམ་པ་པོ།:འབའ་སྨད་རྒྱལ་ལོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-13 09:15:00 ཀློག་གྲངས།:

འབའ་སྨད་རྒྱལ་ལོ་ཚེ་རིང་གི་སློབ་གསོའི་སྐོར་གྱི་དཔྱད་གཏམ། 
གཡོལ་མི་རུང་བའི་འགན་འཁྲི་དང་སྐད་ཆ།
                                      དེང་གི་སློབ་གསོ་སྐྱོང་ཚུལ་གྱི་སྣང་ཚུལ་རགས་དཔྱད །

ང་ཚོའི་སློབ་གསོ་གནས་སྟངས།

         ད་ལྟའི་དུས་འདིར། མི་རབས་གསར་བ་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་སྐབས་སུ་འཁེལ་འདུག་སྟེ། མི་རབས་གསར་བ་ཞིག་འབྱུང་དགོས་ན་འུ་ཅག་གིས་རང་གི་ཚད་མཐོ་བའི་ཤེས་ཡོན་དང་བྱེད་ཐབས། ལག་ལེན་གསར་བ། ལྟ་བ་གསར་བ། མཐོང་སྣེ་གསར་བའི་ཕྲ་མཐོང་སྤྱོད་དགོས་ཤིང༌། དེ་བཞིན། བོད་རང་གི་སྲོལ་རྒྱུན་གྱི་སློབ་གསོའི་ལེགས་པའི་ཆ་སྤྱད་དེ་དོན་ལ་མི་འཕྲོད་པའི་གནད་དོན་སྐོར་ཞིག་ལ་གཤགས་བཅོས་དང༌། མིའི་འཚོ་གནས་ངོ་མ་དང་འཕྲོད་ལ་དུས་རབས་ཀྱི་དགོངས་པ་དང་མཐུན་པ། སྤྱི་ཚོགས་ཀྱི་བློ་འདྲི་བ། དོན་ལྡན་གྱི་ཤེས་ཡོན་པའི་མི་རབས་གསར་བ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། ཤེས་གསལ་ལྟར། སློབ་གསོ་ཞེས་པའི་ཡིག་འབྲུ་གྱི་དགོངས་པ་གཙོ་བོ་ནི་མི་གསོ་སྐྱོང་བྱེད་ཐབས་ཀྱི་ཏོག་ལྟ་བུ་ཞིག་ཡིན་ལ། མི་ནི་སློབ་གསོ་ལ་བརྟེན་ནས་ནར་སོན་དགོས་པས་སློབ་གསོ་གཉེར་མཁན་གྱིས་མ་འཁྱོངས་ན་ནར་སོན་བཞིན་པའི་མི་དག་ཡང་ལོག་ལན་དུ་མི་འཕྱན་པའི་ངེས་པ་མེད་པས། འདིར་ཤེས་རྟོགས་སེལ་དགོས་པ་ཞིག་ལ། སློབ་གསོ་ཞེས་པའི་ཡིག་འབྲུ་འདིའི་དགོངས་པ་གཙང་ཞིང་དམིགས་ཡུལ་ངེས་ཅན་གྱི་གྲུབ་པའི་གཞུང་ལུགས་ཤིག་ཡིན། དེ་ན། སློབ་གསོ་གཉེར་མཁན་གྱིས་སློབ་གསོའི་དགོངས་པ་ག་འདྲ་ཞིག་ཏུ་འགྱུར་རུ་འཇུག་མིན་སློབ་གསོ་གཉེར་མཁན་གྱི་མི་རང་གི་ཡོན་ཚད་ལ་གཏུགས་ཡོད་པས་སློབ་གསོའི་ལས་ཀ་ནི་མི་རང་ག་བ་ཞིག་གི་འཇོན་པ་ཞིག་མ་ཡིན་ནོ། །
         དྲང་མོར་བཤད་ན། བོད་ཀྱི་སློབ་གསོའི་གནས་སྟངས་ནི་ནར་སོན་མེད་པའི་བྱིས་པ་ཞིག་དང་དབྱེར་མེད། སྐད་ཆ་ལྡ་བེ་ལྡིབ་བེ།  གོམ་པ་ཁྱ་མ་འཁྱོར།  རང་ངོ་མི་ཟིན་པ༌།  རང་གི་ཕ་དང་མ་ཡང་ངོས་མི་ཟིན། དེ་བཞིན་འཇིག་རྟེན་འཁོར་བ་ཟེར་བ་ནི་ཁོ་ལ་མཚོན་ན་འཇིག་རྟེན་འདིའི་གསང་བ་རྨ་མེད་པ་ཞིག་ཡིན། སྣང་ཚུལ་འདི་ད་ལྟའི་བོད་ཀྱི་སློབ་གསོའི་གནས་སྟངས་དང་ཁྱད་ཅི། རྒྱུ་མཚན་བསེལ་ན། ད་ལྟའི་བོད་ཀྱི་སློབ་གྲྭ་ཁག་གི་སློབ་མ་མང་པོ་ཞིག་ལ་སློབ་སྦྱོང་གི་ཁ་ཕྱོགས་མི་གསལ་ཞིང༌། སྤྱི་ཚོགས་ཀྱི་གནོན་ཤུགས་ཐེབས་པ་ཚབས་ཆེ་བ། དེང་གི་ཁྲ་ཁྲ་སིལ་སིལ་གྱི་ཆོས་སྣ་ཚོགས་ཀྱིས་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་བཅོམ་པ། རིག་གནས་ཀྱི་གཤིས་ལུགས་དེ་རང་གི་རྒྱུད་ལ་འབྱོར་ཐུབ་མེད། ཕུགས་བསམ་རིག་ལམ་ཉག་ཕྲ་བ། མི་རིགས་ཀྱིས་བཅོལ་བའི་རེ་འདུན་རང་རྒྱུད་དུ་ཆགས་མེད་པ་སོགས་ཀྱི་ངན་སྐྱོན་མང་དུ་མཆིས། དཔེར་ན། རྒྱ་མི་རིགས་ཀྱི་སློབ་འབྲིང་སློབ་མ་དག་གིས་སློབ་འབྲིང་གི་སྐབས་ནས་རྒྱའི་ལོ་རྒྱུས་སྟེང་གི་གྲགས་རྩོམ་རྒྱུགས་ཆེ་བ་དག་ཀློག་མྱོང་པར་མ་ཟད། (མ་མཐར་ཡང་ཆུ་ངོགས་གཏམ་རྒྱུད་དང༌།  ཐོག་ཁང་དམར་པོའི་རྨི་ལམ། ནུབ་ཕྱོགས་སུ་བསྐྱོད་པའི་རེག་ཟིག   རྒྱལ་ཁབ་གསུམ་གྱི་སྒྲུང་རྒྱུད། གཞན་དེ་དང་དེ་ལྟ་བུ་མང་པོ་ཞིག)དེའི་ཕྱིར། ཁོ་ཚོ་ལ་བསམ་གཞིག་གཏོང་སྟངས་ཀྱི་ཀློང་ཡངས་པོ་ཡོད་པ། བྱ་བ་བྱེད་སྟངས་ཁྱད་པར་བ། རིག་ལམ་གསལ་བ། འཆར་སྒོ་ཕུན་སུམ་ཚོགས་པ། དཔེ་ཀློག་བྱེད་སྟངས་ཀྱི་ཐབས་ཤེས་གསལ་བ་བཅས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད། མདོར་ན། རང་ཅག་གི་སློབ་གསོའི་མཁའ་དབུགས་དང་སློབ་སྦྱོང་གི་རྣམ་འགྱུར་དང་བསྡུར་ན་ཡན་གར་བ་ཞིག་ཡིན་ནོ། ། དེ་ན། འོ་སྐོལ་རང་ཅག་གི་སློབ་འབྲིང་གི་སློབ་གསོ་བྱེད་ལམ་དང་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སེམས་ཁམས་ནི་རྒྱ་ནག་གི་སློབ་མ་རྣམས་དང་བར་ཁྱད་ཆེན་པོ་འདུག  འུ་ཅག་གིས་སློབ་མས་སློབ་འབྲིང་གི་སྐབས་སུ་བོད་རང་གི་ལོ་རྒྱུས་སྟེང་རྒྱུགས་ཆེ་བའི་གནའ་རྩོམ་གྲགས་ཆེ་བ་དག་ཀློག་ཡོད་དམ། ཕལ་ཆེར་མེད། དཔེར་ན། དགེ་འདུན་ཆོས་འཕེལ་གྱི་བརྩམས་པོད། དོན་གྲུབ་རྒྱལ་གྱི་བརྩམས་པོད་སོགས་ཀྱི་བརྩམས་ཆོས་ལ་རོལ་མྱོང་ཆ་ཚང་བ་ཞིག་བྱས་མེད་པར་འདོད། ཕྱོགས་གཞན་ཞིག་ནས་བཤད་ན། དགེ་རྒན་མང་ཤོས་ཀྱིས་སློབ་མས་བསླབ་ཕྱིའི་དཔེ་ཆ་བལྟ་བ་དང་རྩོམ་ཡིག་སོགས་འབྲི་བའི་རྣམ་པ་མཐོང་ན་སྡིགས་དམོ་གཏོང་བ་དང༌། བསླབ་ཕྱིའི་དཔེ་ཆ་དང་རྩོམ་ཡིག་སོགས་བྲིས་ན་དུས་ཚོད་ཆུད་ཟོས་དང་ཤོག་བུ་བརླག་བྱེད་དུ་ངོས་བཟུང་ནས་སློབ་མའི་དཀྱེལ་ཡངས་ཀྱི་མཐོང་སྒོ་མང་པོ་དགེ་རྒན་གྱིས་འགོག་གྱིན་འདུག་པས་བོད་ཀྱི་སློབ་འབྲིང་སློབ་མ་དག་གི་བསམ་བློ་ནར་ཆེན་པོ་སོན་མ་ཐུབ་ཡང་ཁག་མེད་འདུག   གནས་སྟངས་འདིའི་འོག བོད་ཀྱི་སློབ་འབྲིང་སློབ་མ་དག་ལ་བསམ་གཞིག་གཏོང་སྟངས་ཀྱི་ཀློངས་ཡངས་པོ་མེད་པ།  རིག་གནས་ཀྱི་གཤིས་ལུགས་དེ་རང་རྒྱུད་ལ་དང་ལེན་བྱས་མེད་པ། སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་དགེ་རྒན་གྱིས་སློབ་མར་འདྲེན་ཐུབ་མེད་པ། དེ་ནི་རྒྱ་མི་སློབ་མ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་རེད། དཔེ་ཀློག་མེད་པའི་མི་ལ་བསམ་བློ་ཞིག་འཁྲུངས་ཀྱང་མི་སྲིད། ཚུལ་འདི། ད་ལྟའི་རང་ཅག་གི་དགེ་རྒན་རྣམས་ཀྱི་ངན་སྐྱོན་དང་འབྲེལ་ཡོད། དགེ་རྒན་ལ་ལ་ནི་རང་གི་ཉམས་མྱོང་ཙམ་མ་གཏོགས་དཔེ་ཀློག་མི་བྱེད་པ། བསམ་གཞིག་གཏོང་བའི་གོམས་གཤིས་ཆགས་མེད་པ། སློབ་མའི་སློབ་སྦྱོང་གི་ཡུལ་ཁམས་སོགས་ཀྱི་ཐད་དུ་རང་གིས་རང་ལ་བླང་བྱ་མི་འདོན་པ། ལོ་ནས་ལོ། མི་རབས་ནས་མི་རབས་བར་ལུགས་རྙིང་བ་ཞིག་སྤྱད་དེ་སློབ་ཁྲིད་བྱེད་པ་ལས་ཐབས་ལམ་གསར་བ་དང༌།  དམིགས་འབེན་གསར་བ།  ལག་ལེན་གསར་བ་མེད་པ། མདོར་ན་སློབ་ཁྲིད་བྱེད་ཐབས་ཀྱི་ཐབས་ཤེས་རྙིང་བ་དེ་ཙམ་ལ་བརྟེན་ནས་སློབ་ཁྲིད་བྱས་པའི་རྐྱེན་གྱིས་རང་ཅག་གི་སློབ་མ་རྣམས་ཀྱི་ཆུ་ཚད་དེ་ཡང་དཀོས་ཐག་པ་ཞིག་ཏུ་གྱུར་བ་རེད། ཕྱོགས་གཞན་ཞིག་ནས་དེང་གི་ན་གཞོན་དགེ་རྒན་དེའི་རིགས་ལ་ཤེས་བྱའི་ཡོན་ཚན་དམན་པ། ཤེས་བྱའི་སྒྲིག་གཞི་ཆ་མི་ཚང་བ། འགན་འཁྲི་ལྕི་མོ་མེད་པ། སྐྱ་སྡུག་པའི་སློབ་གསོའི་གནས་སྟངས་དེར་བསྒྱུར་འདོད་ཀྱི་བློ་མིག་མག་མོག་ཡིན་པ། ཚུལ་དེ་དག་གིས་དུས་རབས་གསར་བའི་སློབ་མའི་སློབ་སྦྱོང་གི་སེམས་ཁམས་སྐྱོབ་མི་ཐུབ་པ། སློབ་གསོ་རང་ལ་དགོས་པའི་རེ་བ་འགྲུབ་མི་ཐུབ་པ། ཁ་མི་འཕྲོད་པ།  དོན་ལ་མི་གནས་པ། དངོས་ཡོད་དང་བསྟུན་ཤེས་མེད་པ། དགེ་རྒན་གྱི་དཔུང་སྡེ་སོགས་ཞན་འདུག དེ་ལྟ་གྱིས། སློབ་གསོའི་སྒྲིག་གཞི་དེ་ཡང་ཆ་མི་འཚལ་བ་ཞིག་ཏུ་གྱུར་བ་རེད། དེ་བས། དེང་གི་འབོལ་རྩོམ་འབྲི་བ་བོ་རྣམས་ཀྱིས་གནད་དོན་དེ་དག་ཁ་ནས་བཤད་དེ། ལག་ལ་བཀོད་དེ། བྲིས་རྩོམ་བྱེད་དེ། གནད་དོན་དེ་དག་གི་རྩ་བ་སྤྲུགས་སྤྲུགས་བྱས་ན་ལེགས་པར་མཐོང༌།  ལྐོག་ནས་བསྡད་དེ་སྐད་ཆ་སྤོམ་པོ་བཤད་པ་དེ་མཁོ་ནས་རྔོ་མི་ཐོགས། དེ་བཞིན། བོད་ཀྱི་སློབ་གསོ་ཟེར་ནའང་འདྲ། སློབ་མའི་སློབ་སྦྱོང་གི་སེམས་ཁམས་བཅས་ལ་འགན་མི་འཁུར་བའི་དགེ་རྒན་དེ་དག་དྲང་བདེན་སྐྱོང་བའི་མི་ཞིག་གི་ངོས་ནས་གུ་ཡངས་གཏོང་ཐུབ་མེད་པ་དེའོ། །

ང་ཚོའི་དགེ་རྒན། 

         སྤྱིར་བཏང་དགེ་རྒན་ཞིག་བྱེད་འདོད་ན་ཐོག་མར་དགེ་རྒན་དེ་ཉིད་དགེ་རྒན་གྱི་ལས་གནས་ལ་མོས་པ་ཡོད་པར་མ་ཟད་ཡོན་ཏན་འཇོན་པོ་ཞིག་ཀྱང་དགོས། ཡིན་ཙང༌། ཡོན་ཏན་འཇོན་པོ་ཞིག་མེད་ན་དགེ་རྒན་བྱེད་འདོད་ཀྱི་འདུན་པ་དེ་མཁོ་ནས་ཀུན་ལ་རྔོ་མི་ཐོགས། རྔོ་མི་ཐོགས་པའི་དགེ་རྒན་ཞིག་སློབ་གསོའི་ལས་གནས་སྟེང་ནས་ལོག་སུ་སྤྱུགས་ན་ལེགས། དགེ་རྒན་ནི་སློམ་མའི་མི་གཤིས་སྐྱོང་མཁས་པ་ཞིག་དང་མི་རིགས་ཀྱི་སྡུག་བསྔལ་སེལ་ཐུབ་པ། སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་དང་བ་འདྲེན་ཐུབ་པའི་སྐྱེ་བུ་རླབས་ཆེ་བ་ཞིག་ཡིན་པ་ཤེས་བཞིན་དུ་འགན་འཁུར་ལ་གཡོ་བ་དང༌། བདེ་ས་ཞིག་དང་སླ་ས་ཞིག་ལ་ཤུགས་རྒྱག་པ། རྐུ་མེད་བཞིན་དུ་སྡོད་པ་ནི་ང་ཅག་གི་མ་འོངས་པའི་ཕམ་ཁ་ཞིག་གོ ། མདོ་སྡེ་རྒྱན་ལས། དགེ་རྒན་ཞེས་པའི་དགེ་ནི་མཁས་པའི་ཡོན་ཏན་དང༌། རྒན་ནི་བརྟན་པའི་ཡོན་ཏན་མཚོན་ཞེས་གསུངས་འདུག ཡང་དགེ་རྒན་ནི་རང་ཉིད་ཀྱི་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་ཅིང༌། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ། རང་ཉིད་ལས་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་ཞེས་ཐོགས།   དགེ་རྒན་ལ་མཚན་ཉིད་གདགས་སྟངས་སྣ་ཚོགས་ཤིག་ཡོད་ནའང༌། མཐར་དེད་ན་སློབ་མ་ལ་ཕན་འདོག་ཐུབ་པ་ཞིག་ཡིན་ན་འགྲིག་འདུག་སྙམ། དེ་ལྟ་དེ་ལྟར། དགེ་རྒན་གྱི་ལས་ཀ་རླབས་ཆེན་ཞིག་ཡིན་པ་བསྐྱར་དུ་གོ་བ་ལེན་དགོས་ཤིང༌། དགེ་རྒན་ལ་མི་རིགས་ཀྱིས་བཅོལ་བའི་རེ་འདུན་དང་རྒྱལ་ཁབ་ཀྱི་བཅོལ་བའི་རེ་འདུན། སྤྱི་ཚོགས་ཁོར་ཡུག་གི་བཏོན་པའི་རེ་འདུན། ཐ་ན་དགེ་རྒན་ནི་བླ་སྲོག་བསྐྲུན་མཁན་ཞིག་ཡིན་ཞེས་ལབ་ན་ཚད་ལས་བརྒལ་མེད། ཡིན་ཙང༌། ད་ཆ་བོད་ཀྱི་སློབ་འབྲིང་ལ་དོན་དམ་གྱི་དགེ་རྒན་ཞིག་ཧ་ཅང་ཉུང་ཞིང་བོད་ཀྱི་མ་འོངས་པའི་སློབ་གསོའི་འཕེལ་ལམ་བཅས་ལ་བསམ་གཞིག་གཏོང་མཁན་དེ་ལས་ཀྱང་ཉུང་བས། སྐྱོན་ཡོད་སར་སྐྱོན་བརྗོད་བྱས་ཏེ་བཟང་ཡོད་དེ་བསྟོད་པ་མ་བྱས་ན་རྗེས་མར་ལོག་ལམ་ཞིག་ཏུ་མི་འགྲོ་བའི་ངེས་པ་མེད །  ང་ཅག་གི་དགེ་རྒན་ཚོའི་ནང་དུ་དགེ་རྒན་ཡོན་ཏན་ཅན་དང༌། ཉམས་མྱོང་ཅན། སློབ་མར་ཁ་ཞེ་གཉིས་མེད་ཀྱི་སྙིང་ཉེ་མཁན་ཡང་མང་པོ་ཡོད། ལྡོག་སྟེ། ཤེས་བྱའི་ཡོན་ཏན་ཞན་པ། ཉམས་མྱོང་མེད་པ། སློབ་མར་ཤ་མི་ཚ་མཁན་ཡང་མང༌། སྐབས་འདིར་གནད་དོན་ཞིག་གསལ་བཤད་བྱེད་དགོས་པ་གཉིས་ཡོད་དེ། དགེ་རྒན་ཡོན་ཏན་ཅན་རྣམས་ཀྱིས་གཞན་གྱིས་གདེངས་འཇོག་འོས་ཙམ་ཐོབ་པའི་གྲུབ་འབྲས་དེ་ཙམ་ལ་ཡིད་ཚིམ་ནས་སྡོད་པ་ལས། རེ་བ་དང་སྙིང་སྟོབས། ཆོད་སེམས་བཅས་བསྣན་ཏེ་སྔར་ལས་ལྷག་པའི་རིག་པའི་སྣོད་ཇེ་མཐུག་དང༌། སློབ་མའི་རྒྱུད་ལ་ཤེས་བྱ་ཇི་ལྟར་མཁོ་སྤྲོད་བྱེད་རྒྱུ་བཅས་ལ་མནོ་བསམ་མི་གཏོང་བར་སྔ་མའི་གྲུབ་འབྲས་དང་ལམ་ལུགས་དེ་ལས་གདའ་ཐུབ་མེད་ཅིང༌། དེ་བཞིན། ཤེས་བྱའི་ཡོན་ཚད་ཞན་པའི་དགེ་རྒན་རྣམས་ཀྱིས་རང་གི་སློབ་སྦྱོང་མི་བྱེད་པའི་ཁར། དགེ་རྒན་ཡོན་ཏན་ཅན་རྣམས་ལ་མིག་དཔེར་མི་འཛིན་པ། ཐབས་ཤེས་གསར་བ་མི་བཙལ་བ། གཞན་གྱི་སློབ་ཁྲིད་ལ་མི་ཉན་པ། དཔེ་ཀློག་མི་བྱེད་པ། སློབ་གསོའི་ལས་གནས་ལ་སྤྲོ་བ་མེད་པ། སློབ་མའི་མདུན་ལམ་ལ་སེམས་ཚེགས་དང་རིགས་ཀྱི་མདུན་ལྗོངས་བཅས་ལ་འགན་མི་འཁུར་བ། སློབ་མར་ཤ་ཚ་མཁན་དང་སློབ་གསོའི་ལས་དོན་ཐད་དུ་ནུས་ཤུགས་གང་ཡོད་འདོན་པས་དགེ་རྒན་ཕུལ་བྱུང་ཅན་དག་ལ་ཕྲག་དོག་འཛིན་པ། མདོར་ན། ད་ལྟའི་དུས་འདིར་ཕུང་གསུམ་པའི་དགེ་རྒན་དང་ངོས་གཉིས་ཅན་མང་བས་བོད་ཀྱི་སློབ་གསོ་གཉེར་སྟངས་དང་སློབ་མའི་ཆུ་ཚད་དེ་ཡང་དམའ་རིམ་དུ་ཕྱིན་པའི་སྣང་ཚུལ་དེའོ།
         གཞན། འུ་ཅག་གི་དགེ་རྒན་རྣམས་ཀྱིས་སློབ་མར་སློབ་ཁྲིད་དང་སློབ་གསོ་གཏོང་སྐབས། ཆུང་ དུས་ནས་རྒྱུ་ནོར་དང༌། གོ་གནས། མིང་གྲགས་ཀྱི་ཆེད་དུ་འབད་བརྩོན་བྱེད་དགོས་པའི་སྐོར་གྱི་བསམ་བློའི་སྐོར་སློབ་ཁྲིད་བྱས་པ་རེད། དེའི་འབྲས་བུ་ནི། མི་ཚང་མས་རང་སྒེར་རང་ཕན་གྱི་ཆེད་དུ་བྱ་བ་སྒྲུབ་བཞིན་ཡོད་པ་ཡིན། ཁ་ཙམ་དུ་འཆམ་མཐུན་སྤྱི་ཚོགས་དར་སྤེལ་ཟེར་མོད། དོན་དངོས་སུ་རང་རྐྱང་བའི་ཆེད་དུ་འདོད་ཧམ་ཁོ་ན་མ་གཏོགས། ཁ་བཤད་དང་ལག་ལེན་རྒྱབ་འགལ་དུ་གྱུར་ཡོད། གནས་སྟངས་འདི་ཉེ་རབས་སློབ་གསོ་དང་འབྲེལ་བ་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་མར་སློབ་གསོ་སྤྲོད་སྐབས། མིའི་རིགས་ཀྱི་འབྱུང་འགྱུར་གྱི་རེ་བ་ནི། ཁྱོད་ཀྱི་ཕྲག་སྟེང་དུ་བབ་ཡོད་པ་རེད། ཅེས་ཐབས་ཚུལ་འདི་ལ་བརྟེན་ནས་བྱིས་པ་དག་གི་བསམ་བློའི་ཁ་ཕྱོགས་རྒྱ་ཆེ་སར་མགོ་བརྩམས་ཡོད། དྲང་བོའི་གཏམ་སྨྲས་ན། ང་ཚོའི་དོན་གཉེར་ནི་དཔེ་ཁྲིད་བྱེད་པ་ལ་བརྟེན་ནས་རྒྱུ་ནོར་འཐོབ་འདོད་དང༌། སྙན་གྲགས་འཐོབ་འདོད་མ་ཡིན། རྒྱུ་མཚན་ནི། མིའི་རིགས་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་དང༌། སྙན་གྲགས་ཀྱི་སྟེང་དུ་མངོན་གྱུར་བྱུང་དགོས་པ་མ་ཡིན་པར། མི་རྣམས་ཀྱི་བསམ་བློ་མཐོར་འདེགས་བྱུང་ཡོད་མེད་ལ་བལྟ་དགོས་པ་ཞིག་ཡིན།  བསམ་བློ་མཐོར་འདེགས་འབྱུང་མིན་དེ་མཐར་དེད་ན་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་དང་སློབ་གསོ་གཏོང་སྟངས།  ལག་ལེན་བཅས་ལ་རག་ལོས། དེ་ལྟར། སློབ་གསོའི་ལས་གནས་ལ་སྤྲོ་བ་མེད་པ། རིགས་ཀྱི་འདུ་ཤེས་གསལ་བོར་མེད་པ། འགན་འཁྲིའི་འདུ་ཤེས་དྲག་པོ་ཞིག་མེད་དེ་སློབ་གསོ་ལས་གནས་སྟེང་ཁྱོད་བདེ་ང་བདེ་ངང་དུས་ཚོད་བསྐྱལ་བ་ནི་གོལ་ལམ་ཞིག་དང་ཕམ་ཁ་ཆེན་པོ་ཞིག་ཡིན་པས། འགན་འཁྲི་ལ་གཡོལ་མི་རུང་བ་ནི་རྩ་བའི་ཆ་རྐྱེན་ཡིན་ནོ། །

སྐུལ་སློང་དུ་ཕུལ་བ།

         ང་ཚོ་འཚོ་གཞེས་བྱེད་པའི་དེང་གི་དུས་འདིར་དངོས་པོ་དཔལ་ཡོན་སྔར་བྱུང་མྱོང་མེད་པའི་ཚ་ད་མཐོན་པོར་སླེབས་ཡོད་ཅིང༌། ལྷག་པར་ཚན་རིག་དང་དཔལ་འབྱོར་འཕེལ་རྒྱས་ཆེས་ཤིན་ཏུ་མྱུར་བ་དེང་གི་ཆོས་སྣ་ཚོགས་ཀྱིས་གསལ་བཤད་ཐུབ་ཀྱང༌། གནད་འདི་ལ་ཞིབ་ཀྱིས་དཔྱད་ན། འདིའི་ལྟག་རྒྱབ་ཏུ། མི་རྣམས་ཀྱི་མི་ཆོས་ཀུན་སྤྱོད་དང་བསམ་བློ་གཏོང་སྟངས། བྱ་བ་བྱེད་སྟངས་ཉིན་ནས་ཉིན་མར་འགྲིབ་ནས་འགྲོ་བཞིན་ཡོད། གནད་འདི་མཐར་དེད་ན་ཉེ་རབས་ཀྱི་སློབ་གསོ་དང་འབྲེལ་བ་ཡོད་ཀྱང༌། སློབ་གསོ་གཉེར་མཁན་དག་གིས་མ་འཁྱོངས་པའི་གནད་ཅིག་ཏུ་འདོད། རྒྱུ་མཚན། སློབ་གསོ་ནི་མི་ཚད་ལྡན་གཏོང་བྱེད་ཀྱི་གཞུང་ལུགས་ཤིག་ཡིན་སྟབས། སློབ་གསོས་མ་འཁྱོངས་ཚེ་ང་ཚོའི་སྤྱི་ཚོགས་ནི་འཇིགས་སུ་རུང་བའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བའི་ངེས་པ་ཅི། དེ་མིན།  གནད་འདི་བསྐྱུར་ཏེ། ཁྱོད་ཀྱིས་རྒྱས་སྤྲོས་ཀྱི་གཞིས་བྲང་ཁ་ཤས་དང་རིན་གོང་རྩ་ཆེ་བའི་རླངས་འཁོར་ཁ་ཤས་ལ་ལོངས་སྤྱད་པ་ཙམ་གྱིས། སྤྱི་ཚོགས་འཕེལ་རྒྱས་བྱུང་བར་ངེས་པ་མེད། ཁྱོད་མི་སྒེར་གྱི་དངོས་པོ་ཕུན་སུམ་ཚོགས་པར་གྱུར་ཀྱང༌། སློབ་མའི་ནང་མ་སྨིན་པར་ཕྱི་སྨིན་པ། འདུ་ཤེས་མཐོར་འདེགས་བྱུང་མེད་ཚེ། དེ་ནི། རང་མགོ་བསླུ་ཐབས་ཀྱི་ལམ་ལུགས་ཤིག་དང་སློབ་གསོའི་གཉེར་སྟངས་ཀྱི་སྣང་ཚུལ་མི་ལེགས་པ། སློབ་མའི་མདུན་ལམ་ནི་དཀོས་ཐག་པ་ཞིག་ཏུ་འགྱུར་སྲིད། མིས་རང་ཉིད་ཁོ་ན་བསམ་ནས་རང་ཉིད་འཕེལ་རྒྱས་དེ། གཞན་ལ་ཕན་མི་ཐོགས་པ་དང་ཕ་རོལ་བའི་གནོད་པའི་སྟེང་ནས་རྐང་འཛུགས་པར་བྱས་ན། དོན་དངོས་སུ་འདི་ནི་རྗེས་ལུས་ཤིག་རེད། དེ་ལྟ་དེ་ལྟར། སློབ་མ་རྣམས་ནི་སྐྱོན་ཀུན་གསལ་དང་ཡོན་ཏན་ཀུན་ལྡན་གྱི་མི་སྐོར་ཞིག་ཡིན་ན་སློབ་གྲྭར་འགྲིམས་དགོས་དོན་མེད་ལ། དགེ་རྒན་ལ་བརྟེན་དགོས་པའི་གནས་ལུགས་ཀྱང་རྦད་དེ་མེད། ཡིན་ཙང༌། སྐྱོན་ཡོན་ཅན་དང་ཡོན་ཏན་ཀུན་ལྡན་མིན་པས་སློབ་གསོའི་གཞུང་ལུགས་དགོས་བྱུང་ལ། དེར་ལེགས་ལམ་དུ་ཁྲིད་བྱེད་ཀྱི་དགེ་རྒན་མཁོ་སོང་བ་རེད། ལེགས་ལམ་དུ་སྟོན་བྱེད་ཀྱི་ཡོན་ཚད་མེད་པ་དང་སློབ་མའི་དགོས་མཁོ་སྨིན་མ་ཐུབ་པ། སློབ་གྲྭ་ནས་ཕྱིར་ཕུད་པའི་སྣང་ཚུལ་ཡོད་དེ། དེ་ནི། དགེ་རྒན་རང་སྟེང་གིས་མ་འཁྱོངས་པ་ཞིག་ཡིན་པས་སློབ་མར་ཅི་ཁག
         དེ་ལྟར། ད་ལྟའི་སློབ་གསོ་མཁའ་དབུགས་འདི་ཤིན་ཏུ་རྫོབ་པའི་བག་བདེ་ཀྱིས་སྡོད་པའི་སྐལ་བ་མ་ཡིན་པར། རང་གི་ཤེས་བྱའི་སྒྲིག་གཞི་ཚགས་ཇེ་དམ་དུ་གཏོང་དགོས་པར་མ་ཟད། རང་ལ་བླང་བྱ་ནན་མོ་འདོན་དགོས་པའི་ཚད་དུ་ཐོན། རྒྱུ་མཚན། སློབ་གསོ་གཉེར་མཁན་རྣམས་ཀྱིས་མ་འཁྱོངས་ཚེ་མིའི་རིགས་སྐྱོབ་བྱེད་ཀྱི་གཞུང་ལུགས་ཡ་མཚན་པོ་མེད་པས། བདེ་ཐང་གི་སློབ་གསོ་ལ་བརྟེན་ནས་བདེ་ཐང་གི་སློབ་མ་སྐྱེད་བསྲིང་བྱེད་རྒྱུ་ནི་ཤིན་ཏུ་མད།

མཇུག་གཏམ།

         འདི་འབྲི་བཞིན་པའི་སྐབས་སུ། སྒེར་གྱི་འཁོན་སེམས་དང༌། ཕྲག་དོག་གིས་སྣ་དྲངས་པ་དང༌། མི་འདོད་པའི་འཁང་ར་བྱས་པ་སོགས་ཅི་ཡང་མེད་པར་དཔྱོད་པའི་མིག་ཤེལ་གཞན་པ་ཞིག་གིས་དེང་དུས་ཀྱི་སློབ་གསོའི་མཁའ་དབུགས་ལ་བལྟས་པའི་དཔྱད་པ་ཙམ་ཡིན། ང་ལ་སྡང་བས་ཅི་ཡང་མི་འོང༌། རིགས་པ་དང་བདེན་པ་གཙོ་བོ་ཡིན། དེའི་ཕྱིར། འདི་ལས་འཕྲོས་པའི་སྐད་ཆ་འདྲ་བྱུང་ན། རིགས་པའི་གཞུང་ལུགས་ཤིག་གི་འཕྲོས་མོལ་ཤིག་ལས། སྒེར་གྱི་འཁོན་སེམས་ཤིག་ནམ་ཡང་མི་འཛིན་པའི་རེ་བ་ལན་བརྒྱ་ཞུ་བ་དང་ང་ལ་མི་མཐུན་པའི་ལྟ་ཚུལ་འདྲ་བྱུང་ན་རིག་པའི་གར་སྟེགས་སྟེང་བགྲོ་གླེང་ཡོད་པར་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།