སྐད་ཡིག་སློབ་གསོའི་དཔྱད་གཏམ་ཐུང་བྲིས་ཁག་གཉིས།

རྩོམ་པ་པོ།:གཡག་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-29 11:32:00 ཀློག་གྲངས།:

སྐད་ཡིག་སློབ་ཁྲིད་དང་འབྲེལ་བའི་བསམ་གཞིག 
            
   གཡག་ཚེ་བརྟན།

         སྤྱིར་སྐད་ཡིག་ཅེས་པའི་བསླབ་ཚན་འདིའི་ངོ་བོ་དང་འགན་ཁུར།  དོན་སྙིང་སོགས་ལ་གོ་བ་དང་ངོས་འཛིན་སྣ་ཚོགས་ཤིག་ཆགས་ཡོད་པ་རེད། དེ་ཡང་སྐད་ཡིག་ནི་མིའི་རིགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཞིག་སྟེ་མི་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས། རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པས་ན་སྐད་ཡིག་བསླབ་ཚན་འདི་ལ་ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་གྱི་དོན་སྙིང་གཅིག་ཏུ་དྲིལ་ཡོད་པའི་ཁྱད་ཆོས་མངོན་གསལ་ལྡན་པར་བཤད།  དེ་བས་ན་སྐད་ཡིག་སློབ་ཁྲིད་འདི་ཡང་ཤེས་བྱ་བརྒྱུད་སྤེལ་བྱེད་པའི་གོ་རིམ་ཙམ་མ་ཡིན་པར་སློབ་མའི་བསམ་གཞིག་དང་ནུས་པ།  མི་གཞི་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་བསྐྱེད་བསྲིང་གང་ལེགས་བྱས་ཏེ་ཡང་དག་པའི་འཚོ་བ་དང་མི་ཚེའི་རྣམ་འགྱུར་ལེགས་པོ་ཞིག་ཆགས་པར་བྱེད་པའི་གོ་རིམ་ཞིག་ཡིན་པར་འདོད་དོ།།   
         ཡིན་ཡང་སྐད་ཡིག་སློབ་ཁྲིད་གཉེར་བཞིན་པའི་དགེ་རྒན་མང་ཆེ་བས་སྐད་ཡིག་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ཡིག་ངོས་ཀྱི་ཤེས་བྱ་བརྒྱུད་སྤེལ་བྱེད་པ་གཙོ་བོར་འཛིན་པ་ལས་སློབ་མར་དེ་འབྲེལ་ཀྱི་མི་ཆོས་དང་ཀུན་སྤྱོད་སློབ་གསོ་གཏོང་བའི་ཐད་ལ་དོ་སྣང་བྱེད་ཀྱིན་མེད་པས།   སྐད་ཡིག་སློབ་ཁྲིད་དེ་ཡང་མི་ཆོས་ཀྱི་དོན་སྙིང་བོར་བའི་རྣམ་པར་ཆགས་པ་རེད།  དེ་ལས་ཀྱང་སློབ་ཆུང་སློབ་མ་ནི་ལོ་ན་དང་སེམས་ཁམས་གང་གི་ཐད་ནས་བཤད་ནའང་ད་སོ་མ་གསར་དུ་འབུས་བཞིན་པའི་སྐབས་ཡིན་པས་རང་བཞིན་གྱིས་སྤྲོ་སྣང་ཆེ་ལ་དང་མཚར་ཤེས་སྐྱེན་པ་ཞིག་ཡིན་མོད་ཀྱང་།  སློབ་གྲྭའི་ཕྱོགས་ཡིན་ནའང་འདྲ།   ཁྱིམ་བདག་ནས་ཀྱང་སློབ་ཆུང་གི་དུས་རིམ་ནི་རྨང་གཞིའི་དུས་རིམ་ཡིན་པ་དང་སློབ་རིམ་འཕར་བ་ནི་དམིགས་འབེན་ཉག་གཅིག་ཡིན་པའི་ངེས་ཤེས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མར་རྒྱུགས་འབྲས་ལེགས་པོ་ཞིག་ལོན་དགོས་པའི་རེ་བ་ནན་མོ་འཛིན་པ་ལས་སློབ་མའི་འཚར་ལོངས་དང་སེམས་ཁམས་སོགས་ལ་དོ་སྣང་དེ་འདྲ་བྱེད་ཀྱིན་མེད། ལྷག་པར་དུ་སྐད་ཡིག་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་འབྲེལ་ཡོད་ཀྱི་རྒྱུན་ཤེས་དང་སྦྱང་གཞི་ཙམ་གཙོ་གནད་དུ་བཟུང་ནས་སྐད་ཡིག་སློབ་ཁྲིད་འཚོ་བ་ལ་བར་ཐག་ཇེ་རིང་དང་ན་ཆུང་དག་གཉོམ་ལག་རྒྱས་པ་ལ་ཡང་ཁ་ཐག་གྱེས་ཏེ། དེའི་དངོས་ཡོད་དང་མི་ཆོས་སློབ་གསོའི་དོན་སྙིང་བོར་ནས་སྐད་ཡིག་རྐང་ཆག་མའི་རྣམ་པ་དེ་ཆགས་པ་རེད། དེང་གི་ཆར་སྐད་ཡིག་ཅེས་པ་ནི་ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་ལྡན་པའི་རིག་ཚན་གྱི་མ་ལག་ཅིག་ཏུ་ཁས་ཆེ་ནས་ཡོད་དེ།
གཅིག    སྐད་ཡིག་གི་ལག་ཆའི་རང་བཞིན། 
         དེ་ཡང་སྐད་ཡིག་གི་ལག་ཆའི་རང་བཞིན་ནི་མི་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཞིག་སྟེ།
ཀ བསམ་གཞིག་གི་ལག་ཆ། 
         སེམས་ཁམས་རིག་པའི་གཞུང་དུ་མིའི་རིགས་ཀྱི་སྐད་ཆ་དེ་ཕྱིའི་སྐད་ཆ་དང་ནང་གི་སྐད་ཆ་ཞེས་རྣམ་པ་གཉིས་སུ་བཀར་ཡོད་དེ།  སྐྱེས་བུའི་ངག་ནས་རང་བཞིན་གྱིས་བརྡོལ་བའི་བརྡའི་ཕྲེང་བ་དེ་ལ་ཕྱིའི་སྐད་ཆ་དང་།  བསམ་གཞིག་གི་འབྲེལ་མཐུད་བྱེད་ཀྱི་རྒྱུན་དེ་ལ་ནང་གི་སྐད་ཆ་ཞེས་འབོད་ཀྱིན་ཡོད།   མིའི་རིགས་ལ་སྐད་ཆའི་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཆགས་ན་ད་གཟོད་རིག་ལམ་ཡག་པོ་ཞིག་ཆགས་ཐུབ་པར་བཤད། དེ་བས་ན་སྐད་ཆའི་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཆགས་པར་བྱ་རྒྱུ་ནི་བསམ་གཞིག་དང་དབྱེ་ཞིབ་ཀྱི་ནུས་པ་ལེགས་པོ་བསྐྱེད་པའི་སྔོན་འགྲོ་ཡིན།
ཁ། འབྲེལ་འདྲིས་ཀྱི་ལག་ཆ། 
         མི་དང་མི་ཕན་ཚུན་འབྲེལ་འདྲིས་བྱེད་པར་སྐད་ཆ་ངེས་ཅན་ལ་བརྟེན་དགོས་པ་སྟེ། མི་ཕན་ཚུན་དབར་གྱི་བསམ་བློ་བརྗེ་རེས་ཉམས་མྱོང་བརྒྱུད་སྤེལ་བྱེད་པར་སྐད་ཆ་ལ་བརྟེན་དགོས། སྐད་ཆ་མེད་པ་ཡིན་ན་མིའི་རིགས་ཀྱི་འཚོ་གནས་དང་སྤྱི་ཚོགས་ཀྱི་དོན་སྙིང་བོར་འགྲོ་བས།  སྐད་ཆ་ནི་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཀྱང་ཡིན། 
ག  རིག་གནས་བརྒྱུད་སྤེལ་གྱི་ལག་ཆ།
         རིག་པའི་གནས་གང་ཞིག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་དུ་སྐད་ཆ་ངེས་ཅན་ཞིག་ལ་བརྟེན་དགོས་པ་རེད།   སྐད་ཆའི་ནང་དུ་མ་འདུས་པའི་རིག་གནས་ཤིག་མེད་པ་བཞིན་དུ་སྐད་ཆ་དང་བྲལ་བའི་རིག་ཚན་གྱི་མ་ལག་ཅིག་ནི་དེ་བས་ཀྱང་ཡོད་མི་སྲིད། དེ་བས་སྐད་ཡིག་ནི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ལག་ཆ་གལ་ཆེན་ཞིག་སྟེ། བསླབ་ཚན་གཞན་དང་རིག་ཚན་གཞན་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་ནོ།།
གཉིས།   སྐད་ཡིག་གི་མི་ཆོས་རང་བཞིན། 
         དེ་ཡང་མི་ཆོས་ནི་མིའི་རིན་ཐང་ལ་བརྩི་འཇོག་བྱས་ཏེ་མི་མ་གཞི་ཡིན་པར་ལྟ་བའི་རིག་གནས་བསམ་བློའི་མངོན་ཚུལ་ཞིག་ཡིན།   མི་ཆོས་ཀྱི་བསམ་བློ་འདི་སྐད་ཡིག་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ཇི་ལྟར་མངོན་ཡོད་པའི་ཚུལ་ནི་བསླབ་ཚན་ཚད་གཞི་ལས་སྐད་ཡིག་སློབ་ཁྲིད་བརྒྱུད་ནས་སློབ་མའི་སྐད་ཆའི་ནུས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ལས་གཞན་ཡ་རབས་གཞུང་དྲང་གི་མི་གཤིས་ལེགས་པོ་ཞིག་དང་མི་ཚེའི་རྣམ་འགྱུར་ལེགས་པོ་ཆགས་པར་བྱས་ཏེ།  བསམ་སྤྱོད་ལེགས་ཤིང་འཇོན་ཐང་དང་ནུས་པ་ལྡན་པ་ཞིག་ཏུ་བསྐྱེད་ཐུབ་པ་བྱ་དགོས་ཞེས་པ་ལྟར། སྐད་ཡིག་སློབ་ཁྲིད་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་བདེན་དགེ་མཛེས་གསུམ་གྱི་མི་ཆོས་བསམ་བློས་སློབ་མར་བདེ་ཐང་གི་སེམས་ཁམས་ལེགས་པོ་ཞིག་བསྐྱེད་རྒྱུ་དང་མི་གཞི་འཐུས་ཚང་དུ་གཏོང་བའི་གོ་རིམ་ཞིག་ཡིན་པར་བཤད་ཆོག་སྟེ།  སྐད་ཡིག་སློབ་སྦྱོང་བྱེད་པར་འབྲེལ་ཡོད་ཀྱི་ཤེས་བྱ་ཁོང་དུ་ཆུད་དགོས་ཤིང་།  དེའི་ཚིག་གི་ཉམས་འདོན་ཚུལ་དང་བརྗོད་བྱའི་དོན་མཚོན་ཚུལ་སོགས་སྐད་ཆའི་སྒྱུ་རྩལ་ལ་ངེས་ཤེས་ཟབ་མོ་ཞིག་འདྲོང་དགོས་པར་མ་ཟད།  གང་དེའི་བརྗོད་བྱའི་བསམ་བློ་དང་དགོངས་དོན་རང་རྒྱུད་ལ་སྦྱོར་ཐུབ་པ་བྱ་དགོས་པ་བཞིན།  སློབ་མའི་རྒྱུད་ལ་ཡ་རབས་གཞུང་དྲང་གི་ཀུན་སྤྱོད་ལེགས་པོ་ཞིག་ཆགས་པར་ཡང་ནུས་པ་མི་དམན་པ་ཞིག་ཐོན་དང་ཐོན་བཞིན་ཡོད་དེ།  དཔེར་ན།  གཞོན་ནུ་རིག་རྒོད་ཅིག་ལྟ་བུ་ལས་དགེ་འདུན་ཆོས་འཕེལ་གྱི་བསམ་ཕོད་པ་དང་བཤད་ཕོད་པ་སྒྲུབ་ཕོད་པའི་སྙིང་སྟོབས་དང་།    གཞུང་དྲང་གི་བྱིས་པ་ལྟ་བུ་ལས་ལེ་ཉིན་གྱི་རང་སྐྱོན་ངོས་ལེན་དང་དེ་བཅོས་སྒྱུར་བྱེད་ཕོད་པའི་སྙིང་སྟོབས།   སློབ་དཔོན་ཐོན་མི་ལྟ་བུ་ལས་ཐོན་མིའི་དཀའ་ངལ་ལ་མི་སྐྲག་ཅིང་དང་དུ་ལེན་ཕོད་པའི་སྙིང་སྟོབས་ལྟ་བུ་སོགས་ཀྱིས་སློབ་མར་སློབ་མའི་རྒྱུད་ལ་བག་ཆགས་འཇོག་པ་དང་སྐུལ་མ་བཏང་ནས་ཡང་དག་པའི་མི་ཚེའི་ལྟ་ཚུལ་ཞིག་དང་རིན་ཐང་ལྟ་ཚུལ་ཞིག་ཆགས་པར་བྱེད་པ་ལྟ་བུའོ།།
         སྐད་ཡིག་ནི་ལག་ཆ་རང་བཞིན་དང་མི་ཆོས་རང་བཞིན་གཅིག་འདུས་ཀྱི་ཕུང་བོ་ཞིག་ཡིན་པ་བདེན་ན། དེ་གཉིས་དབར་གྱི་འབྲེལ་བར་ངོས་འཛིན་གང་འདྲ་ཞིག་གནང་རྒྱུ་དང་ལྟ་ཚུལ་ཅི་འདྲ་ཞིག་འཛིན་རྒྱུ་ནི་ང་ཚོ་སྐད་ཡིག་སློབ་ཁྲིད་ཀྱི་ལས་ཀ་གཉེར་བཞིན་པའི་དགེ་རྒན་དག་ལ་མཚོན་ན་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ཆེས་ཐོག་མར་ཐག་གིས་གཅོད་དགོས་པའི་གནད་དོན་ཞིག་རེད། གནད་དོན་འདི་ཡང་དག་པའི་སྒོ་ནས་ཐག་གིས་གཅོད་ཐུབ་མིན་དེ། སློབ་ཁྲིད་ཀྱི་ལས་ཀར་ཕན་འབྲས་ཐོབ་མིན་ལ་རག་ལས་ཡོད་པ་རེད།  དགེ་རྒན་ཁ་ཤས་ཤིག་གིས་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ཡི་གེའི་སྦྱོར་ཀློག་ནས་སུམ་རྟགས་དག་གསུམ་དང་།    སྒྲ་ཚད་སྙན་ངག  ལོ་རྒྱུས་དང་རྩོམ་འབྲི་སོགས་འབྲེལ་ཡོད་ཀྱི་ཤེས་བྱ་བརྒྱུད་སྤེལ་བྱེད་པ་དམིགས་སུ་བཟུང་ནས་འཁྲིད་བྱའི་ཚིག་རེ་རེ་དང་ཚན་པ་རེ་རེ་སྒོག་ཤུན་བཤུ་བཤུ་བྱེད་པ་ལས་དེས་མཚོན་པའི་བསམ་བློ་དང་སྙིང་སྟོབས།  མི་གཞི་དང་ཀུན་སྤྱོད་སོགས་ཀྱི་དོན་སྙིང་ཡལ་བར་དོར་བ་དང་།  ཁ་ཤས་ཀྱིས་སྐད་ཡིག་ནི་བདེན་དགེ་མཛེས་གསུམ་གྱི་མི་ཆོས་བསམ་བློས་ཕྱུག་པའི་རིག་ཚན་ཞིག་ཡིན་པའི་ཨུ་ཚུགས་ཀྱིས་ཤེས་བྱའི་རང་བཞིན་ལ་དོ་སྣང་དེ་འདྲ་མ་གནང་བས་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་དང་ཁ་ཕྱོགས་མག་མོག་ཏུ་གྱུར་དང་འགྱུར་བཞིན་ཡོད་དོ།།  
         སྤྱིར་བསླབ་ཚན་རང་ངོས་ནས་བཤད་ན་སྐད་ཡིག་གི་ལག་ཆའི་རང་བཞིན་ནི་ཐབས་དང་མི་ཆོས་རང་བཞིན་ནི་ཤེས་རབ་ཡིན་པར་བཤད་ཆོག་པ་འདྲ་ལ། ལག་ཆའི་རང་བཞིན་ནི་ཁྱད་གཞི་ཡིན་ལ་མི་ཆོས་རང་བཞིན་ནི་ཁྱད་ཆོས་ཡིན་ཏེ།   དེ་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་ཆུ་དང་འོ་མ་བཞིན་འདྲེས་ནས་ཡོད་པ་ལས་ངོ་བོ་ཐ་དད་དུ་འབྱེད་དཀའ།

དགེ་རྒན་ལ་མི་ཆོས་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས། 
            
གཡག་ཚེ་བརྟན།

         དྲན་པས་ཟིན་ཚོད་ནས་བཟུང་རང་ཉིད་དགེ་རྒན་ཞིག་བྱེད་རྒྱུའི་ཕུགས་བསམ་ཡིད་ལ་དམ་པོར་བཅིངས་མྱོང་།  དེ་བས་དགེ་རྒན་གྱི་ལས་རིགས་འདི་ལ་སྤྲོ་བ་དང་བརྩེ་དུང་བླ་མེད་ཅིག་འདུག་ཅེས་བཤད་ཀྱང་མི་ཆོག་པ་མེད་སྙམ།   རང་ཉིད་དགེ་རྒན་ཚད་ལྡན་ཞིག་ཡིན་པའི་ཁ་ཚོན་གཅོད་དཀའ་མོད་ཀྱང་།  དུས་དང་རྣམ་པ་ཀུན་ཏུ་སློབ་མས་དགའ་བསུ་དང་ཁས་ལེན་ཐོབ་པའི་དགེ་རྒན་རྣལ་མ་ཞིག་བྱེད་པའི་ཚུལ་ལ་སེམས་རྣལ་མོས་བསམ་བློ་མང་དུ་བཏང་མྱོང་།  ལྷག་པར་དུ་སྐད་ཡིག་སློབ་ཁྲིད་གཉེར་བཞིན་པའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་གཞན་ལས་ལྷག་པའི་འགན་འཁྲི་ཞིག་ཡོད་པའི་ཀུན་སློང་གིས་ཀུན་ནས་གཡོས་ཏེ་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་བསམ་གཞིག་གི་འཇུག་སྒོ་དེ་ནམ་ཡང་གཏན་མ་མྱོང་།   དེ་ཡང་སྐད་ཡིག་བསླབ་ཚན་འདི་ལ་ལག་ཆའི་རང་བཞིན་དང་མི་ཆོས་རང་བཞིན་གྱི་དོན་སྙིང་གཅིག་ཏུ་དྲིལ་ཡོད་པའི་ཁྱད་ཆོས་མངོན་གསལ་ལྡན་པས།  དགེ་རྒན་ལའང་མི་ཆོས་ཀྱི་བྱང་ཚད་ངེས་ཅན་ཞིག་ལྡན་དགོས་སྙམ།
         མི་ཆོས་ཀྱི་བྱང་ཚད་ཅེས་པ་ནི་འགྲོ་བ་མིའི་རྒྱུད་ལ་རང་བཞིན་གྱིས་ལྡན་པའི་མི་ཆོས་ཀྱི་ཤེས་བྱ་དང་དེས་བསྐྱེད་པའི་སྙིང་སྟོབས་དང་སྣང་བ་ལ་བྱ་སྟེ།  མི་སྒེར་གྱི་བསམ་བློ་དང་ཀུན་སྤྱོད།  སེམས་ཁམས།  བསམ་གཞིག་དང་བརྩེ་དུང་།  རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་སོགས་ཀྱིས་མཚོན་པའི་སྤུས་ཚད་ལ་བྱ་ཞིང་།  སྐད་ཡིག་དགེ་རྒན་ལ་ལྡན་དགོས་བའི་མི་ཆོས་ཀྱི་བྱང་ཚད་ཅེས་པ་ནི་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ཤེས་བྱ་ཙམ་མ་ཟད་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལ་ཕྱར་བ་གྲུ་འདེགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ངེས་པའི་ཕྱོགས་བསྡུས་ཀྱི་བྱང་ཚད་དེ་ལ་གོ་དགོས་པར་འདུག 
གཅིག    རིག་གནས་སློབ་སྦྱོང་བརྒྱུད་ནས་མི་ཆོས་ཀྱི་ཤེས་བྱ་གསོག་འཇོག་བྱེད་པ།  
         དེང་གི་དགེ་རྒན་མང་པོ་ཞིག་ལ་དཔེ་ཀློག་དང་སློབ་སྦྱོང་གི་འདུ་ཤེས་མི་འདུག  ལྷག་པར་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་ཤོས་ཤིག་གིས་དཔེ་ཀློག་དང་སློབ་སྦྱོང་གི་དགོས་མེད་པའི་བསམ་པ་འཆིང་ཀིན་ཡོད།  སྤྱིར་སློབ་སྦྱོང་ནི་རང་ཉིད་འཐུས་ཇེ་ཚང་དུ་གཏོང་བའི་གོ་རིམ་ཞིག་ཡིན་པས་ན་དེ་ལ་དོན་སྙིང་ཆེན་པོ་ཡོད་དེ། ཇི་སྐད་དུ་རིག་པའི་དཔའ་བོ་ས་སཎ་མཆོག་ནས།  རིག་པ་ནངས་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཡང་།། སྐྱེ་བ་ཕྱི་མར་བཅོལ་བ་ཡིས།། ནོར་ལ་རང་ཉིད་ལེན་པ་འདྲ་ཅེས་པ་ལྟར། དཔེ་ཀློག་དང་སློབ་སྦྱོང་བྱེད་པ་ནི་དུས་རབས་ཀྱི་དགོས་མཁོ་ཉག་གཅིག་ཡིན་ལ་དགེ་རྒན་རྣམ་པའི་གཞོལ་མེད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན་ཏེ།  དེ་ལས་ང་ཚོས་འདས་ཟིན་པའི་དུས་རབས་ཤིག་གི་སེམས་སྒྲ་ཚོར་ཐུབ་ལ། མི་རབས་ཤིག་གི་འཕེལ་རྒྱས་ཀྱི་གོམ་སྒྲའང་ཚོར་ཐུབ།  དེ་ལས་ཀྱང་རང་གི་མི་ཆོས་ཀྱི་བྱང་ཚད་མཐོ་རུ་བཏེགས་ནས་སློབ་ཁྲིད་ཀྱི་ལས་ཀར་ཕན་འབྲས་གང་བཟང་བསྐྲུན་ཐུབ་ལ། སློབ་མ་རྣམས་སྤྲོ་སྣང་གིས་འཚར་ལོངས་འབྱུང་བ་ལ་ལམ་སྟོན་གང་ལེགས་མཛད་ནས་མཚར་སྡུག་འོད་སྟོང་འབར་བའི་ཤེས་རིག་གི་ལམ་ཆེན་གང་དེར་སྐྱེལ་མ་བྱེད་ཐུབ།   གང་ལྟར་ཀྱང་མི་གཞི་སྐྱོང་བའི་དགེ་རྒན་ལ་མི་ཆོས་ཀྱི་བྱང་ཚད་ངེས་ཅན་ཞིག་ལྡན་དགོས་པར་འདུག   མི་ཆོས་ཀྱི་བྱང་ཚད་ནི་རང་བཞིན་གྱིས་ཆགས་པ་ཞིག་མིན་པར་དཔེ་ཀློག་དང་སློབ་སྦྱོང་བརྒྱུད་ནས་ཡོང་དགོས་ན་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པའི་སེམས་ཤུགས་ནི་ལྷོད་མི་རུང་ངོ་།།
         བསླབ་ཚན་ཚད་གཞི་ལས་སྐད་ཡིག་དགེ་རྒན་གྱི་ཚད་གཞི་གླེང་བའི་སྐབས་སུ་དེའི་མི་ཆོས་ཀྱི་བྱང་ཚད་ངེས་ཅན་ཞིག་ལྡན་དགོས་པའི་ཐད་ལ་རེ་བ་ནན་མོ་བཏོན་ཡོད་དེ།   སྐད་ཡིག་ནི་མི་ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས། རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པར་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་དང་བདེན་དགེ་མཛེས་གསུམ་གྱི་མི་ཆོས་རང་བཞིན་མངོན་གསལ་ལྡན་པའི་རྨང་གཞིའི་བསླབ་ཚན་ཞིག་ཡིན་པས།  སྐད་ཡིག་དགེ་རྒན་ལ་དེ་འབྲེལ་གྱི་ཤེས་བྱ་དང་བྱང་ཚད་ངེས་ཅན་ཞིག་ལྡན་དགོས།   དེ་ནི་སྐད་ཡིག་སློབ་ཁྲིད་ལ་ཕན་འབྲས་ལེགས་པོ་ཞིག་ཐོན་པའི་སྔོན་འགྲོའི་ཆ་རྐྱེན་དང་པོ་དེ་ཡིན་ཅེས་པ་ལྟར།  དགེ་རྒན་ནི་མིའི་རིགས་རིག་གནས་ཀྱི་ཆེས་ཕུལ་དུ་བྱུང་བའི་རྒྱུན་འཛིན་པ་དང་བརྒྱུད་སྤེལ་བྱེད་མཁན་དེ་ཡིན་པས།  དེའི་རྒྱུད་ལ་རང་བཞིན་གྱིས་ལོ་རྒྱུས་དང་རིག་གནས།  སྒྱུ་རྩལ་དང་རྩོམ་རིག  ཚན་རིག་དང་ལག་རྩལ་སོགས་ཀྱི་ཤེས་བྱ་མང་པོ་ཞིག་ཁོང་དུ་ཆུད་ཡོད་པས།  ཤེས་བྱ་དང་ནུས་པ།   ཐབས་དང་ཤེས་རབ།  མི་གཞི་དང་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཀྱང་ཀུན་གྱི་སྔོན་དུ་འགྲེང་དགོས་ལ།  སློབ་མ་རྣམས་ཀྱི་བལྟ་ས་དང་ཉན་ས་ཉག་གཅིག་ཏུའང་གྱུར་ཡོད་པས།  ང་ཚོས་མུ་མཐུད་དུ་རིག་གནས་སློབ་སྦྱོང་བྱས་ཏེ་རང་ཉིད་སྒོ་ཀུན་ནས་འཐུས་ཇེ་ཚང་དུ་གཏོང་དགོས།  
          དེ་ཡང་བསླབ་ཚན་སློབ་ཁྲིད་བྱེད་པ་ནི་སློབ་མར་མཛུབ་སྟོན་དང་སྣེ་ཁྲིད་གང་ལེགས་བགྱིས་ཏེ་སློབ་ཁྲིད་ཀྱི་དམིགས་ཡུལ་མངོན་དུ་འགྱུར་བར་བྱེད་པའི་གོ་རིམ་ཞིག་ཡིན་ལ།  དེ་དང་འབྲེལ་ནས་སློབ་མའི་མི་ཆོས་ཀྱི་བྱང་ཚད་སྐྱོང་བའི་གོ་རིམ་ཞིག་ཀྱང་ཡིན།   དེ་ལས་ཀྱང་དགེ་རྒན་རང་སྟེང་གི་མི་ཆོས་ཀྱི་བྱང་ཚད་མཐོ་རུ་འདེགས་པའི་གོ་རིམ་ཞིག་གོ །
གཉིས།    སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ནས་མི་ཆོས་ཀྱི་སྙིང་སྟོབས་བསྐྱེད་པ།
འདིར་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་དགེ་རྒན་ལ་ལྡན་དགོས་པའི་སྙིང་སྟོབས་འགའ་གླེང་བར་བྱ་བ་ལ།
ཀ  ལས་རིགས་ལ་དགའ་བའི་སྙིང་སྟོབས།
         འཇིག་རྟེན་སྟེང་གི་ལས་རིགས་གང་ཞིག་ལ་མཚོན་ནའང་ལས་གང་དེར་བརྩེ་སེམས་བླ་མེད་ཅིག་དང་དགའ་བ་རྣལ་མ་ཞིག་ཆགས་རྒྱུ་ནི་ཤིན་ཏུ་གལ་ཆེ། ལྷག་པར་དུ་དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་འདྲ་བརྙན་བཟོ་མཁན་སྟེ་གནམ་འོག་གི་ཆེས་རླབས་ཆེ་བའི་ལས་རིགས་དེ་ཡིན་པས་ན་བླ་ན་མེད་པའི་ལས་རིགས་འདི་ལ་དགའ་བའི་སྙིང་སྟོབས་ཤིག་ནི་ངེས་པར་དུ་མཁོ།  འདི་ནི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།  ཡིན་ཡང་དེང་གི་ཆར་དགེ་རྒན་མང་པོ་ཞིག་ལ་ལས་རིགས་ཀྱི་བརྩེ་སེམས་ཡང་དག་ཅིག་མི་འདུག་སྟེ།  ཁོ་ཚོས་རྣམ་ཀུན་དགེ་རྒན་ནི་ལས་རིགས་ཐ་ཆག་ཅིག་དང་སློབ་ཁྲིད་ནི་ལས་ཀ་སྡུག་ཐུག་ཅིག་ཡིན་པའི་སུན་སྣང་སྐྱེས་ཀིན་ཡོད།  དེ་ལས་ལུས་དགེ་རྒན་ཡིན་ལ་སེམས་དགེ་རྒན་མིན་པ།  ལུས་དགེ་རྒན་ཡིན་ལ་སྲོག་དགེ་རྒན་མིན་པའི་ཕུང་གསུམ་པའི་དཔུང་སྡེ་ཞིག་འཕེལ་བཞིན་ཡོད།   དེ་ནི་ཡིད་སྐྱོ་བའི་སྣང་ཚུལ་ཞིག་རེད་ལ་ཕམ་ཉེས་ཆེན་པོ་ཞིག་ཀྱང་རེད། 
ཁ། སྣ་ས་ལ་གཏོད་པའི་སྙིང་སྟོབས།
         དེ་ཡང་བསླབ་ཚན་ཚད་གཞི་ལས་དགེ་རྒན་ནི་མ་འོངས་བའི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་བདག་ཉིད་ཆེན་པོ་དེ་ཡིན་པས་དུས་བསྟུན་མདུན་སྐྱོད་ཀྱི་འཕེལ་རྒྱས་བསམ་པ་དེ་དགོས་ལ།   དེ་ལས་ཀྱང་ལས་རིགས་ཆེད་ལས་ཅན་དང་འཇོན་ཐང་ཅན་དུ་བསྒྱུར་བའི་བརྩོན་སེམས་ཆེན་པོ་ལྡན་དགོས།  འདི་ནི་དུས་རབས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ཅེས་པ་ལྟར།  ང་ཚོས་རང་གི་ལས་ཀ་དེ་རང་གི་འཇོན་ཐང་དང་ནུས་པ་རུ་བསྒྱུར་བའི་བསམ་པ་དང་བརྩོན་སེམས་དེ་ནམ་ཡང་ལྷོད་མི་རུང་ངོ་།། 
ག འགན་ཁུར་བའི་སྙིང་སྟོབས། 
         རང་གི་ལས་ཀ་ལ་འགན་ཁུར་པའི་བསམ་པ་སྟེ།    དེ་ཡང་མཐར་གཏུགས་ནས་བཤད་ན་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་གང་བྱས་ཐམས་ཅད་སློབ་མའི་ཆེད་དུ་ཡིན་པའི་ཀུན་སློང་ལ་བྱ།   དགེ་རྒན་ནི་སློབ་ཁྲིད་ཀྱི་ལག་ལེན་པ་དང་རྟོག་དཔྱོད་པ་ཡིན་ཏེ།   སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་སློབ་མའི་ཤེས་བྱ་དང་བསམ་བློ། བསམ་གཞིག་དང་ལག་ལེན། མི་གཞི་དང་ཀུན་སྤྱོད། སྙིང་སྟོབས་དང་ནུས་པ་སོགས་ཕྱོགས་ཡོངས་ནས་སྔོག་འདོན་དང་གསོ་སྐྱོང་གང་ལེགས་བྱེད་པའི་ཐད་ལ་དོ་སྣང་བྱས་ཏེ་སློབ་མའི་འཕེལ་རྒྱས་ལ་འགན་ཁུར་བའི་ལྷག་བསམ་ཅིག་ལྡན་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
ག མིག་དཔེ་སྟོན་པའི་སྙིང་སྟོབས། 
         དགེ་རྒན་ནི་སྤྱོད་ཡོན་གཉིས་ལྡན་གྱི་བསྡུས་གཟུགས་ཤིག་ཡིན་ལ།  སློབ་མའི་མིག་དཔེ་གསོན་པོ་དེའང་ཡིན།  སློབ་ཁྲིད་ཀྱི་ལག་ལེན་ཁྲོད་ཤེས་བྱའི་ཐད་ནས་སློབ་མར་མཛུབ་སྟོན་དང་སྣེ་ཁྲིད།  བློ་འབྱེད་ཀྱི་ནུས་པ་ཐོན་དགོས་པར་མ་ཟད།  འགྲོ་འདུག་སྤྱོད་གསུམ་གྱི་ཐད་ནས་ཀྱང་རྣམ་ཀུན་རང་འགུལ་དང་རང་རྟོག  རང་བརྩི་དང་རང་གཅུན་གྱིས་སློབ་མར་མིག་དཔེ་གསོན་པོ་སྟོན་དགོས།
ང་། བརྩེ་བས་སྐྱོང་བའི་སྙིང་སྟོབས། 
         ངའི་དགེ་རྒན་གྱི་རྨི་ལམ་ཅེས་པར་དགེ་རྒན་ནི་བྱམས་དང་བརྩེ་བས་ཁེངས་པའི་མ་མ་ལྟ་བུ་ཡིན་ཅེས་པ་ལྟར་དགེ་རྒན་ནི་བརྩེ་བའི་བདག་ཉིད་ཅན་ཞིག་ཡིན་ཏེ།  སློབ་མ་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ལྷག་བསམ་ཅན་ཞིག་སྟེ།   རང་གི་སློབ་མ་ཤ་ལས་མཆེད་པའི་བུ་ཕྲུག་ལྟ་བུའི་བརྩེ་འདང་ཡོད་དགོས།   དེ་ཡང་བྱེ་བྲག་ཏུ་བཤད་ན།   སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་སློབ་མ་སེམས་ཁམས་དང་མོས་འདུན་གཙིགས་སུ་བཟུང་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་སློབ་སྦྱོང་གི་ལམ་སྣ་ཁྲིད་དེད་དཔོན་ནོ།།
ཅ། མཉམ་པར་ལྟ་བའི་སྙིང་སྟོབས། 
         དེ་ཡང་སློབ་གསོ་དང་རྨི་ལམ་ཅེས་པར་སློབ་མ་རེ་རེ་ནི་འོད་དུ་འཚེར་བའི་ཚེ་སྲོག་ཆུང་ཆུང་རེ་ཡིན་པས་དེ་ལ་མ་གཞི་ནས་བཟང་ངན་དང་ལེགས་ཉེས་ཀྱི་དབྱེ་བ་ཡོད་མི་འོས།   སྤྱིར་མཛུབ་མོ་ལྔ་བོར་རིང་ཐུང་ཡོད་པ་བཞིན་དུ་སྦྱངས་འབྲས་བཟང་ངན་དང་སྤྱོད་པ་ཡག་བཙོག་གི་ཁྱད་པར་ཡོད་མོད་ཀྱང་ཚང་མས་རང་རྒྱུད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་དང་མི་གཞི་འཐུས་ཇེ་ཚང་དུ་འགྲོ་བར་བརྩོན་བཞིན་ཡོད་པས། ངའི་མིག་ལམ་དུ་ཁྱོད་ཚོ་ཚང་མ་མཛེས་སྡུག་ལྡན་པའི་མེ་ཏོག་རེ་རེ་ཡིན་ཅེས་པ་ལྟར་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་ང་ཚོས་སློབ་མ་ཡོངས་ལ་འདྲ་མཉམ་གྱི་ལྟ་སྟངས་རྣལ་མ་ཞིག་འཛིན་རྒྱུ་ནི་རྩ་བའི་རྣམ་འགྱུར་འཛིན་སྟངས་ཤིག་གོ ། 
ཆ། དཀྱེལ་ཡངས་བའི་སྙིང་སྟོབས།
         དཀྱེལ་ཡངས་སྙིང་སྟོབས་ནི་གུ་ཡངས་སུ་གཏོང་བའི་རྣམ་པ་ཞིག་སྟེ།   སློབ་མའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་རུངས་པ་ལ་སྐྱོན་བརྗོད་དང་སྡིག་མོ་བཏང་ནས་ལུས་ཆད་གཅོད་པ་སོགས་མི་བྱེད་པར་དཀྱེལ་ཡངས་ཀྱི་བསམ་པར་བསྟེན་ནས་སློབ་མར་རང་སྐྱོན་ངོས་ཟིན་པའི་གོ་སྐབས་སྟེར་བ་དང་དེ་ཡོ་བསྲིང་བྱེད་པའི་སྐུལ་མ་བྱེད་རྒྱུ།   ཇི་སྐད་དུ་ཨུ་རུ་སུའི་བསམ་བློ་བ་ཀིན་ཁེ་ནས་བྱིས་པར་ཆེས་མཁོ་བ་ནི་རང་སྐྱོན་ངོས་ཟིན་པ་གནང་རྒྱུ་དང་དེ་བཅོས་སྒྱུར་བྱེད་པའི་གོ་སྐབས་སྟེར་བ་དུས་ཐོག་གི་སྐྱོན་བརྗོད་དང་ཆད་པ་མིན་ཞེས་གསུངས་བ་ལྟར་རོ།།

ཟུར་བཤད།
འདི་ཡང་རང་སེམས་ལ་གང་བྱུང་དུ་ཤར་བ་བརྗེད་ཐོ་ཞིག་ཚབ་ཏུ་ཡི་གེར་བཀོད་པ་ལས་གཞི་འཛིན་ས་དང་ཁུངས་བཅོལ་ས་སོགས་ཅི་ཡང་མེད་པར་འོལ་ཚོད་དུ་བྲིས་པ་ཙམ་ཡིན།  སྤྱིར་མི་ཆོས་རིག་གནས་འདི་རྣམ་པ་རྒྱ་ཆེ་ཞིང་ནང་དོན་གཏིང་ཟབ་པའི་ཁར་སློབ་གསོ་ནི་ཁ་ལྕེ་བདེ་ན་གང་དྲན་དྲན་དུ་བཤད་ཆོག་པ་ཞིག་མིན་པ་དང་། རང་ཉིད་ཀྱང་ལྷན་སྐྱེས་ཀྱི་ཤེས་རབ་ཕྲ་ཞིང་སྦྱང་སྟོབས་ཀྱི་ཡོན་ཏན་མེད་པས་ན་དགེ་རྒན་ལ་མི་ཆོས་ཀྱི་བྱང་ཚད་ག་འདྲ་ཞིག་ལྡན་དགོས་པའི་སྐོར་ཁ་ཚོན་བཅད་ནས་བཤད་པར་མི་སྤོབས་ཀྱང་མི་སུ་དང་སུ་ཞིག་ཡིན་རུང་རང་གི་བསམ་ཚུལ་རྣལ་མ་བརྗོད་པའི་ཐོབ་ཐང་ནི་ཀུན་ལ་ཆ་མཉམ་གྱིས་བསྩལ་ཡོད་པས།   འདིར་ཁོ་བོས་ནི་རང་ལ་ཐོབ་ཐང་དེ་ཡོད་པའི་བདེན་ཁ་ཞིག་བྱིན་པ་ཙམ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།