ངས་བཙལ་དང་འཚོལ་གྱིན་པའི་དགེ་རྒན།

རྩོམ་པ་པོ།:ཨོའུ་རྒྱ་ཀླུ་འབུམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-08 09:05:00 ཀློག་གྲངས།:

ངས་བཙལ་དང་འཚོལ་གྱིན་པའི་དགེ་རྒན།

         ངས་ནམ་རྒྱུན་དགེ་རྒན་ཞེས་པའི་ཐ་སྙད་འདི་གླེང་ཐེངས་རེ་དང༌། གཞན་གྱིས་རང་ལ་དགེ་རྒན་ཞེས་འབོད་ཐེངས་རེར། ངས་རང་ཉིད་ཀྱི་བཙལ་དང་འཚོལ་གྱིན་པའི་དགེ་རྒན་ཞེས་པའི་མིང་བརྡ་དེ་དང་གཏན་ནས་བསྡུར་མ་མྱོང༌། ཐེངས་འདིར་སློབ་གསོའི་ཁྱབ་ཁོངས་སུ་གཏོགས་པའི་དཔྱད་གཏམ་ཐུང་ངུ་ཞིག་བྲི་བར་བརྩམ་ཚེ། ངས་བཙལ་དང་འཚོལ་གྱིན་པའི་དགེ་རྒན་དེ་སྤྱི་ཚོགས་འདིའི་མི་བུ་ངོ་མ་ཞིག་ཡིན་ན་སྙམ་པའི་འདུན་པ་དྲག་པོ་དང་བཅས་ཏེ་གླེང་དགོས་བྱུང་སོང༌། ངས་བཙལ་དང་འཚོལ་གྱིན་པའི་དགེ་རྒན་ནི་འདི་ལྟ་སྟེ།
གཅིག འགན་ཁུར་གྱི་འདུ་ཤེས་ལྡན་པ་ཞིག
         《རིགས་ཤེས་ཀུན་གྲོལ》ལས་འགན་འཁྲིའི་འདུ་ཤེས་ལ་རིགས་གཉིས་ཡོད་པར་སྣང་སྟེ། གཅིག་ནི་རང་ལ་བལྟོས་པའི་འགན་འཁྲིའི་འདུ་ཤེས་དང༌། ཅིག་ཤོས་ནི་གཞན་ལ་བལྟོས་པའི་འགན་འཁྲིའི་འདུ་ཤེས་ཏེ་གཉིས་འབྱུང་བ་འདྲ་ཞེས་བརྗོད་པ་བཞིན། སློབ་གསོའི་ལས་དོན་སྤེལ་བའི་དགེ་རྒན་ཞིག་ལ་ཆ་མཚོན་ནའང་འགན་འཁྲིའི་འདུ་ཤེས་དེ་གཉིས་ལས་མ་འདས་ཏེ། དགེ་རྒན་གང་དེའི་རང་གི་འཚོ་གནས་ཀྱི་ཆེད་དུའམ་ཚེ་སྲོག་ལ་འགན་འཁུར་བའི་ཆ(གསལ་བོར་བཤད་ན་ཟླ་ཕོགས་ཀྱི་ཆེད་དུ་རེད)ནས་དགེ་རྒན་བྱས་པ་རེད། དེ་ནི་རང་ལ་བལྟོས་པའི་འགན་འཁྲི་འདུ་ཤེས་ཡིན། གཞན་ཡང་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མར་ཤེས་བྱ་དང་བྱེད་ནུས། ཀུན་སྤྱོད། བསམ་བློའི་ལྟ་ཚུལ་ལེགས་པོ་ཞིག་སློབ་པར་འཇུག་པའི་ལྡོག་མེད་ཀྱི་སློབ་གསོའི་འགན་འཁྲི་ཡང་འཁུར་དགོས་པ་རེད། དེ་ལྟར་སློབ་མར་བལྟོས་ཏེ་སློབ་གསོའི་འགན་ཁུར་རྫོགས་པ་ཡིན་ན། དེར་གཞན་ལ་བལྟོས་པའི་འགན་འཁྲིའི་འདུ་ ཤེས་ཞེས་བརྗོད་ཆོག་པ་ཡིན།
         གོང་དུ་བརྗོད་པའི་འགན་འཁྲིའི་འདུ་ཤེས་དེ་གཉིས་ལས་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་འཕེལ་རྒྱས་ཀྱི་རྩ་བའམ་མི་ཞིག་གིས་མི་ཚེར་སྙིང་བོ་ལེན་པའི་གནད་ཀྱི་དམ་པ་ནི་གཞན་ལ་བལྟོས་པའི་འགན་འཁྲི་འདུ་ཤེས་ལ་རག་ལས་མོད། འོན་ཀྱང་ང་ཚོ་སྟེ་སློབ་གསོའི་ལས་རིགས་སྤེལ་མཁན་གྱི་གྲས་སུ་རང་ལ་བལྟོས་པའི་འགན་འཁྲིའི་འདུ་ཤེས་ཤུགས་དྲག་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དལ་ཞིང་འཇོན་མི་སྐྱེད་སྲིང་གི་ལས་དོན་བོར་ཏེ། ཡ་ཡོག་རྫ་རྫུ་ཡི་རྣམ་གྲངས་སྤེལ་བས་དེང་གི་རྗེས་ལུས་ཞེས་པའི་མིང་བྱང་འདི་ཐོད་དུ་འཆིང་དགོས་པ་རེད། དེ་བས་བཙལ་དང་འཚོལ་གྱིན་པའི་དགེ་རྒན་ནི་སློབ་གསོ་སྤེལ་བའི་འགན་འཁྲི་འཁུར་མཁན་ཞིག་གོ།
གཉིས། མཛུབ་ཁྲིད་ཀྱི་བསམ་བློ་ཡོད་པ་ཞིག
         མི་རིགས་གང་ཞིག་ཡིན་ཡང་ཐམས་ཅད་ཀྱིས་འདོད་པ་ནི་སྔོན་ཐོན་གྱི་མི་རིགས་ཡིན་པ་ལས་རྗེས་ལུས་ཀྱི་མི་རིགས་ཡིན་མི་སྲིད། མི་རིགས་དེ་འཕེལ་རྒྱས་སུ་འགྲོ་དགོས་ན་ཐོག་མར་མི་བུ་ཡོངས་ལ་སྔོན་ཐོན་གྱི་བསམ་བློ་ལྡན་དགོས། མི་བུ་ཡོངས་ཀྱི་བསམ་བློ་སྐྱེད་སྲིང་བྱ་དགོས་ན་བསམ་བློའི་སྣེ་ཁྲིད་མཁན་ནམ་བླ་སྲོག་བཟོ་སྐྲུན་མཁན་ཏེ་དགེ་རྒན་གྱི་བསམ་བློར་འཚོ་བཅུད་ཀྱིས་སྟོང་མི་རུང་ཡང༌། འུ་ཅག་གི་སློབ་གསོའི་ལས་རྐང་ན་བསམ་བློར་འཚོ་བཅུད་འཛོམས་པའི་ལས་བཟོ་བ་ཅི་ཙམ་ཡོད། མཛུབ་མོར་བགྲང་རྒྱུ་ཙམ་ཡང་ཡོད་རེ་སྐན་ན་ང་ཚོ་ནི་གྲུ་གཟིངས་མེད་པའི་གྲུ་པ་ཞིག་དང་མཚུངས་པར་ཆུ་བོའི་ཕ་རོལ་ཏུ་ནམ་ཡང་བརྒལ་མི་ཐུབ་པ་དང༌། མི་རིགས་ཀྱི་མདུན་ལམ་ཟེར་བ་ཡང་བར་སྣང་ལ་རི་མོ་འབྲི་བ་ཁོ་ནར་སྣང་ཕྱིར། ངས་བཙལ་དང་འཚོལ་གྱིན་པའི་དགེ་རྒན་ནི་བཅུད་ཀྱིས་རྫོགས་པའི་བསམ་བློ་ཡོད་པ་ཞིག་གོ།
གསུམ། སྐྱེད་སྲིང་གི་འཇོན་ནུས་མངའ་བ་ཞིག
         ང་ཚོས་ཐོག་མར་ངེས་དགོས་པ་ནི་འཇིག་རྟེན་མི་ཆོས་གཉེར་བའི་དགེ་རྒན་དག་གི་བསྐྱང་བྱ་ནི་རང་བྱུང་གི་མི་ཞིག་སྤྱི་ཚོགས་ཀྱི་མི་ཞིག་ཏུ་བསྒྱུར་རྒྱུ་དེ་རེད།   སྐྱོང་བྱེད་མི་བུ་དེའང་གཞུང་དྲང་ཅན་ཞིག་དང་སྒལ་ཚིགས་ཅན་ཞིག རང་མཚན་པ་ཞིག་ཏུ་གཏོང་རྒྱུ་ལས་ལྷ་འདྲེ་གང་རུང་དུ་བསྒྱུར་རྒྱུ་ནི་གཏན་ནས་མིན། བསྐྱངས་ཟིན་པའི་འབྲས་བུ་ནི་ཤེས་ཡོན་སློབ་པའི་མཐར་ཐུག་གི་འབབ་ས་སྟེ་མི་གཞི་ཡག་པོ་ཞིག་ཆགས་རྒྱུ་དེ་ཡིན་པར་འདོད། འུ་ཅག་གིས་བསྐྱངས་པའི་མི་བུ་རེ་ཞིག་གི་ཁོག་ཇེ་དོག་དང་སེམས་ཇེ་ནག རྒྱུད་ཇེ་གྱོང༌། གཤིས་ཇེ་རྩུབ་ཏུ་འགྲོ་བཞིན་པའང་སློབ་མ་ཁོ་ནའི་སྐྱོན་མ་ཡིན་པར་ང་ཚོས་བདམས་པའི་མི་བུ་སྐྱོང་བའི་ཐབས་ལམ་ལའང་རག་ལས་པར་སྙམ། དེའི་ཕྱིར་ངས་བཙལ་དང་འཚོལ་གྱིན་པའི་དགེ་རྒན་ནི་སྐྱེད་སྲིང་གི་འཇོན་ནུས་མངའ་བ་ཞིག་གོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།