བོད་སྐད་རླུང་འཕྲིན་གྱི་དགེ་མཚན་གོང་འཕེལ་སླད་གསར་འགོད་པ་ཞིག་གི་ཉམས་མྱོང་གླེང་བ།
བོད་སྐད་རླུང་འཕྲིན་གྱི་དགེ་མཚན་གོང་འཕེལ་སླད་གསར་འགོད་པ་ཞིག་གི་ཉམས་མྱོང་གླེང་བ།
རྒྱལ་མཚན་ཆོས་གྲགས།
དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བོད་སྐད་གསར་འགྱུར་ལས་རིགས་དེ་ཡང་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བཞིན་པ་དང་། གསར་འགྱུར་བརྒྱུད་ལམ་དེ་དག་གིས་བོད་ཀྱི་གནས་བབ་ལ་གཞིགས་པའི་ཞབས་འདེགས་མི་དམན་པ་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། མི་རྣམས་ལ་སྣེ་མང་ཕུན་སུམ་ཚོགས་པའི་བསམ་པའི་ལོངས་སྤྱོད་སྦྱིན་བཞིན་ཡོད། ཆ་འཕྲིན་གྱི་ཞབས་འདེགས་ཡག་པོ་སྒྲུབ་ཐུབ་མིན་ནི་གསར་འགོད་པའི་བྱང་ཚད་དང་ཉམས་མྱོང་ལ་རགས་ལས་ཡོད་སྟབས། གཤམ་ལ་ཕྲན་རང་ཉིད་བོད་སྐད་རླུང་འཕྲིན་གྱི་ས་གནས་གསར་འགོད་པའི་བྱ་བར་ཞུགས་ཏེ་ལོ་ཤས་འགྲོ་བཞིན་པ་དེའི་རིང་གི་ལག་ལེན་དངོས་ནང་རང་གི་སྦྱོང་བརྡར་དང་། འཚོལ་ཞིབ། ཕྱོགས་བསྡོམས་བཅས་བྱས་པའི་མྱོང་ཚོར་ཕྲན་བུ་ཞིག་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་གང་དྲན་གླེང་བར་བྱ་སྟེ། ༡ གསར་འགྱུར་དང་འབྲེལ་བའི་སྤྱི་བཤད། ༢ བོད་སྐད་རླུང་འཕྲིན་གྱི་གསར་འགོད་པའི་གཞི་རྩའི་རྨང་གཞི། ༣ གསར་འགོད་པའི་ཀུན་སྤྱོད་སྐོར། ༤ གསར་འགྱུར་སྙན་སྒྲོན་ཞུ་སྐབས། ༥ གསར་འགྱུར་ནང་ཐ་སྙད་བེད་སྤྱོད་གཏོང་ཕྱོགས། ༦ གསར་འགྱུར་ནང་ཞེ་ཚིག་བེད་སྤྱོད་གཏོང་ཕྱོགས། ༧ བཅར་དྲིའི་སྐབས། ༨ གནས་ཚུལ་ཡོང་ཁུངས་ཀྱི་བདེ་འཇགས་ལ་འགན་ཁུར་བ། ༩ རླུང་འཕྲིན་གྱི་དམིགས་བསལ་ཁྱད་ཆོས། བཅས་དོན་ཚན་དགུའི་ཐོག་ནས་ཞུ་འདོད་བྱུང་།
ཀ བོད་སྐད་རླུང་འཕྲིན་གྱི་གསར་འགོད་པའི་གཞི་རྩའི་རྨང་གཞི།
“གསར་འགྱུར།” ཞེས་པའི་ཐ་སྙད་དེར་རྒྱལ་ཁབ་ཕྱི་ནང་གི་མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་ན་ཡང་། མདོར་བསྡུས་ན་གསར་འགྱུར་ནི་ཐོན་མ་ཐག་པ་དང་ཐོན་བཞིན་པའི་དོན་དངོས་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུས་ཐོག་སྤེལ་པ་ལ་ཟེར་བ་དང་། གསར་འགོད་པ་ནི་གནས་ཚུལ་དེ་ཇི་མ་ཇི་བཞིན་དུས་ཐོག་སྤེལ་བར་བྱེད་མཁན་གྱི་ཕོ་ཉའམ་མགྲིན་ཚབ་པ་དེ་ཡིན། གདོད་མའི་དུས་སུ་མི་རྣམས་རང་བྱུང་ཐོན་ཁུངས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་སྐབས། གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེའི་གནས་ཚུལ་རྣམས་ལག་བརྡ་བྱེད་པ་དང་། རྣམ་འགྱུར་སྟོན་པ། སྐད་བརྡ་སྤྲོད་པ་སོགས་ལ་བརྟེན་ནས་གོ་བརྡ་སྤྲོད་ཀྱི་ཡོད། སྐད་ཡིག་བྱུང་རྗེས་གསར་གྱུར་དེ་རིམ་བཞིན་ངག་ཐོག་གསར་འགྱུར་དང་། ལག་བྲིས་གསར་འགྱུར། དཔེ་སྐྲུན་གསར་འགྱུར། ཀློག་ཀླད་དྲ་བའི་གསར་འགྱུར། ལག་ཐོགས་ཁ་པར་གྱི་གསར་འགྱུར་བཅས་སུ་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། དེ་དག་སོ་སོར་དུས་སྐབས་མི་འདྲ་བའི་ནང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་ཀྱང་། ནང་དོན་གསར་བ་དང་། དྲང་གཞག དུས་ཚོད་ཐུང་བ། ཁྱབ་ཚད་མགྱོགས་པ། ཤུགས་རྐྱེན་ཆེ་བ་བཅས་ནི་ཐུན་མོང་གི་ཁྱད་ཆོས་ཡིན། ད་ཆ་ཡོངས་གྲགས་ཀྱི་གསར་འགྱུར་བརྒྱུད་ལམ་གཙོ་བོའི་གྲས་སུ་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། ཀློག་ཀླད་དྲ་བ་བཅས་ཡོད་ལ་ད་དུང་དེང་སྐབས་ལག་འཁྱེར་ཁ་པར་ནས་ཀྱང་གསར་འགྱུར་གསན་གཟིགས་ཐུབ་ཀྱི་ཡོད་པས་མི་རྣམས་ལ་ཧ་ཅང་སྟབས་བདེ་བསྐྲུན་ཡོད། གོང་གསལ་བརྒྱུད་ལམ་དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ཁྱད་ཆོས་ལྡན་ཁར། མི་སོ་སོའི་དགའ་དད་དང་ཆ་རྐྱེན། དགོས་མཁོ་བཅས་ལ་གཞིགས་ནས་འདམ་ག་བྱེད་ཆོག་པའི་ཕྱོགས་སུ་འཕོ་འགྱུར་འགྲོ་བཞིན་ཡོད།
གོང་གསལ་བརྒྱུད་ལམ་དེ་དག་གི་དམིགས་ཡུལ་གཙོ་བོ་དེ་མི་མང་ལ་དྲང་གཞག་གི་སྒོ་ནས་བརྡ་འཕྲིན་སྐྱེལ་རྒྱུ་དེ་ཡིན་པ་དང་། དེ་ཡང་གསར་འགོད་པའི་ཀུན་སྤྱོད་དང་འབྲེལ་བའི་གནད་དོན་ཞིག་ཡིན། གསར་འགོད་པ་ཞིག་གི་ངོས་ནས་བཤད་ན་ལྟ་སྤྱོད་ཡང་དག་པ་དགོས་རྒྱུ་ནི་རྒྱལ་སྤྱིའི་གསར་འགོད་པ་ཐུན་མོང་གི་གཞི་རྩའི་ཀུན་སྤྱོད་ཀྱི་ཚད་གཞི་འཛིན་ས་གཙོ་བོར་གྱུར་ཡོད། དེ་ནི་གསར་འགོད་པས་དྲང་བདེན་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་གནས་ཚུལ་སྤེལ་བ་ལ་གོ་བ་དང་། སྤྱི་ཚོགས་ནང་གི་དོན་དངོས་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུས་ཐོག་མི་མང་གི་སྙན་དུ་འཁྱོལ་བར་གསར་འགོད་པའི་རང་དབང་དང་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་དེ་ཡང་གལ་ཆེན་པོར་ཆགས་ཡོད། གསར་འགོད་པའི་རང་དབང་དང་ཐོབ་ཐང་གི་གོ་དོན་ནི་རང་དབང་ངང་གནས་ཚུལ་འཚོལ་ཞིབ་དང་བསྡུ་ལེན་བྱེད་ཆོག་པ་དེ་ཡིན་པ་དང་དེ་ནི་མི་མང་ལ་དྲང་བདེན་གྱི་གནས་ཚུལ་དང་བསམ་ཚུལ་སྤེལ་དགོས་པའི་འོས་འགན་ལས་བྱུང་བ་ཞིག་རེད།
ཁ། བོད་སྐད་རླུང་འཕྲིན་གྱི་གསར་འགོད་པའི་གཞི་རྩའི་རྨང་གཞི།
བོད་སྐད་རླུང་འཕྲིན་གྱི་གསར་འགོད་པའི་གཞི་རྩའི་རྨང་གཞི་ནི་བོད་ཡིག་གི་རྩ་བའི་ཀློག་སྟངས་དང་སུམ་རྟགས་དག་གསུམ་གཞུང་ནང་བསྟན་པའི་བརྡ་སྤྲོད་ཀྱི་ཤེས་བྱ་རྣམས་ཁོངས་དུ་ཆུད་པར་བྱེད་པ་དང་། བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆོས་ལུགས་སོགས་ལ་རྒྱུས་མངའ་ཆེན་པོ་ལྡན་དགོས་ཁར། རྩོམ་རིག་གི་བྱང་ཚད་མཐོ་ཙམ་ཡོད་དགོས་པ་དང་ཆབས་ཅིག ཆབ་སྲིད་ཀྱི་གོ་རྟོགས་ཀྱང་མཐོ་ཙམ་ཡོད་དགོས་པ། ཉེར་མཁོའི་ཞེ་ཚིག་དང་ཐ་སྙད་རྣམས་ཀྱང་ཁོངས་དུ་ཆུད་པ་བཅས་དགོས་པར་སྙམ། འོ་ན་དེ་འདྲའི་ཆ་རྐྱེན་མི་ལྡན་པའི་གསར་འགོད་པ་ཞིག་ལ་དཀའ་ངལ་གང་འཕྲད་སྲིད་དམ་ཞེ་ན། དེ་ནི་དེང་སྐབས་ང་ཚོའི་གསར་འགོད་པ་རེ་འགས་སྤེལ་བའི་གསར་འགྱུར་ནང་རྒྱུན་དུ་ནས་མཐོང་ཐོས་ཡོང་བཞིན་པ་དཔེར་ན་མིང་ཚིག་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་ནོར་བ། བརྗོད་དོན་སྔ་ཕྱི་འབྲེལ་མི་ཆགས་པ། ཚིག་སྐྱོན་དང་དོན་སྐྱོན་མང་བ། ཚིག་གི་སྡེབ་སྦྱོར་མི་ལེགས་པ། ཀློག་གི་སྒྲ་གདངས་ཇི་བཞིན་མི་ཐོན་པ་བཅས་ཡོང་གི་ཡོད། འོ་ན་དེ་འདྲའི་སྐྱོན་ཆ་ལྡན་པའི་གསར་འགྱུར་ལས་གནོད་སྐྱོན་གང་བཟོ་སྲིད་དམ། བག་ཆགས་ངན་པ་གང་ཞིག་འཇོག་སྲིད་དམ་ཞེ་ན། དེ་ཡང་གཅིག་ནས་རྒྱ་ཆེའི་གསན་མཁན་རྣམས་ནས་ཆ་འཕྲིན་དག་དུས་ཐོག་བདེ་བླག་ངང་རྟོགས་ཐུབ་རྒྱུར་འགོག་རྐྱེན་འཕྲད་པ། གཉིས་ནས་རླུང་འཕྲིན་གྱི་ཡིད་དབང་འགུག་ཤུགས་ཇེ་ཆུང་དུ་འགྲོ་རྒྱུ་ཡིན་པ། གསུམ་ནས་དེས་བོད་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་ཐད་འགོག་རྐྱེན་བཟོ་རྒྱུ་ཡིན་པ། བཞི་ནས་རླུང་འཕྲིན་བརྒྱུད་བོད་སྐད་སྦྱོང་མཁན་རྣམས་ལ་ཤུགས་རྐྱེན་ངན་པ་བཟོ་རྒྱུ་མ་ཟད་གོ་ནོར་ཐེབས་པའི་ཉེན་ཁ་ཡང་ཆེན་པོ་ཡོད། དེ་འདྲའི་གསར་འགོད་པས་རང་ཉིད་ཀྱི་ལས་འགན་སྒྲུབ་ཐུབ་མེད་པ་མ་ཟད་དེ་ལས་ལྡོག་ཏེ་ཕན་ལས་གནོད་ཆེ་བ་སྐྱེལ་བའི་ཉེན་ཁ་ཡོད། བྱས་ཙང་དེ་འདྲའི་རིགས་ཀྱི་གསར་འགོད་པ་ཚོས་རྒྱུན་དུ་ནས་བོད་ཡིག་གི་ཚད་ལྡན་དཔེ་དེབ་མང་ཙམ་ལྟ་ཀློག་བྱེད་པ་དང་རང་ཉིད་ཀྱི་བོད་སྐད་ཡིག་གི་བརྡ་སྤྲོད་པའི་གཞུང་ལུགས་ལ་སློབ་སྦྱོང་དང་བོད་སྐད་ཀྱི་རྩ་བའི་འགྲོ་སྟངས་ཤེས་པར་བྱེད་པ། གཉིས་ནས་བོད་ཡིག་གི་ཚད་ལྡན་ཐ་སྙད་མང་པོ་ཁོངས་དུ་ཆུད་པ་བཅས་བྱས་ནས་བོད་སྐད་ཡིག་གི་ཤེས་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ་དང་ཆབས་ཅིག་ཚད་ལྡན་གསར་འགྱུར་བརྒྱུད་ལམ་གཞན་དག་གི་ཐོག་ལ་ཡང་ཐོས་བསམ་མང་ཙམ་བཅས་གནང་དགོས་པར་མཐོང་།
ག གསར་འགོད་པའི་ཀུན་སྤྱོད།
རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་དང་ཨ་རི། དབྱིན་ཡུལ། ཁེ་ན་ཏྲ། ཡོ་རོབ་སོགས་ཚང་མས་ཁས་ལེན་དང་ངོས་འཛིན་བྱེད་པའི་གསར་འགོད་པའི་ཐོབ་ཐང་དང་ལས་འགན་སྐོར་གྱི་མུ་ནིག་བཅའ་ཁྲིམས Declaration of Rights and Obligations of Juournalists (the ‘Munich Chater’ཞེས་པའི་ནང་ལ་གསར་འགོད་པའི་ཀུན་སྤྱོད་ཀྱི་རིམ་པ་ཁག་མང་པོ་ཞིག་གཏན་འབེབས་བྱས་ཡོད་པའི་ནང་དོན་གཙོ་བོ་ནི་གསར་འགོད་པས་དྲང་བདེན་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་གནས་ཚུལ་སྤེལ་དགོས་པ་ནན་བརྗོད་བྱས་ཡོད། གསར་འགོད་པ་ནི་མི་མང་གི་གོ་རྟོགས་གོང་འཕེལ་གཏོང་མཁན་ཡིན་པ་མ་ཟད། ཆབ་སྲིད་པ་དང་ཚན་རིག་པ། ཆོས་པ་གང་ཞིག་ཡིན་རུང་ནོར་འཁྲུལ་གྱི་ལས་ཀ་སུས་བྱས་ཀྱང་ཐེར་འདོན་བྱ་རྒྱུའི་འགན་འཁྲི་ཡོད། དེ་བཞིན་གསར་འགོད་པ་རྣམས་ཧ་ཅང་གནད་འགག་ཆེན་པོ་ཡིན་པར་བརྟེན། གསར་འགོད་པ་རྣམས་ནས་དུས་རྒྱུན་དུ་གླང་པོ་ཆེའི་སྣ་ལྟར་ས་ཕྱོགས་གང་སར་བརྐྱངས་ནས་འཁྱོག་བཤད་སྤངས་ཏེ་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་གསར་འགོད་པའི་ལས་འགན་རེད།
༡ གསར་འགོད་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་ལས་འགན་ནི་སྤྱི་ཚོགས་ནང་ཐོན་དང་ཐོན་བཞིན་པའི་དོན་དངོས་གནས་ཚུལ་རྣམས་མཐོང་ཐུབ་པར་བྱེད་པ་དང་འཁྱོག་བཤད་སྤངས་ཏེ་དྲང་བདེན་གྱི་སྒོ་ནས་གནས་ཚུལ་མཁོ་སྒྲུབ་བྱས་ཏེ་རྒྱ་ཆེའི་མི་དམངས་ལ་ཇི་མ་ཇི་བཞིན་བརྡ་འཕྲིན་སྐྱེལ་རྒྱུ་ལས་གཞན་མེད་པ་དེ་ངོས་འཛིན་ཐུབ་དགོས། གལ་ཏེ་གསར་འགོད་པ་ཞིག་གིས་གནས་ཚུལ་མཁོ་སྒྲུབ་བྱེད་སྐབས་རང་ཉིད་ཀྱི་བསམ་བློའི་ལྟ་གྲུབ་ལ་གཞི་བཅོལ་ནས་གནས་ཚུལ་མཁོ་སྒྲུབ་བྱེད་པ་དང་སྲིད་དོན་ཚོགས་པ་གང་རུང་གི་བེད་སྤྱོད་དང་ཤུགས་རྐྱེན་འོག་ཚུད་པ་ཡིན་ན་གསར་འགོད་པ་དེས་སྤེལ་བའི་གནས་ཚུལ་དེ་རྒྱ་ཆ་བརྒྱ་ཐམ་པའི་དྲང་བདེན་ཞིག་ཡིན་མི་སྲིད་ལ་མང་ཚོགས་ཀྱིས་བློ་གཏད་ཡིད་ཆེས་བྱེད་མི་སྲིད་པ་མ་ཟད་དེས་གསར་འགྱུར་ལས་ཁང་གི་ཆེ་མཐོངས་ལ་ཡང་གནོད་སྲིད་པ་ཡིན།
༢ དུས་རྒྱུན་གསར་འགོད་པ་མང་ཚོགས་ཁྲོད་སྐྱོད་ནས་མང་ཚོགས་ཀྱིས་གང་བརྗོད་ཀྱི་ཡོད་མེད་དང་གང་བསམ་གྱི་ཡོད་མེད་སོགས་ལ་ཉན་པ་དང་གནས་ཚུལ་རྒྱུས་ལོན་བྱེད་དགོས་པ་མ་གཏོགས། གསར་འགོད་པས་རང་ཉིད་ཀྱི་ལས་འགན་དང་ཐོབ་ཐང་ག་རེ་ཡིན་མིན་སོགས་ཡོངས་སུ་བརྗེད་དེ་མང་ཚོགས་ཀྱི་བགྲོ་གླེང་ནང་འཚངས་ཏེ་གང་ཟག་སྒེར་དང་ཚོགས་པ་སྡེ་ཚན་གང་རུང་ཞིག་ལ་ཟུར་ཟ་དང་ངན་སྨྲས། སྒྲོ་འདོགས། འུར་རྒྱག་པ། སྐུར་འདེབས་བྱེད་པ། མི་གཞན་ལ་རང་ཉིད་ཀྱི་བསམ་ཚུལ་བཙན་འགེལ་བྱེད་པ་སོགས་ནི་གསར་འགོད་པའི་འོས་འགན་དང་ཀུན་སྤྱོད་ཐོབ་ཐང་སོགས་དང་ཡོངས་སུ་འགལ་བ་རེད་སྙམ།
ང་། མིང་ཚིག་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་སྐོར།
དེ་ཡང་མིང་ཚིག་དང་ཐ་སྙད་ཀྱི་དགོས་པ་ཅི་ཞིག་ཡིན་ནམ་ཞེ་ན། དེ་ཡང་མགོན་པོ་ཀླུ་གྲུབ་ཀྱིས། ཐ་སྙད་ལ་ནི་མ་རྟེན་པར། དམ་པའི་དོན་ནི་བསྟན་མི་ནུས། དམ་པའི་དོན་ནི་མ་རྟོགས་ན། མྱ་ངན་འདས་པ་ཐོབ་མི་འགྱུར།ཞེས་མྱ་ངན་ལས་འདས་པ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གཙོ་བོ་འཁོར་འདས་ཀྱི་གནས་ལུགས་རྟོགས་པར་བྱེད་པ་ཀུན་ཐ་སྙད་ལ་བརྟེན་དགོས་པ་ཞིག་ཡིན་པ་གསུངས་པ་དང་། དེ་བཞིན་དུ་ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད་ཅེས་གསུངས་པ་ལྟར་བྱ་བ་དང་དངོས་པོ་གང་ཞིག་ཡིན་རུང་མིང་དུ་གདགས་པར་མ་བྱས་ན་རྗོད་བྱེད་ལ་བརྟེན་ནས་བརྗོད་བྱ་ཁོངས་སུ་ཆུད་ཐབས་མེད་ཅིང་། མིང་ཚིག་དང་ཐ་སྙད་ལ་བརྟེན་ནས་སྐད་ཆའི་གོ་བརྡ་སྤྲོད་ཀྱི་ཡོད་པས་ཐ་སྙད་གལ་ཆེན་པོ་ཡིན་པ་གྲུབ་ཡོད།
དེར་བརྟེན་མང་ཚོགས་ལ་གསར་འགྱུར་གྱི་ནང་དོན་གོ་བརྡ་ཡག་པོ་འཕྲོད་ཐབས་ལ་གཅིག་གྱུར་དང་ཚད་ལྡན་གྱི་ཐ་སྙད་བེད་སྤྱོད་ཡོང་ཐབས་དང་མིང་ཚིག་ཐ་སྙད་བེད་སྤྱོད་གཏོང་ཡུལ་མ་ནོར་བ་གནང་དགོས། དཔེར་ན་ཆུང་ས་ནས་བཤད་ན་གསར་འགོད་པ་རེ་འགས་གནས་ཚུལ་སྤེལ་སྐབས། ཁོ་པ། དང་ཁོ་མོ། ཁོང་སོགས་གང་བྱུང་མང་བྱུང་དུ་བེད་སྤྱོད་གཏོང་གི་ཡོད།
བོད་སྐད་ཀྱི་འགྲོ་ལུགས་ལྟར་བྱས་ན“ཁོ་པས’’ དང“ཁོ་མོས’’ ཞེས་བརྗོད་ཚེ་ཚིག་དེ་ནི་རྒྱུན་དུ་གུས་ཞབས་མེད་པའི་ཚིག“ཁོས” དང“མོས” ཟེར་བའི་དོན་དང་གཅིག་མཚུངས་ཡིན་ལ་དེ་བཞིན་དུ་ཡིད་མ་རངས་པ་དང་གུས་བཀུར་མེད་པའི་རྣམ་པ་མཚོན་གྱི་ཡོད། དེའི་ཚབ་ཏུ“ཁོང་གིས” ཞེས་བརྗོད་ན་ཚིག་འཇམ་པ་དང་སྙན་ཆ་དོད་པ། ཕོ་མོ་གཉིས་ཀར་གུས་བཀུར་གྱི་རྣམ་པ་མཚོན་གྱི་ཡོད་པས་ཚིག་གི་བརྗོད་པ་རེ་རེས་གོ་དོན་གྱི་ནུས་པ་མི་འདྲ་བ་རེ་སྟོན་གྱི་ཡོད་སྟབས་ང་ཚོས་ཐ་སྙད་ཆུང་ཚགས་རེ་ལ་ཡང་ཟབ་ནན་གནང་རྒྱུ་གལ་ཆེ་བ་རེད་སྙམ། ཡང་འགའ་ཞིག་གིས་བོད་སྐད་བརྡ་སྤྲོད་གཞུང་ལུགས་དང་ཡོངས་སུ་འགལ་བའི་བྱེད་སྒྲ་དང་འབྲེལ་སྒྲ་ཉིས་བརྩེགས་དང་གསུམ་བརྩེགས་ཅན་རྒྱག་པ་དང་ད་དུང་བྱེད་འབྲེལ་ཐོབ་ཡུལ་རྩ་བ་ནས་མེད་ས་ལ་ཡང་བྱེད་འབྲེལ་གྱི་འཕྲད་ཨུ་ཚུགས་ཀྱིས་རྒྱག་སྲོལ་ཞིག་ཀྱང་རྒྱུན་འབྱམས་སུ་འདུག་པ་དེ་དག་ནི་བོད་སྐད་ཡིག་ལ་ཐུགས་སྣང་མེད་པའམ་སྦྱངས་གོམས་མེད་པའི་མངོན་རྟགས་ལས་མ་འདས།
སྤྱིར་རླུང་འཕྲིན་དང་བརྙན་འཕྲིན་གསར་འགྱུར་གྱི་སྐད་ཆ་ནི་མི་རྣམས་ཀྱིས་ཚད་འཛིན་བྱེད་ས་ཞིག་དང་སློབ་སྦྱོང་བྱེད་ས་ཞིག་ལ་བརྩི་སྲོལ་ཡོད་པས་གསར་འགྱུར་གྱི་སྐད་ཆའི་སྒྱུ་རྩལ་ནི་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་སྐད་ཡིག་གཅིག་གྱུར་གྱི་བྱ་བ་དང་འབྲེལ་བ་ཆེན་པོ་ཡོད་པས་གསར་འགོད་པར་སྐད་ཡིག་གི་བྱང་ཚད་ཡག་པོ་ཡོད་དགོས་དོན་ཡང་གནད་དོན་དེ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། དེ་བཞིན་གསར་འགྱུར་གྱི་སྐད་ཆ་དེ་མང་ཚོགས་དང་ཐག་ཉེ་པོ་ཡོད་དགོས་ཤིང་ཡིག་སྐད་ལྟར་མཁྲེགས་པོ་མེད་པ་དང་ཕལ་སྐད་ལྟར་བརྡ་སྤྲོད་ཀྱི་གཞུང་དང་འགལ་བའི་ཐ་སྙད་བེད་སྤྱོད་མ་གནང་བར་ཕལ་སྐད་དང་ཡིག་སྐད་གཉིས་ཀྱི་དབུས་སུ་གནས་ཤིང་གཅིག་བསྡུས་ཀྱི་བཟང་ཆ་ལྡན་པ་ཞིག་ཡིན་དགོས་སྙམ། དེའི་ཁྱད་ཆོས་ནི་སྐད་བརྡ་མང་ཚོགས་ཀྱི་ཕལ་སྐད་དང་འདྲ་ཡང་། ཕལ་སྐད་ལྟར་གྲོང་སྐད་ཀྱིས་མ་བསླད་པ། ཚད་ལྡན་ཡིག་སྐད་དང་འདྲ་ཡང་ཡིག་སྐད་ལྟར་ཚིག་དོན་མཁྲེགས་པོ་མེད་པ་ཞིག་ཡིན་དགོས། དཔེར་ན་ལྷ་སའི་ཁ་སྐད་ནང་རྐང་པ་ལ་རྐང་ཀ་དང་། ལག་པ་ལ། ལག་ཀ བྲང་ཁོག་ལ་བང་ཁོག སྤྲེའུ་ལ་པེའུ། སྤྲེལ་ལད་ལ་པད་ལད། བེའུ་ལ་པད་པེ་ལྟ་བུ་བེད་སྤྱོད་བཏང་ན་གཅིག་ནས་ལྷ་ས་བས་གོ་ཡང་བོད་སྤྱི་ལ་མི་གོ་བ་དང་། གཉིས་ནས་བརྡ་སྤྲོད་ཀྱི་གཞུང་དང་མཐུན་གྱི་མེད། དེ་བས་རིམ་བཞིན་ལག་པ། རྐང་པ། བྲང་ཁོག སྤྲེའུ། སྤྲེལ་ལད། བེའུ་ཞེས་བརྗོད་ཚེ་གཅིག་ནས་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ་དང་གཉིས་ནས་བོད་མི་ཚང་མས་གོ་ཐུབ་པའི་ཁྱད་ཆོས་ལྡན་ཡོད། དེའི་རྒྱུ་མཚན་ནི། བོད་མདོ་དབུས་ཁམས་གསུམ་གྱི་ནང་ཡུལ་ལུང་སོ་སོའི་སྐད་ཀྱི་སྒྲ་གདངས་སོགས་ཅུང་ཟད་མི་འདྲ་བ་ཡོད་པ་ནི་མི་རིགས་གང་འདྲ་ཞིག་ཡིན་རུང་ཁྱད་པར་མེད་ན་ཡང་དེའི་ཐུན་མོང་གི་སྐད་ཀྱི་གཞི་འཛིན་ས་དེ་མི་རིགས་དེའི་ཡི་གེ་ཡིན་དགོས་པ་མཁས་པ་ཚང་མས་ངོས་འཛིན་གཅིག་གྱུར་གནང་ཡོད། བོད་སྐད་ཡིག་ལ་ཆ་མཚོན་ན་ཡང་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཐོག་མར་བཟོ་སྐབས་བོད་སྐད་རང་ལ་གཞིར་བཟུང་བ་དང་བོད་སྐད་ལ་རྟེན་ནས་བོད་ཡིག་བཟོས་པ་ཚང་མས་མཁྱེན་གྱི་ཡོད། དེར་བརྟེན་ཡི་གེ་ལེགས་པར་བཟོས་ཟིན་རྗེས་ཡི་གེ་དེ་བོད་མི་ཡོངས་ཀྱི་སྤྱི་སྐད་དུ་གྱུར་ཡོད་པ་དང་ཡི་གེའི་བྱེད་ལས་སུ་གྱུར་ཡོད། ཡི་གེ་མ་བྱུང་གོང་ལ་སྐད་ཆ་ཐད་གྱེས་སུ་འགྲོ་བ་དང་ཡི་གེ་བྱུང་རྗེས་སྐད་ཆ་གཅིག་གྱུར་གྱི་ཕྱོགས་སུ་འགྲོ་གི་ཡོད། བོད་མདོ་དབུས་ཁམས་གསུམ་ཡུལ་ལུང་སོ་སོའི་སྐད་གདངས་མི་འདྲའ་བའི་ཁྱད་པར་ཡོད་ཀྱང་མིང་རྐྱང་དང་། ཕྲད་རྣམ་དབྱེ། བྱ་བའི་ཚིག་བཅས་ཀྱི་སྦྱོར་ཚུལ་ནི་གཅིག་པ་ཡིན།
ཕྱོགས་གཞན་ནས་གསན་མཁན་ཚང་མའི་ཤེས་ཚད་ཀྱང་གཅིག་གྱུར་ཞིག་མིན་སྟབས་གསར་འགྱུར་ནང་བརྡ་རྙིང་དང་། མངོན་བརྗོད། སྙན་ངག བསྡུས་ཚིག་སྣ་ཚོགས་བེད་སྤྱོད་བྱེད་པ་ནི་གསན་མཁན་རྣམས་ལ་ཆ་འཕྲིན་གྱི་ནང་དོན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་གཞི་ཞིག་ལས་གཞན་དགེ་ཚན་ལྷགས་པོ་གང་ཡང་མེད་པས་གསར་འགྱུར་ནང་དེ་ཚོའི་རིགས་བེད་སྤྱོད་མ་གནང་ན་ལེགས་པ་མཐོང་གི་ཡོད། གོང་ཞུས་ལྟར་རླུང་འཕྲིན་གསར་འགྱུར་གྱི་སྐད་བརྡའི་ཐ་སྙད་ནི་རིག་གནས་ཆུ་ཚད་མཐོ་དམན་ལ་མ་ལྟོས་པར་ཚང་མས་གོ་ཐུབ་པ་དང་ནང་དོན་ཤེས་ཐུབ་པ་ཞིག་ཡིན་དགོས།
མདོར་ན་ཕྲན་གྱི་ངོས་འཛིན་ལྟར་ན་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐད་དང་ཡི་གེ་ཚད་ལྡན་ཅན་དུ་བེད་སྤྱོད་གཏོང་རྒྱུ་དེ་བརྡ་འཕྲིན་གྱི་དགོས་མཁོ་ཙམ་མ་ཟད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་སྤྱི་སྐད་ཁྱབ་གདལ་དུ་གཏོང་བའི་ནང་ལ་ཡང་གལ་ཆེའི་ནུས་ཤུགས་ཐོན་གྱི་ཡོད།།
ཅ། གསར་འགྱུར་ཀློག་སྐབས།
དེ་ཡང་གངས་ཅན་མཁས་པའི་ཁྱུ་མཆོག་ཆོས་རྗེ་ས་པཎ་གྱིས། ཚིག་ཟུར་ལ་ཕྱིན་ལ་དོན་མ་ནོར་ཞིང་། ཆད་ལྷག་མེད་པ། རྗོད་བྱེད་སྐད་མཉམ་ཞིང་བརྗོད་བྱའི་ཡི་གེ་ཐོགས་པ་མེད་པ་དང་ལུས་དང་ངག་དལ་ཞིང་། ཚིག་དང་དབྱངས་སྙན་པ་དང་ལྡན་ན་མཐར་ཕྱིན་པའོ་ཞེས་ཀློག་གི་ཚད་གཞི་གསུངས་པ་ལས། སྙན་སྒྲོན་ཞུ་སྐབས་སྐད་གསང་པོ་དང་སྙན་པོ་དགོས་པའི་རྨང་གཞིའི་ཐོག་ནས་སྙན་སྒྲོན་ཞུ་ཐུབ་པ་ཞིག་ཡིན་དགོས་པ་མ་ཟད། ལུས་ངག་དལ་ཞིང་བརྗིད་ཆགས་པ། སྙན་སྒྲོན་ཞུ་བྱའི་ཆ་འཕྲིན་དག་སྒྲ་དག་པོ་དང་། འགྱུར་ཁུག་སྙན་པོ། གཅོད་མཚམས་གསལ་པོ། ཚིག་དོན་སྔ་ཕྱི་འབྲེལ་ཆགས་པོ། བརྗོད་དོན་ཁ་གསལ་བ་ཞིག་དགོས། དེ་ལྟར་བྱུང་ན་གསན་པ་པོས་བརྗོད་དོན་ལམ་སང་ངོས་འཛིན་བདེ་བ་ཞིག་ཡོང་ཐུབ་ཀྱི་ཡོད། དེ་ལྟར་ཡོང་མིན་ནི་གཙོ་བོ་རང་ཉིད་ཀྱི་བྱང་ཚད་དང་གྲ་སྒྲིག་ལ་རགས་ལས་ཡོད་པས་ཆ་འཕྲིན་གང་ཞིག་སྙན་སྒྲོན་མ་ཞུས་སྔོན་ལ་སྙན་སྒྲོན་ཞུ་རྒྱུའི་ནང་དོན་ལ་ཐེངས་གཉིས་གསུམ་ཞིག་ལྟ་ཀློག་དང་བསམ་གཞིགས་ངེས་པར་དུ་བྱེད་དགོས་པ་དང་ནོར་འཁྲུལ་ཡོང་ཉེའི་མཚམས་ལ་ངེས་རྟགས་རྒྱག་དགོས། ཡིན་ན་ཡང་སྐབས་རེ་དུས་ཚོད་ཧ་ཅང་ཛ་དྲག་པའི་སྐབས་སུ་གྲ་སྒྲིག་གི་ཁོམས་པ་ཅུང་ཟད་ཙམ་ཡང་མེད་པས། དེ་འདྲའི་སྐབས་སེམས་ཁམས་ཀྱང་ཛ་དྲག་དང་བྲེལ་ཚུབ་ཀྱི་ཀློང་དུ་ཚུད་པའི་རྐྱེན་གྱིས་སྙན་སྒྲོན་ཞུ་རྒྱུའི་མགྱོགས་ཚད་མྱུར་དྲག་པ་དང་སྐད་གདངས་མཐོ་དྲག་པ། མིའི་མིང་དང་ལོ། དུས་ཚོད་སོགས་ཀྱང་ཤེས་བཞིན་དུ་ནོར་འཁྲུལ་ཤོར་བ་སོགས་ཡོང་གི་ཡོད་པས་ཡང་སྐོར་བསྐྱར་སྐོར་བྱས་ཏེ་སྒྲ་འཇུག་བྱེད་དགོས་ཐུག་གི་ཡོད་སྟབས་དུས་ཚོད་དེ་བས་མང་བ་འགོར་བ་དང་འདོད་བློ་ཁེངས་པ་ཤིག་ཡོང་ཐུབ་ཀྱི་མེད། སྐྱོན་ཆ་དེ་དག་མ་ཡོང་ཆེད་སྙན་སྒྲོན་མ་ཞུས་སྔོན་ངེས་པར་དུ་ལུས་ངག་ཡིད་གསུམ་དལ་བར་གནས་པ་དང་། སེམས་ནང་གདེངས་ཚོད་ཡོད་པ་བྱས་ཐོག་རང་གི་སེམས་ནང་གཞན་ལ་སྙིང་གཏམ་ཤོད་པ་ལྟ་བུའི་བསམ་པའི་བརྩེ་དུང་དང་བཅས་པ་ཚང་མ་བརྗོད་བྱའི་ནང་དོན་ཐོག་ལ་བབ་པ་བྱེད་དགོས། གལ་ཏེ་རང་ལ་དངངས་སྐྲག་ལངས་པའི་ཚོར་བ་བྱུང་ཚེ་རང་གིས་རང་ལ་དྲན་སྐུལ་བཏང་ཏེ་སེམས་རྣལ་དུ་ཕབ་དགོས། དེ་ཚོ་ནི་གཙོ་བོ་མི་སོ་སོའི་སེམས་ཁམས་ཀྱི་བྱང་ཚད་དང་། གཤིས་རྒྱུད། བསམ་བློ་གཏོང་ཕྱོགས། རང་གིས་རང་ལ་ཡིད་ཆེས་ཡོད་མེད་སོགས་དང་འབྲེལ་བ་ཡོད་པ་ཞིག་རེད་སྙམ། གཞན་ཡང་གསར་འགྱུར་ཀློག་པའི་སྐབས་སུ་ཆུ་མོ་རང་ཤར་བཞིན་སྙན་ཞིང་དག་ལ་འབྲེལ་ཆགས་པའི་ངང་ནས་ཀློག་དགོས། དེ་ནི་རྩོམ་བྱ་གང་འདྲ་ཞིག་བཀླག་ཀྱང་སྐད་ཡིག་གི་ཆ་ལ་འགོག་རྐྱེན་གང་ཡང་མེད་པར། ཡིག་རྗེས་མིག་གིས་ཟིན་པ་དང་། མིག་རྗེས་ལྕེ་ཡིས་ཟིན་པ། ལྕེ་རྗེས་ཉམས་ཆོས་ཀྱིས་ཟིན་པ་ཞིག་དགོས། ད་དུང་རྒྱུན་དུ་གསར་འགྱུར་སྙན་སྒྲོན་ཞུས་ཚར་རྗེས་སྣང་མེད་དུ་གཡུག་མ་བཞག་པར་རང་གིས་བཀླགས་པའི་གསར་འགྱུར་དེ་ཚར་གཉིས་ནས་གསུམ་བར་དུ་ཉན་པ་དང་དེའི་ནང་སྐྱོན་ཆ་གང་ལྷགས་ཡོད་མེད་ལ་བརྟག་ཞིབ་དང་དེ་འབྲེལ་ཚད་ལྡན་རླུང་འཕྲིན་གཞན་ལ་ཉན་ཏེ་སྙན་སྒྲོན་ཞུ་སྟངས་ཐད་ཐོས་བསམ་བྱེད་རྒྱུ་དང་ལྷག་པར་དུ་རླུང་འཕྲིན་གྱི་ཞབས་འདེགས་ཞུ་ཡུལ་གཙོ་བོ་དེ་རྒྱ་ཆེའི་གསན་མཁན་རྣམས་ཡིན་པ་ངོས་འཛིན་བྱས་པའི་ཐོག་ནས་གསན་པ་པོ་རྣམས་ལ་དགོངས་འཆར་གང་ཡོད་མེད་ལ་ངེས་པར་དུ་ཉན་དགོས་པ་དེ་ནི་རང་ཉིད་ཀྱི་སྙན་སྒྲོན་སྤུས་ཚད་ཡར་རྒྱས་གཏོང་རྒྱུུར་མེད་དུ་མི་རུང་བའི་ཧ་ཅང་གལ་པོར་མཐོང་།
ཆ། གསར་འགྱུར་ནང་ཞེ་སའི་དགོས་མཁོ།
སྤྱིར་བཏང“ཞེ་ས’’ ནི་ཕ་རོལ་པོ་ལ་བརྩི་འཇོག་དང་གུས་བཀུར་ཞུ་ལུགས་མཚོན་པར་བྱེད་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པ་དེ་ཡང་། ལོ་ན་མི་འདྲ་བ་དང་། གནས་བབ་མི་འདྲ་བ། སྤྱི་ཚོགས་ཀྱི་འབྲེལ་ལམ་མི་འདྲ་བའི་བར་ལ་གང་ལ་གང་མཚམས་པའི་སྐད་ཆའི་འགྲོ་སྟངས་ཤིག་ཡིན་པས་རླུང་འཕྲིན་སྐད་ཆའི་ནང་དུ་ཡང་གང་ལ་གང་ཐོབ་ཀྱི་ཞེ་ཚིག་འོས་འཚམ་བེད་སྤྱོད་གཏོང་ཤེས་ན་དགེ་མཚན་ཆེ། ཁ་ཅིག་གིས་གསར་འགྱུར་ནང་ཞེ་ཚིག་བེད་སྤྱོད་བྱེད་མི་འོས་པའི་ངོས་འཛིན་གནང་མཁན་དང་། ཡང་ཁ་ཅིག་གིས་ཞེ་ས་ནི་སྐུ་དྲག་གི་སྐད་ཆ་ཡིན་ལུགས་དང་བོད་སྐད་ཡིག་རྩ་མེད་བཟོ་མཁན་ཡིན་ལུགས་བརྗོད་བཞིན་པ་ནི་རང་ཉིད་རྨོངས་པའི་སྐྱོན་ཁོ་ན་གསལ་འདོན་བྱས་པ་ཞིག་ལས་མ་འདས། དེ་ཡང་རྒྱལ་བའི་གསུང་རབས་དང་བསྟན་བཅོས་རྣམས་སུ་ཞེ་སས་མ་ཁྱབ་པ་མེད་མ་ཟད། དེ་བཞིན་གནའ་བོའི་རྡོ་རིང་དང་ཡིག་རྙིང་རྣམས་སུ་ཡང་ཞེ་ས་མེད་ས་ཞིག་མེད་པ་དེ་ལས་མཚོན་ནུས། དེ་ཡང་མཁས་དབང་ཚེ་བརྟན་ཞབས་དྲུང་གིས། རང་རེའི་བོད་ཀྱི་ཡི་གེའི་ནང་ཞེ་སའི་མིང་ཚིག་མང་པོ་ཡོད་སྟབས། རང་ལ་དྲིན་ཆེ་བའི་ཕ་མ་དང་དགེ་རྒན། ཡིད་གཅུགས་པའི་མཛའ་གྲོགས། རྩོད་མེད་མཁས་པ་ཆེན་པོ་རྣམས་ལ་ཞུ་ཡིག་འབུལ་སྐབས་ཞེ་སའི་ཚིག་ཅི་ཡང་མེད་ན་དམ་པ་ལྷ་ཆོས་དང་མི་མཐུན་ཞིང་། འཇིག་རྟེན་མི་ཆོས་དང་ཡང་མི་མཐུན་པའི་སྐྱོན་ཆེན་པོ་ཡིན་པས་ཞེ་སའི་མིང་ཚིག་རྣམས་གང་ལ་སྦྱོར་རྒྱུ་ཤེས་རྒྱུ་གལ་ཆེ།ཞེས་གསུངས་པ་ལྟར་ང་ཚོས་གསར་འགྱུར་སྐད་ཆའི་ནང་ལ་ཡང་གང་ལ་གང་ཐོབ་ཀྱི་མཐོ་དམན་གོ་རིམ་མ་ནོར་བའི་ཞེ་ཚིག་འོས་མཚམས་བེད་སྤྱོད་གནང་རྒྱུ་གལ་ཆེ་བ་དེ་ཡང་དཔེ་མཚོན་ཁ་ཤས་བརྗོད་ན།
ཤིན་ཏུ་མཐོ་བར། མཐོ་བར། སྤྱིར་བཏང་ལ།
ཆིབས་བསྒྱུར། ཕེབས། ཡོང་བའམ་ཕྱིན།
སྩལ། གནང་། སྤྲད།
ལྗགས་སྨིན། ཞལ་ལག ཁ་ལག
བཀའ་ཆེམས། ཞལ་ཆེམས། ཁ་ཆེམས།
བཀའ་ཆོས། གསུང་ཆོས། ཆོས་བཤད།
བཀའ་རྩོམས། གསུང་རྩོམ། རྩོམ། ལྟ་བུ་དེ་རྣམས་མཐོ་དམན་བར་གསུམ་བེད་སྤྱོད་གཏོང་ཡུལ་མི་འདྲ་བ་ཡིན། དེ་བཞིན་དུ་ཡང་ང་ཚོའི་ནམ་རྒྱུན་འཚོ་བའི་ཁྲོད་ཡོངས་གྲགས་བེད་སྤྱོད་ཆེ་བའི་ཞེ་ཚིག “ལགས” དང“མཆོག” གཉིས་ཀྱི་འཇུག་ཡུལ་ཐད་མི་མང་མང་ཚོགས་སྨོས་ཅི་གསར་འགོད་པ་མང་པོ་ཞིག་ནང་ལ་ཡང་ཚིག་དེ་གཉིས་ཀྱི་སྦྱོར་ཡུལ་ལ་དབྱེ་བ་མ་མཁྱེན་པའམ་དབྱེ་བ་ཕྱེ་གནང་གི་མེད། སྤྱིར་བཏང “མཆོག”ཅེས་པའི་དོན་ནི་ཕུལ་དུ་བྱུང་བའམ་བླ་ན་མེད་པ། གོང་ན་མེད་པའི་དོན་ཡིན་པས་སྤྱིར་བཏང་གི་མི་ལ་གུས་ཞབས་བྱེད་སྐབས་ལགས་ཞེས་བརྗོད་པ་ལས་མཆོག་ཅེས་བརྗོད་སྲོལ་མེད་ལ་དེ་བཞིན་དུ་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་གཙོ་འཛིན་མཆོག་ཅེས་འབོད་པ་ལས་གཙོ་འཛིན་ལགས།། ཞེས་བརྗོད་ན་སྤྱིར་བཏང་གི་མི་ཞིག་ལ་གུས་བཀུར་བྱས་པ་ཙམ་ལས་མཚོན་གྱི་མེད་པས་ལགས་དང་མཆོག་གི་འཇུག་ཡུལ་ཡང་མི་འདྲ་བ་ཡིན། ལགས་ལ་ལྟོས་ནས་མཆོག་ནི་ཁྱད་དུ་འཕགས་པའི་དོན་ཡིན་སྟབས་རང་ངོས་ནས་ཞེ་ཚིག་དེ་གཉིས་བེད་སྤྱོད་གཏོང་སྟངས་དཔེ་མཚོན་ཙམ་ཞུས་ན། “མཆོག” ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་མཁན་པོ་བླ་སྤྲུལ། གཞུང་ཞབས་ལས་བྱེད་པ་རྣམ་པར་ལྟོས་ས་ལྟོས་འཇོག་གི་བེད་སྤྱོད་གཏོང་གི་ཡོད། དེ་ཡང་། གཙོ་འཛིན་མཆོག བློན་ཆེན་མཆོག མཁན་རིན་པོ་ཆེ་མཆོག ལྟ་བུ་དང་གལ་སྲིད་མཛད་སྒོའམ་འདུ་འཛོམས་ཤིག་གི་ཐོག་གཙོ་འཛིན་དང་རིམ་པ་དམའ་བའི་ལས་བྱེད་ཞིག་ལྷན་དུ་ཕེབས་ཡོད་ན་གོ་མིང་ལྟར་གཙོ་འཛིན་ལ་མཆོག་དང་གཤམ་འོག་ལས་བྱེད་དེར་ལགས་ཞེས་འབོད་པ་དང་། ཡང་གཤམ་འོག་ལས་བྱེད་དེ་དང་དེའི་གཤམ་འོག་ལས་བྱེད་མི་སྣ་ཞིག་ལྷན་དུ་ཡོད་ཚེ་གོང་དེར་མཆོག་དང་འོག་དེར་ལགས་ཞེས་ལྟོས་ས་ལྟོས་འཇོག་གི་བརྗོད་ན་འཚམས་པ་མཐོང་གི་ཡོད། དཔེ་དེ་ལྟ་བུས་མཚོན་པས་ང་ཚོས་གསར་འགྱུར་ནང་ཞེ་ཚིག་བེད་སྤྱོད་འོས་འཚམས་གཏོང་དགོས་ལ་ཞེ་ཚིག་བེད་སྤྱོད་ནོར་ཚེ་ཀུན་གྱིས་བཞད་གད་དང་འཕྱ་སྨོད་བྱེད་པའི་ཡུལ་དུ་གྱུར་རྒྱུ་ལས་མ་འདས།
ཇ། བཅར་དྲི་ཞུ་སྐབས།
“བཅར་དྲི” ཞེས་པ་ནི་གསར་འགོད་པས་བཅར་དྲི་ཞུ་ཡུལ་གྱི་དྲུང་དུ་བཅར་བའམ་ཡང་ན་ཁ་པར་ཐོག་ནས་འདྲི་བྱའི་དོན་དྲི་བར་བྱེད་པའི་གསར་འགོད་པའི་བྱ་ཐབས་ཤིག་ཡིན་ལ་བཅར་དྲི་ཞུ་རྒྱུ་ནི་ཁྱབ་རྒྱ་ཆེ་བའི་སྤྱི་ཚོགས་འབྲེལ་གཏུག་གི་བྱ་བ་ཞིག་ཡིན། སྐབས་དོན་རླུང་འཕྲིན་བཅར་དྲི་ནི་སྒྲ་ཕབ་བྱས་པའི་དྲི་བ་དྲིས་ལན་རྣམས་རླུང་འཕྲིན་ནས་གཏོང་བ་ཞིག་ཡིན་པས་རླུང་འཕྲིན་བཅར་དྲི་ནི་དེ་བས་ཡིད་གཟབ་ཆེན་པོ་བྱེད་དགོས་པར་གྱུར་ཡོད། དེ་ཡང་བཅར་དྲི་ཡག་པོ་ཡོང་མིན་ནི་གཙོ་བོ་བཅར་དྲི་མ་ཞུས་གོང་གི་གྲ་སྒྲིག་ལ་རགས་ལས་ཡོད། ༡ བཅར་དྲི་ཞུ་སྐབས་ཁེངས་དྲེགས་ཀྱི་རྣམ་པ་མེད་པར་མང་ཚོགས་དང་གྲོགས་པོ་སྒྲིག་པའི་བསམ་པ་ཡོད་དགོས་ལ་བཅར་དྲི་ཞུ་ཡུལ་དང་རང་ཉིད་གནས་བབ་འདྲ་མཉམ་ཐོག་བཞག་ཏེ་གླེང་མོལ་བྱས་ན་བཅར་དྲི་ཞུ་ཡུལ་གྱི་སེམས་ནང་དངངས་ཚབ་མི་ལངས་པས་སྐད་ཆ་ཤོད་བདེ་པོ་ཆགས་ཀྱི་ཡོད་པས་བཅར་དྲིའི་ནུས་པ་ཡང་ཡག་པོ་ཐོན་གྱི་ཡོད། ༢ ད་དུང་བབ་སྟུན་གྱི་ནུས་པ་ཆེན་པོ་ལྡན་དགོས། དཔེར་ན་ཁྱེད་ནས་མི་ཞིག་ལ་བཅར་དྲི་ཞུ་བར་སྐྱོད་སྐབས་མི་དེའི་སྐོར་གྱི་གནས་ཚུལ་མང་ཆེ་བ་སྔོན་ནས་ཁྱེད་ཀྱིས་ཤེས་རྟོགས་ཐུབ་ན་དེས་བཅར་དྲི་ཞུ་སྐབས་བཅར་དྲི་ཞུ་ཡུལ་དང་མཐུན་སྦྱོར་ཡག་པོ་བྱེད་ཐུབ་པའི་དགེ་མཚན་ཡོད། ༣ ད་དུང་ཁྱེད་ནས་ཆོས་སྲིད་ཤེས་ཡོན་འཕྲོད་བསྟེན་སོགས་མི་མང་འདུ་འཛོམས་ཀྱི་བྱ་འགུལ་སྤེལ་ས་ཞིག་ནས་མི་ཞིག་ལ་དགོངས་ཚུལ་བཅར་དྲི་ཞུ་དགོས་ན་ཐོག་མར་མི་དེར་བཅར་དྲི་ཞུ་རིན་ཡོད་མེད་དང་བཅར་དྲི་ཞུས་ན་དོན་སྙིང་ཡོད་མེད། བཅར་དྲི་ཞུ་ཡུལ་དེས་མི་མང་པོའི་བསམ་ཚུལ་མཚོན་ཐུབ་མིན་བཅས་ལ་བསམ་ཞིབ་ངེས་པར་གནང་དགོས། དེ་ལྟར་མ་ཡིན་པར་མི་གང་བྱུང་ལ་བཅར་དྲི་ཞུས་ན་གཏམ་རྙོག་གི་ལོ་མས་སྒྲིབ་པ་དང་སྐད་ཆ་ཀ་རེ་ཀོ་རེ་ཤོད་པ། སྐད་ཆ་དབ་བི་དིབ་བི་ཤོད་པ། སྐད་ཆ་གུས་ཞབས་མེད་པར་ཤོད་པ། སྐད་ཆ་ར་མ་ལུག་ཤོད་པ་སོགས་ཡོད་པས་དེས་ཁྱེད་ཀྱི་བཅར་དྲི་དེ་དོན་སྙིང་གིས་དབུལ་ཞིང་བཅར་དྲི་ལེགས་གྲུབ་ཡོང་མི་ཐུབ། ད་དུང་མི་སྤྱང་པོ་ཁ་ཤས་ཀྱིས་གོ་སྐབས་བཟུང་ཏེ་བཅར་དྲིའི་ནང་དོན་ལ་ཐད་ཀར་ལན་འདེབས་མི་བྱེད་པར་ཐོག་མར་རང་ཉིད་ཀྱི་བྱས་རྗེས་དང་རྒྱབ་ལྗོངས་ལོ་རྒྱུས་མང་པོ་ཞིག་ཨུ་ཚུགས་བྱས་ཏེ་བགྲང་ཅི་ཐུབ་བྱས་ཏེ་དུས་ཚོད་མང་པོ་འཕྲོ་བརླག་གཏོང་གི་ཡོད། སྐབས་དེ་དུས་གསར་འགོད་པས་བཅར་དྲི་ཞུ་ཡུལ་གྱིས་གང་བཤད་པ་དེར་ཉན་ནས་སྡོད་རྒྱུ་མ་གཏོགས་ཁ་ལོ་བསྒྱུར་མ་ཐུབ་པར་ལུས་ཀྱི་ཡོད། དེར་རྟེན་གསར་འགོད་པས་དང་ཐོག་ནས་ཁ་གསལ་བ་དང་གཏན་ཚིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་དྲི་བ་བཏང་ཏེ་བཅར་དྲི་ཞུ་ཡུལ་གྱི་ཁ་ལོ་བསྒྱུར་ཐབས་དང་བཅར་དྲིའི་ནང་དོན་ཐོག་བབ་ཐབས་བྱེད་དགོས་པ་ནི་བཅར་དྲི་ལེགས་གྲུབ་ཡོང་མིན་གྱི་འགག་རྩ་ཡིན།
ཉ། གནས་ཚུལ་ཡོང་ཁུངས་ཀྱི་བདེ་འཇགས་ལ་འགན་ཁུར་བ།
རྒྱལ་སྤྱིའི་ཐོག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་ཚང་མར་སྒྲིག་ལམ་ཀུན་སྤྱོད་དང་འོས་འགན་ཐོབ་ཐང་སོགས་ཀྱི་བཅའ་ཁྲིམས་ཡོད་པ་བཞིན་དེ་དག་ཚང་མའི་ནང་གསར་འགོད་པས་ཉེན་ཁ་ཆེ་བའི་གསར་འགྱུར་མཁོ་སྒྲུབ་བྱེད་སྐབས་གནས་ཚུལ་ཡོངས་ཁུངས་ཀྱི་མི་སྣའི་བདེ་འཇགས་ལ་འགན་ཁུར་བའི་སྒོ་ནས་གནས་ཚུལ་མཁོ་སྒྲུབ་བྱེད་པ་དང་སྤེལ་དགོས་པ་དེ་གསར་འགོད་པ་ཚང་མའིི་ཡོངས་ཁྱབ་ཀྱིི་འགན་འཁྲྲི་ཡིན་པ་ཡང་གཅིག་གྱུར་གྱིས་ནན་བརྗོད་བྱས་ཡོད། གལ་སྲིད་ཡོངས་གྲགས་ཅན་དང་ཛ་དྲག་གི་གནས་ཚུལ་རྣམས་ཕུད་པའི་དེ་མིན་གནས་ཚུལ་མ་སྤེལ་སྔོན་ལ་ཕ་རོལ་མི་དེའི་བདེ་འཇགས་ལ་གནོད་སྐྱེལ་གྱི་ཡོད་མེད་དང་། ཕན་དང་གནོད་ཆེ་ཆུང་། འགག་བྱ་དང་དགོས་པ་བཅས་ལ་ངེས་པར་དུ་དབྱེ་ཞིབ་ནན་པོ་གནང་ནས་གནས་ཚུལ་དེ་སྤེལ་དགོས་མིན་ལ་བསམ་གཞིགས་གནང་དགོས།
གཞན་ཡང་དེང་སང་། རྩོམ་པ་པོ་མི་ཉུང་བ་ཞིག་གིས་སྨྱུག་མིང་སྤྱད་ནས་མི་རིགས་ཀྱི་རྩ་དོན་དང་བདེ་སྡུག་གནས་སྟངས་སོགས་གླེང་བའི་རྩོམ་ཡིག་སྤེལ་མཁན་མང་པོ་ཐོན་དང་ཐོན་བཞིན་ཡོད་པ་བཞིན་གལ་སྲིད་རྩོམ་པ་པོ་དེ་སུ་ཡིན་པ་དངོས་མིང་ལ་གང་ཟེར་བ་སོགས་གསལ་པོ་ཤེས་ཀྱི་ཡོད་ན་ཡང་རྒྱུད་ལམ་ཁག་ནང་དེའི་ཐད་གླེང་སློང་དང་གསལ་ཁ་གཏོད་པ་སོགས་གནས་ཚུལ་དེ་འདྲའི་རིགས་སྤེལ་རྒྱུར་ངེས་པར་དུ་འཛེམས་ཟོན་བྱེད་ཀྱི་ཡོད་པ་རེད། ཕྱོགས་མཚུངས་གསར་འགྱུར་མཁོ་སྒྲུབ་བྱེད་ཕྱོགས་དང་འབྲེལ་བའི་གནད་དོན་གཞན་མང་པོ་ཞིག་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ནས་གནས་སྐབས་དེ་ཙམ་ལ་མཚམས་འཇོགས་ཞུ་རྒྱུ་ཡིན།།
ཏ། རླུང་འཕྲིན་གྱི་དམིགས་བསལ་ཁྱད་ཆོས་སྒྲ་སྐད་བེད་སྤྱོད་བྱ་ཕྱོགས།
གཅིག མི་རྣམས་ཀྱིས་ཆ་འཕྲིན་ཤེས་རྟོག་བྱེད་པར་སྤྱིར་བཏང་ནས་བཤད་ན་ལམ་བུ་གཉིས་ཡོད་པ་དང་། གཅིག་ནི་བརྙན་འཕྲིན་དང་ཚགས་པར་གཟིགས་ནས་གནས་ཚུལ་མཁྱེན་རྟོག་གནང་རྒྱུ་དང་། གཉིས་ནི་རླུང་འཕྲིན་གསན་ནས་མཁྱེན་རྟོག་གནང་རྒྱུ་གཉིས་སུ་ཡོད། འོན་ཀྱང་རླུང་འཕྲིན་ལ་ཚགས་པར་གྱིས་འཇོན་ནུས་བྲལ་བའི་བཟང་ཆའམ་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི་གསན་པ་པོས་རླུང་འཕྲིན་ནས་ལས་ཡུལ་དངོས་ཀྱི་སྒྲ་དང་མི་སྣའི་བཀའ་མོལ་སོགས་ཇི་མ་ཇི་བཞིན་གསན་ཐུབ་ཀྱིི་ཡོད་པ་དང་དེས་གསན་པ་པོའི་ཡིད་ལ་དམིགས་བསལ་གྱི་བག་ཆགས་ཟབ་མོ་འཇོག་ཐུབ་པ་མ་ཟད་རང་ཉིད་དངོས་སུ་ས་གནས་དེར་སླེབས་པ་ལྟ་བུའི་ཚོར་སྣང་སྟེར་ཐུབ་ཀྱི་ཡོད། དཔེར་ན། བཀའ་ཆོས་གནང་བཞིན་པའི་སྐོར་གྱི་སྒྲ་ཕབ་གསར་འགྱུར་ཞིག་ལ་མཚོན་ན་དེས་གསན་མཁན་རྣམས་ཀྱི་འདྲེན་བྱེད་དབང་པོའི་ཡུལ་དུ་བཀའ་ཆོས་གནང་མཁན་དེའི་ཞལ་དངོས་སུ་མཇལ་ཏེ་བཀའ་ཆོས་ཉན་བཞིན་པ་ལྟ་བུའི་ཚོར་སྣང་སྦྱིན་ཐུབ་པ་དང་། གཞན་ཡང་རླུང་འཕྲིན་ནས་མི་སྣའི་བཀའ་མོལ་གསན་ཐུབ་ཀྱི་ཡོད་པས། ཚགས་པར་སོགས་གཟིགས་ནས་གནས་ཚུལ་ཤེས་རྟོག་གནང་ཚུལ་དང་བསྡུར་ན་སྒྲ་དང་སྐད་ཀྱི་ཐོག་ནས་གསན་མཁན་རྣམས་པས་གསར་འགྱུར་གྱི་ནང་དོན་རྟོགས་ཐུབ་པ་མ་ཟད་ད་དུང་བཀའ་མོལ་གནང་མཁན་གྱི་སྐབས་དེའི་དགོངས་གཞི་ཡང་མཁྱེན་ཐུབ་པས་སྤྱན་གྱིས་གཟིགས་པ་དང་སྙན་ཅོག་གིས་གསན་ནས་གནས་ཚུལ་མཁྱེན་རྟོག་གནང་བ་གཉིས་ཀྱི་བར་མི་སེམས་ལ་ངེས་ཚད་མི་འདྲ་ཞིང་། ས་གནས་ས་ཐོག་ནས་དངོས་སུ་སྒྲ་ཕབ་བྱས་པའི་སྒྲ་སྐད་དེ་དག་གིས་ང་ཚོའི་རླུང་འཕྲིན་གསར་འགྱུར་ནང་ཇ་ལ་ཚྭ་བརྒྱབ་པ་དང་ཚལ་རིགས་ལ་སྨན་སྣ་བརྒྱབ་པ་ལྟ་བུའི་ནུས་པ་ཐོན་གྱི་ཡོད།
གཉིས། རླུང་འཕྲིན་ནི་སྒྲ་དང་སྐད་ཀྱི་བང་མཛོད་ཡིན་པ་དང་རླུང་འཕྲིན་ལེ་ཚན་ཞིག་གིས་གསན་མཁན་ཚོར་བག་ཆགས་ཟབ་མོ་འཇོག་ཐུབ་མིན་ནི་ས་གནས་ས་ཐོག་གི་སྒྲ་ཕབ་བེད་སྤྱོད་ཡག་པོ་བྱེད་ཐུབ་མིན་ལ་ཐུག་ཡོད། དེ་ཡང་ལས་ཡུལ་དངོས་ཀྱི་སྒྲ་སྐད་མང་པོ་གཅིག་ཏུ་བསྡུས་ཏེ་ནང་དོན་གཅིག་འབུར་དུ་ཐོན་པར་བྱེད་ཅིང་། བརྗོད་བྱའི་ནང་དོན་མི་འདྲ་བའི་རྐྱེན་གྱིས་སྒྲ་དང་སྐད་ཀྱི་ནུས་པ་ཡང་མི་འདྲ་བ་དཔེར་ན། སྒྲ་དང་སྐད་ཁ་ཤས་ཀྱིས་ཐད་ཀར་བརྗོད་བྱ་གཙོ་བོར་སྟོན་ཐུབ་པ་དང་། ཁ་ཤས་ཀྱིས་དངོས་སུ་མ་བསྟན་ཀྱང་ཤུགས་ལ་སྟོན་ཐུབ་པ། ཡང་རེ་འགས་ནང་དོན་གཙོ་བོར་མཛེས་རྒྱན་སྤྲོད་ཐུབ་པ་སོགས་སྒྲ་སྐད་དེ་དག་ལ་དམིགས་བསལ་ཁྱད་ཆོས་རེ་ལྡན་ཡོད་པ་དཔེར་ན། གདུང་སེམས་མཉམ་སྐྱེད་ཀྱི་ཆོས་ཕྱོགས་བྱེད་སྒོ་ཞིག་ལ་ཆ་བཞག་ན། སྐབས་དེའི་ཞལ་འདོན་གནང་བའི་སྒྲ་དང་། གཙོ་སྐྱོང་པའི་ངོ་སྤྲོད་གསུང་བཤད་གཉིས་བེད་སྤྱོད་འཚམས་པོ་གནང་དགོས། གང་ཡིན་ཟེར་ན། ཞལ་འདོན་གནང་བའི་སྒྲ་སྐད་ཀྱིས་སྐབས་དེའི་ཆོས་ཕྱོགས་བྱེད་སྒོ་དེའི་གཞི་རྒྱ་ཆེ་ཆུང་དང་གནས་ཚུལ་དངོས་མཚོན་ཐུབ་པ་དང་། གཙོ་སྐྱོང་བའི་ངོ་སྤྲོད་གསུང་བཤད་ཀྱིས་ལས་འགུལ་གྱི་ངོ་བོ་གསལ་པོ་ཡོང་ཐུབ་ལ་ལེ་ཚན་དེ་ཆ་ཚང་པོ་ཞིག་ཏུ་འགྱུར་ཐུབ་པ་བཅས་ཀྱི་དགེ་མཚན་ཡོད། དེ་ནི་ཕྲན་རང་ཉིད་གསར་འགོད་པའི་བྱ་བར་མ་ཞུགས་པའི་སྔོན་གྱི་ཚོར་སྣང་དང་ད་ལྟའི་ལས་ཀའི་ཉམས་མྱོང་དངོས་ཀྱི་ནང་ནས་ར་འཕྲོད་བྱུང་བ་ཞིག་ཡིན།
མདོར་ན། གོང་བརྗོད་གནད་དོན་རྣམས་ཀྱི་ནང་ལ་མི་སྒེར་གང་རུང་ཞིག་ལ་དམིགས་ནས་སྒྲོ་སྐུར་དང་སྐྱོན་བརྗོད་བྱས་པ་ཞིག་མ་ཡིན་པར་བོད་སྐད་གསར་འགྱུར་ལས་རིགས་གོང་འཕེལ་ཡོང་སླད་རང་ཉིད་ཀྱི་བསམ་ཚུལ་དང་ཉམས་མྱོང་སྲོང་པར་བརྗོད་པ་ཞིག་ཡིན་སྟབས་དེའི་ཐད་ཐུགས་སྣང་ཅན་དང་མཁས་པ། ཉམས་མྱོང་ཅན་རྣམས་ཀྱིས་དགོངས་ཚུལ་ལྷུག་གླེང་ཡོང་བ་ཞུ་རྒྱུ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com