རྒྱ་བོད་སྐད་ཡིག་གི་བརྡ་སྤྲོད་ཁྱད་པར་དང་ལོ་ཙཱའི་གནད་དོན་འགའ་གླེང་བ།༢

རྩོམ་པ་པོ།:པདྨ་ལྷུན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-28 12:25:00 ཀློག་གྲངས།:

རྒྱ་བོད་སྐད་ཡིག་གི་བརྡ་སྤྲོད་ཁྱད་པར་དང་ལོ་ཙཱའི་གནད་དོན་འགའ་གླེང་བ།
             པདྨ་ལྷུན་གྲུབ།

བཞི།  བྱ་ཚིག་བརྗོད་སྟངས་ཀྱི་ཁྱད་པར།
  མིང་གི་འདོགས་ཚུལ་དང་ཚིག་གི་སྦྱོར་ལུགས་ཐད།  མཁས་པ་ཁ་ཤས་ཤིག་གིས་སློབ་སྦྱོང་བྱེད་ཅེས་སྦྱར་ན་སློབ་དང་སྦྱོང་དང་བྱེད་གསུམ་ཀ་སོ་སོར་བྱ་ཚིག་ཡིན་པས།  བོད་སྐད་ལ་བདག་གཞན་དུས་གསུམ་གྱི་དབྱེ་བ་ཡོད་བཞིན་དུ།  དེ་དང་འཛུགས་སྐྲུན་བྱེད།  དར་རྒྱས་གཏོང་སོགས་འབྲི་བ་ནི་རྒྱ་ཡིག་གི"学习、建设、发展"སོགས་ཀྱི་མིང་གི་ཟུར་ཡོད་དོ་ཅོག་མཚོན་པའི་ཀུན་སློང་ཡོད་པ་དང་། བོད་རང་གི་སྐད་ལ་མངའ་བའི་བྱ་ཚིག་གི་གཟུགས་འགྱུར་དང་དུས་ཀྱི་རྣམ་གཞག་གཏོར་སོང་ཞེས་བརྗོད་པ་རེད། དཔེ་འདི་ལྟ་བུ་ཕྱོགས་གཉིས་ནས་དཔྱད་པ་་གཏོང་བར་འོས་ཏེ།  སྐབས་འགར་རུང་བ་དང་སྐབས་འགར་མི་རུང་ངོ་།།
  དེ་ཡང་ཐོག་མར་བརྡ་སྤྲོད་པའི་གཞུང་ལས་བོད་སྐད་ལ་བདག་གཞན་དང་དུས་གསུམ་སྐུལ་ཚིག་བཅས་པའི་འགྱུར་བ་ཡོད་པ་དང་།  རྒྱ་ནག་གི་སྐད་ལ་བྱ་ཚིག་གི་གཟུགས་འགྱུར་བ་འདྲ་མེད་པར་བྱེ་བྲག་ཏུ་དུས་སྟོན་པའི་ཚིག་གྲོགས་གཞན་ཞིག་ལ་བརྟེན་དགོས་པ་དཔེར་ན།  བྱ་བ་གང་ཞིག་ལས་ཀའི་གནས་སུ་གྱུར་བ་ལ།  བོད་སྐད་དུ་བྱེད་པ་པོའམ་བདག་ལ་སྒྲུབ།  གཞན་ནམ་བསྒྲུབ་བྱ་ལ་བསྒྲུབ།  འདས་པ་ལ་བསྒྲུབས།  ད་ལྟ་བ་ལ་སྒྲུབ།  མ་འོངས་པ་ལ་བསྒྲུབ།  སྐུལ་ཚིག་ལ་སྒྲུབས་ཞེས་འབྲི་བ་བརྡ་སྤྲོད་པའི་གཞུང་དུ་གསལ་ལ། རྒྱ་ནག་སྐད་དུ"我来办、你去办、已经办完、正在办、将要办、请予办"ཞེས་བརྗོདཔ་ལྟར"办"གཅིག་པུ་ལ་ཡི་གེའི་གཟུགས་གཅིག་ལས་གཟུགས་ཀྱི་འགྱུར་བ་མེད་པས་ཚིག་གྲོགས་རེ་སྦྱོར་རྒྱུ་ལས་ཐབས་མེད།  ལོ་ཙཱ་བ་ཁ་ཤས་ཀྱིས་བོད་སྐད་ཀྱི་བདག་གཞན་དུས་གསུམ་སོགས་ལ་དོ་སྣང་མ་བྱས་པའི་དབང་གིས་བྱ་ཚིག་གི་གཟུགས་འགྱུར་དེ་དག་ཀྱང་སྣང་མེད་དུ་བཏང་ཡོད་པ་མཐོང་སྟེ། གོང་གི་སློབ་སྦྱོང་བྱེད་ལྟ་བུ་མང་ཡང་། སྦྱང་།  སྦྱངས།  སྦྱོང་སོགས་གཟུགས་མི་འདྲ་བ་བཀོལ་བ་ཇེ་ཉུང་ཡིན་པ་རེད།  དཔེར་ན"寻找自己的家园"ལ་“རང་ཁྱིམ་འཚོལ་བ”ཞེས་མི་ཟེར་བར“རང་ཉིད་ཀྱི་ཁྱིམ་ར་བཙལ་འཚོལ་བ་གྱིས”ཞེས།  བཙལ་མ་འོངས་པ།  འཚོལ་ད་ལྟ་བ།  བགྱིས་འདས་པ་སྟེ་ངོ་བོ་གཅིག་པ་ཡིན་ཡང་ལྡོག་པ་མི་གཅིག་པའི་བྱ་བའི་མིང་གཉིས་ལ།  བྱ་ཚིག་གཞན་ཞིག་སྦྱར་ནས་ཡང་བསྐྱར་བྱ་ཚིག་ཡ་མ་ཟུང་ཞིག་ཏུ་གྲུབ་པ་རེད(དཔའ་རིས་སངས་རྒྱས1995)།
  གཞན"召开会议"ཚོགས་འདུ་བསྡུས།  གྲོས་ཚོགས་འཚོགས་སོགས་དགོས་དབང་གིས་མི་སྒྱུར་བར། “གྲོས་ཚོགས་སྐོང་ཚོགས་མཛད”ཟེར་བ་ལྟ་བུ་བདག་དང་འབྲེལ་བའི་བྱ་བ་དང་བྱ་ཚིག་གཞན་གང་རུང་ཞིག་མཉམ་དུ་བསྡེབས་པ་སོགས་འདུག གནས་སྐབས་འདི་དག་ཏུ་བདག་གཞན་དུས་གསུམ་སྐུལ་ཚིག་དང་བཅས་པའི་འགྱུར་བ་ལ་བྱང་ཆུབ་མིན་ནི་བོད་སྐད་ཀྱི་བྱང་ཚད་ལ་བལྟས་ཆོག་ཆོག་རེད། བྱ་ཚིག་གསུམ་མཉམ་གཅིག་དུ་བསྡེབས་ན་བོད་རང་གི་སྐད་ལ་བརྗོད་མི་བདེ་བཞིན་དུ།  སྐབས་རེར་དེ་ལྟར་རུང་ཞེས་བརྗོད་དོན་ཅི་ཞེས་ན།  བོད་སྐད་ནི་གནས་སྐབས་ཀྱི་མཚོན་དོན་གལ་ཆེར་འཛིན་པ་ཞིག་སྟེ་མིང་གི་འདོགས་ཚུལ་ལའང་གནས་སྐབས་མི་འདྲ་བར་བསྟུན་ནས་བྱེད་ཚིག་གི་སྒོ་ནས་བཏགས་པ།  བྱ་ཚིག་གི་སྒོ་ནས་བཏགས་པ།  བྱ་བ་བྱས་ཟིན་པའི་འདས་ཚིག་གི་སྒོ་ནས་བཏགས་པ་སོགས་ཡོད།  འདིར་བྱ་ཚིག་གཉིས་འདུས་མིང་དུ་གྱུར་པའི་དཔེར།  དར།  རྒྱས།  དར་རྒྱས།  སློབ།  སྦྱོང་།  སློབ་སྦྱོང་།  འཛུགས།  སྐྲུན།  འཛུགས་སྐྲུན།  མཆོད།  བཤམས།  མཆོད་བཤམས།  འགྲན།  བསྡུར།  འགྲན་བསྡུར།  གཅེས།  སྐྱོང་།  གཅེས་སྐྱོང་།  རྩོད།  གླེང་།  རྩོད་གླེང་སོགས་ལྟ་བུ་སྟེ།  བྱ་ཚིག་ཉིས་འདུས་མིང་དུ་གྱུར་བ་དག་ལ་བྱ་ཚིག་སྦྱར་ཏེ།  སློབ་སྦྱོང་བྱེད།  འཛུགས་སྐྲུན་བྱེད།  དར་རྒྱས་གཏོང་ལྟ་བུའོ་ཞེས་རྗེ་དམུ་དགེ་བསམ་གཏན་གྱིས་གསུངས།  དེ་ལས་སློབ་སྦྱོང་ནི་མིང་དང་།  བྱེད་ནི་བྱ་ཚིག་ཡིན་ནོ།།  བྱ་ཚིག་གི་བདག་གཞན་དུས་གསུམ་སྐུལ་ཚིག་བཅས་པའི་གཟུགས་ཀྱི་འགྱུར་བ་དང་བྱ་ཚིག་འདུས་པ་ལས་མིང་དུ་གྲུབ་པ་སོགས་བརྡ་སྤྲོད་པའི་ཆ་ལ་མ་རྨོངས་ན་རྒྱ་སྐད་ཀྱི་བྱ་ཚིག་བོད་ལ་གང་བདེར་འགྱུར་སླའོ།།
  གནས་ཚུལ་འདི་རིགས་ལ་དམིགས་ནས་ལོ་ཙྰ་བ་ཁ་ཤས་ཀྱིས་ལོ་ཙཱའི་སྐབས་སུ་ཚེག་བར་གཅིག་ཅན་གྱི་བྱ་ཚིག་གང་བརྗོད་བདེའི་དབང་གིས་ཚེག་བར་གཉིས་སམ་དེའི་ཡན་དུ་བསྒྱུར་བ་ནི་སྐད་ཆ་འཕེལ་འགྱུར་གྱི་སྣང་ཚུལ་སྤྱི་དང་ཡང་མཐུན་པས།  "寻找自己的家园"ལ་རང་ཁྱིམ་འཚོལ་ཞེས་ན་མི་བདེ་བས་རང་ཁྱིམ་བཙལ་བར་བགྱིས་ཞེས་ནའང་མི་འགྲིག་པ་མ་ཡིན་ནོ། །  སློབ་སྦྱོང་བྱེད་ཞེས་པ་དང་ཆ་འདྲ་བ་ཡིན་པར་འདོད།  རྒྱུ་མཚན་ནི་དེང་རབས་རྒྱ་ནག་སྐད་ཁྲོད་སྒྲ་ཚན་རྐྱང་བའི་མིང་དེ་སྒྲ་ཚན་བསྐྱར་མའི་མིང་ལ་འཕེལ་བ་མང་།  བརྡ་སྤྲོད་སྨྲ་བ་ཁ་ཅིག་གིས་དེང་རབས་རྒྱ་ནག་སྐད་ཀྱི་མིང་འབུམ་གཅིག་ལ་ཉེ་བའི་ཁྲོད་སྒྲ་ཚན་རྐྱང་བ་ཉིས་སྟོང་ཙམ་ལས་མ་རྙེད་པའི་ཕྱིར།  སྒྲ་ཚན་རྐྱང་བའི་ཡི་གེ་རང་རྐྱང་དུ་གནས་དཀའ་ལ་ནམ་རྒྱུན་མིང་གཞན་དང་བསྡེབ་ནས་ཚིག་ཏུ་གྲུབ་ཟེར་ན།  ཁྱབ་པ་མ་བྱུང་སྟེ།  དེ་ནི་དེང་རབས་རྒྱ་སྐད་བརྡ་སྤྲོད་མ་ལག་རང་སྟེང་གི་ཆོས་ཉིད་དང་མཐུན་པ་ལས། དབྱིན་ཡིག་གམ་འཇར་མན་ཡི་གེའམ་ཨུ་རུ་སུའི་ཡི་གེ་སོགས་ལ་དེ་ལྟར་མིན་པས།  བོད་ཡིག་གི་ཚེག་བར་གྱི་འགྱུར་བའང་བོད་རང་གི་སྲོལ་གཙོ་བོར་ངེས་པ་ལས་རྒྱ་ནག་གི་སྐད་ཡིག་ལ་བསྟུན་ཤ་སྟག་ཡོང་དགོས་པ་གཏན་ནས་མ་ཡིན་ནོ།།“རྒྱ་ནག་སྐད་ནས་ཐད་ཀར་འགྱུར་བའི་ཐ་སྙད་ཡིན་ཡང་བོད་སྐད་ཀྱི་ཆོས་ཉིད་ལ་མཐུན་པའི་མིང་ཞིག་ངེས་པར་དུ་ཡིན་དགོས།”(གཉའ་བློ་གྲོས་རྒྱལ་མཚན 40)
ལྔ།  རྣམ་དབྱེ་ ཡོད་མེད་ཀྱི་ཁྱད་པར།
  སྤྱིར་རྒྱ་ནག་སྐད་ནི་ཚིག་གི་གོ་རིམ་གཙོ་བའི་སྐད་རིགས་ཤིག་སྟེ།  "(我们要)向郭尖措同志学习"ཞེས་གཙོ་ཚིག་དང་རྗོད་ཚིག་གིས་དོན་སྟོན་པ་ལ་ཚིག་གི་སྦྱོར་རིམ་གལ་ཆེ་སྟེ།  "(我们要)学习郭尖措同志"ཞེས་བརྗོད་ནའང་ནང་དོན་གཅིག་འདྲ་སྟོན་མོད།  སྔ་མས"尖措同志"ཞེས་པ་གོང་དུ་བཞག་ནས་སློབ་པའི་ཡུལ་གཙོ་བོར་སྟོན་པ་དང་།  རྗེས་མས"尖措同志"ལས་ཚིག་ཏུ་བྱས་ནས་སློབ་སྦྱོང་བྱེད་རྒྱུ་གཙོ་བོར་བསྟན།  འགྱུར་བ་དེའི་དབང་གིས"向"ཞེས་པའི་ཡི་གེ་དེ་ཡོད་མེད་གཉིས་སུ་སྣང་པ་ལས།  ཕྲད་གཞན་མེད་པ་ཤེས་ཐུབ།  བོད་གངས་ཅན་པ་ལ་ནི་དེ་ལྟ་མིན་པར།  ངག་གི་བརྗོད་པར་ཚིག་གི་གོ་རིམ་གཙོ་བོ་མ་ཡིན་པར་ཕྲད་དང་རྣམ་དབྱེའི་སྦྱོར་བ་ལ་བརྟེན་དགོས།  ང་ཚོས་བློ་མཐུན་རྒྱ་མཚོ་ལ་སློབ་སྦྱོང་བྱེད་དང་།  ཡང་ན་བློ་མཐུན་རྒྱ་མཚོ་ལ་ཚང་མས་སློབ་སྦྱོང་བྱེད་ཅེས་ཟེར་ན།  ལ་དོན་གྱི་སྒྲ་དང་བྱེད་སྒྲ་གཉིས་མེད་ན་དོན་སྟོན་མི་ཐུབ།  ཐོན་མི་རྒྱ་གར་དུ་མངགས།  ཐོན་མིས་རྒྱ་གར་ནས་སྦྱངས་པ་མཛད་ཚུལ།  ཐོན་མིའི་སློབ་དཔོན་གྱི་མཚན་ལ་དཔྱད་པ་ཞེས་པ་ལྟ་བུ་བྱེད་འབྲེལ་ཡོད་མེད་དང་།  ནས་དང་ལ།  དུ་སོགས་རྣམ་དབྱེའི་རྟགས(格标记)ཡོད་མེད་ཀྱིས་ཚིག་དོན་ཡང་དག་ཏུ་སྟོན་ལ།  རྒྱ་ནག་སྐད་དུ"托弥派去印度、托弥在印度学习、托弥导师考" ཞེས་པ་ལྟ་བུའི་དོན་ནི་ཕྲད་དང་རྣམ་དབྱེའི་བྱེད་ནུས་ ལས་ཐོན་པ་མིན།  བོད་སྐད་དུ་ཚིག་སྦྱོར་ཁྲོད་མིང་གང་ལ་ཕྲད་དང་རྣམ་དབྱེ་མི་འདྲ་བ་སྦྱར་ན་སྐབས་དོན་མི་འདྲ་བ་སྟོན་པ་ནི་མིང་རང་ལྡོག་གི་ནུས་པ་མིན་པར་བརྡ་སྤྲོད་ཀྱི་བྱེད་ནུས་ཡིན་ལ།  གནས་བརྒྱད་ཆེན་མོར།  “གང་བྱེད།  གང་ལ་བྱེད།  གང་གིས་བྱེད།  གང་གི་ཕྱིར་བྱེད།  གང་ལས་བྱེད།  གང་གི་བྱེད།  གང་ན་བྱེད།  གང་ཞེས་བྱ་བ་བྱེད”ཅེས་པ་ལྟར་ཕྲད་གཅིག་གི་དབང་གིས་དོན་སྟོན་པ་མི་འདྲ་བ་དཔེར་ན་རང་གི་ལྟ་བ།  རང་གིས་ལྟ་བ།  རང་དུ་ལྟ་བུ།  རང་ལ་ལྟ་བ་ལྟ་བུ་ཚང་མ་ཕྲད་དང་རྣམ་དབྱེ་དབང་གིས་མི་འདྲ།  ངས་ལྟ།  ངས་མཐོང་།  ང་ལ་ལྟ།  ང་མཐོང་སོགས་ཀྱང་ཕྲད་དང་བདག་གཞན་སོགས་ཀྱི་དབང་དུ་བྱས་ལ། རྒྱ་ནག་གི་སྐད་ནང"我看、我看见、看我、看见我"ཞེས་རིམ་པར་ཚིག་སྦྱོར་གྱི་གོ་རིམ་ལའོ། །
  དེ་ལྟར་རྒྱ་ནག་སྐད་ལ་རྣམ་དབྱེ་གསུམ་པ་དང་གཉིས་པ་སོགས་ཀྱང་གང་ཡང་སྦྱོར་རྒྱུ་མེད་པས།  གལ་ཏེ"我看"ཞེས་པ་ལ་བོད་སྐད་དུ“ང་ལྟ”ཞེས་ན་ང་ཡི་རང་བཞིན་འགྱུར་དེ་“ང་བལྟ་བར་འགྱུར”བ་དེ་ལས།  བོད་ལ་རྣམ་དབྱེ་དང་རྒྱ་ནག་ལ་ཚིག་གི་གོ་རིམ་དུ་ཡིན་པ་ཤེས།  འོན་ཀྱང་བོད་སྐད་རང་ལའང་བྱ་བའི་ཡུལ་ལ་རྣམ་དབྱེ་སྦྱོར་དགོས་མིན་གྱི་ཁྱད་པར་ཡོད་དེ།  “གཟུགས་ལ་ལྟ”ཞེས་བརྗོད་པའི་ཚེ་ཡུལ་ཅན་གྱི་ངོས་ནས་ཕར་ལྟ་བ་ལ་རྣམ་དབྱེ་གཉིས་པ“ལ”ཡིག་སྦྱོར་དགོས།  “ངས་གཟུགས་མཐོང་”ཞེས་བརྗོད་ཚེ་མཐོང་བ་ནི་ཡུལ་གྱི་ངོས་ནས་ཚུར་ཤར་བར་བྱ་བའི་ཡུལ“གཟུགས”ལ་རྣམ་དབྱེ་སྦྱོར་མི་དགོས།  གལ་ཏེ“ངས་གཟུགས་ལ་ལྟ”ཞེས་བརྗོད་ཚེ།  “ངས”ཞེས་པ་བྱེད་པ་པོ་སྟོན་པའི་སྒྲ་དང་།  “གཟུགས་”ནི་ཡུལ་དང་ལས་ཀ་གཉི་ག་ཡིན་པས།  དེ་ལ་ལས་སུ་བྱ་བ་སྦྱར།  “གཟུགས་ལ་”ཞེས་པས་ཡུལ་ལམ་ལས་སྟོན་པའི་སྒྲ་སྟེ་དེ་གཉིས་ངོ་བོ་གཅིག་པུའི་ཚུལ་དུ་སྟོན་པའི་སྒྲ།  “ལྟ”ཞེས་པ་ནི་བྱ་བ་སྟོན་པའི་སྒྲ་ཡིན་ནོ།།  “ངས་གཟུགས་མཐོང་”ནི་དེ་དང་མི་འདྲ་བར“ངས”ཞེས་བྱེད་པ་པོ་སྟོན་པའི་སྒྲ་དང་།  “གཟུགས་མཐོང”ཞེས་པ་བྱ་བ་སྟོན་པའི་སྒྲ་སྟེ་ལས་དང་བྱ་བ་ངོ་བོ་གཅིག་པའི་ཚུལ་གྱིས་སྟོན།  དེར་མ་ཟད“གཟུགས་ལ་ལྟ།  གོང་ལ་ཞུས།  ཁྱིམ་ལ་ལོག”སོགས་ལ་ནི་རྣམ་དབྱེ་སྦྱོར་ཡུལ་སྔོན་དུ་འཇོག་སྟེ་“གཟུགས།  གོང་།  ཁྱིམ”སོགས་རྣམ་དབྱེ་གཉིས་པའི་སྔོན་དུ་བཞག  བྱ་ཚིག་རྗེས་སུ་འཇོག་པ་རེད།  རྒྱ་ནག་སྐད་དུ་ཚིག་གི་གོང་འོག་བསྣོལ་ནས"报上、回家、看样子"སོགས་ཙམ་མོ།།  “ངས་ལྟ།”“ངས་གཟུགས་མཐོང”སོགས་ཀྱང་རྒྱ་སྐད་ལ་རྣམ་དབྱེ་གསུམ་པ་མེད་པར་བྱེད་པ་པོ་སྔོན་དུ་བརྗོད་པ་ཙམ"我看、我见(其)样子"དང"我吃、我喝"ལྟ་བུའོ།།
  རྣམ་དབྱེ་ལྔ་བ་འབྱུང་ཁུངས་སྦྱོར་བའང་རྒྱ་ནག་སྐད་དུ་ཁྱད་པར་ཆེ་སྟེ།  “ང་ཁྱིམ་ནས་འོང་།  རླངས་འཁོར་ལས་བབས”ལྟ་བུ་ནི།  རྒྱ་ནག་སྐད་ལ་རྣམ་དབྱེ་སྦྱོར་རྒྱུ་མེད་པས་འབྱུང་ཡུལ་དང་བྱ་བའི་སྒྲིག་གཞི་ཙམ་ལས་རྟོགས་པར་བྱ།  དཔེར་ན།  "下车、来自北京"ལྟ་བུ།  བོད་གངས་ཅན་པས་རྣམ་དབྱེ་ལྔ་བ་མེད་ན“འཁོར་ལོ་བབས”ཞེས་འཁོར་ལོ་རང་ག་བ་གནམ་ནས་སར་བབས་པ་ལྟ་བུར་འགྱུར།
  དེ་ལས་གཞན་ནི་སྒྲའི་འཇུག་ཚུལ་ལ་ཡང་ཁྱད་ཆོས་རང་ག་བ་ཡོད་དེ།  “ང་ནི་སློབ་མ་ཡིན།  ཁོང་ནི་མཁས་པ་ཞིག་རེད”ཅེས་ཟེར་བ“ནི”སྒྲ་དང་མཉམ་དུ་གསལ་བྱེད་ཀྱི་ཕྲད་ཡིན་དང་རེད་ཅེས་པ་གཉིས་ཡོད་ཀྱི། རྒྱ་ནག་སྐད་ལ"我是学生、他是一名学者" ཞེས་པ་ལྟར"是" ཡིག་གཅིག་པུ་ལས་འཇོག་རྒྱུ་མེད། རྒྱག་ནག་གི"是"ཡིག་ནི"判断动词"ཞེས་པའི་བྱ་ཚིག་ཏུ་ངེས་ལ།  ཚིག་སྦྱོར་གྱི་ཁྲོད་དུ་རྗོད་ཚིག་ཡང་དག་ཏུ་ངེས་ལ།  བོད་ཀྱི་“ཡིན་”དང་“རེད་”ཅེས་པས་ནི་རྗོད་ཚིག་གི་ཚབ་བྱས་ཆོག་ཀྱང་བྱ་ཚིག་མ་ཡིན་པར་གསལ་བྱེད་ཀྱི་ཕྲད་ཡིན་ལ།  སྤྱིར་རང་གཞན་གཉིས་ཀའི་ཆ་ནས་གཙོ་བོར་“ཡིན་”ནི་རང་དང“རེད”ནི་གཞན་ལ་འཇུག་པའི་གསལ་བྱེད་ཀྱི་ཕྲད་དེ།  “ཁྱོད་སུ་ཡིན།”  “ང་པདྨ་ཡིན།”  “ཁྱོད་ཅི་ཡིན།”  “ང་སློབ་མ་ཡིན།”  “ཁོང་སུ་རེད།”  “ཁོང་ནི་དགེ་རྒན་རེད།”  “འདི་སུ་རེད།”  “འདི་ཚན་རིག་པ་རེད”སོགས་ལྟ་བུའོ།། དེ་མིན“ནི”སྒྲ་མེད་ཀྱང་རུང་ལ། “ཡིན”དང“རེད”སོ་སོར་བཀོལ་ཚུལ་མི་འདྲ་བས་རྒྱ་སྐད་ཀྱི"我是学生、他是一名科学家"ལྟ་བུ་ལ། བོད་སྐད་དུ་“ང་སློབ་མ་ཡིན། ཁོང་ཚན་རིག་པ་རེད”ཟེར་བ་ལས། “ང་སློབ་མ་ཡིན།  ཁོང་ཚན་རིག་པ་ཡིན”ཞེས་བཤད་ན་རང་གཞན་དབྱེ་བའི་སྦྱོར་ལུགས་དང་མི་འདྲ།  ཡང་དངོས་པོ་དང་དོན་ལ་སྦྱར་ན།  བློ་ངོར་ཐག་བཅད་ཅིང་དམ་བཅས་པའི་རྣམ་པ་སྟོན་པའི་ཕྱོགས་ལ་གཙོ་ཆེར་ཡིན་དང་དེ་འདྲ་མིན་པར་གསལ་བྱེད་ཙམ་ལ་གཙོ་ཆེར་རེད་ཅེས་པ་འཇུག་ཅེས་རྗེ་དམུ་དགེ་བསམ་གཏན་གྱིས་གསུངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།