རྒྱ་བོད་སྐད་ཡིག་གི་བརྡ་སྤྲོད་ཁྱད་པར་དང་ལོ་ཙཱའི་གནད་དོན་འགའ་གླེང་བ།
རྒྱ་བོད་སྐད་ཡིག་གི་བརྡ་སྤྲོད་ཁྱད་པར་དང་ལོ་ཙཱའི་གནད་དོན་འགའ་གླེང་བ།
ཆམ་ཚང་པདྨ་ལྷུན་གྲུབ།
ལོ་ཙཱ་ནི་སྐད་རིགས་ཤིག་ལ་བརྟེན་ནས་སྐད་རིགས་གཞན་ཞིག་གི་རྩོམ་གྱི་ལུས་དང་བརྗོད་བྱ། སྙིང་དོན་སོགས་ཉེ་མཚུངས་སུ་སྟོན་པ་ལ་གོ་ཞིང་། ཚན་རིག་ལག་རྩལ་དང་བསམ་བློ་འདུ་ཤེས། ལམ་ལུགས་གསར་བ་གང་ཞིག་ཚུར་ལེན་པ་ནི་ལོ་ཙཱའི་འོས་འགན་རེད། འགྱུར་ཡིག་ཀློག་པ་པོས་མ་རྩོམ་གྱི་ནང་དོན་དག་གོ་བདེ་བར་ཤེས་ཆེད། བོད་རང་གི་སྐད་ཀྱི་ལུགས་ལྟར་བརྗོད་པ་བདེ་ཞིང་ཚིག་དོན་གསལ་བར་བསྒྱུར་བ་ཤིན་ཏུ་ཆེ་སྟེ། སྒྲ་སྦྱོར་བམ་གཉིས་ལས། “དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གང་བདེ་བར་གྱིས་ཤིག”ཅེས་པ་བཞིན་ནོ།། ལོ་ཙཱའི་རྩ་དོན་འདི་བོད་དུ་ཚུགས་ནས་ལོ་ངོ་ཆིག་སྟོང་ལྷག་འགོར་ཞིང་། རིག་གནས་ཆེ་ཆུང་ལྔ་བོ་འཛིན་སྐྱོང་སྤེལ་པའི་ཕྱི་མོར་གྱུར་ཡོད་པ་རེད། ཡིན་ན་ཡང་ ད་ལྟ་རྒྱ་བོད་ལོ་ཙཱའི་སྐབས་སུ་ རྒྱ་སྐད་ཀྱི་ངག་སྲོལ་ལ་བསྟུན་པ་ཅུང་ཚབས་ཆེན་ཡིན་པས་། སྤྱིར་འགྱུར་རྩོམ་གང་མང་ཞིག་ནི་ མ་རྩོམ་གྱི་ རྒྱ་ཡིག་གི་མིང་བརྡ་ཚིག་སྦྱོར་གྱི་ཁྱད་ཆོས་གཙིགས་སུ་ཐོན་ཡང་། བརྗོད་སྟངས་གང་མང་ཞིག་ཇི་མ་ཇི་བཞིན་དུ་མ་ཡིག་ལ་ཐོད་གཏུག་པའི་སྣང་ཚུལ་བྱུང་དང་འབྱུང་བཞིན་འདུག་ལ། བཀླག་པ་ཙམ་གྱིས་རྡོ་ཆག་སྐམ་པོ་བཙན་དུ་སྒྲིག་པའི་སྣང་བ་འཐོན་ཡོང་།
གཅིག སྐད་ཆའི་བརྡ་སྤྲོད་ཁྱད་པར་སྤྱིར་བཤད་པ།
འགྲོ་བ་མིའི་རིགས་ཀྱི་སྐད་རིགས་སོ་སོ་ནི་མིང་ཚིག་ཡི་གེ་ཚོགས་གསུམ་ལ་རང་རང་གི་ཁྱད་ཆོས་ཡན་གར་བ་རེ་ཡོད་པ་ལས་བགར་བ་སྨྲས་མ་དགོས་ལ། དེ་མཚུངས་སུ་ཡོངས་ཁྱབ་བརྡ་སྤྲོད་ཅེས་གཞི་མཐུན་པའི་ཆ་ཡང་ཡོད་སྲིད་མོད། སྐད་རིག་སོ་སོར་བརྡ་སྤྲོད་ཁྱད་ཆོས་མི་འདྲ་བའི་ཁྱད་པར་ཁས་ལེན་པ་དེ་སྐད་རིགས་ལོ་ཙྭའི་གནས་སྐབས་སུ་ཤིན་ཏུ་གལ་ཆེ་བ་རེད། སྤྱིར་བཤད་ན། “སྐད་བརྡ་ནི་སྤྱི་ཚོགས་ཚོགས་པ་ག་གེ་མོ་ལ་ཐུན་མོང་དུ་མངའ་བའི་བརྡ་སྟོན་སྲོལ་འཐུས་སྒོ་ཚང་བ་ཞིག་ཡིན་ལ། མི་རིགས་ཞེས་པའང་སྐད་བརྡ་ཡན་གར་དུ་སོ་སོར་གྱེས་པའི་སྤྱི་ཚོགས་རྒྱུ་རྐྱེན་གལ་ཆེན་ཡིན་ཕྱིར། མི་རིགས་མི་འདྲ་བའི་སྐད་བརྡར་ཁྱད་ཆོས་མི་འདྲ་བ་ཡོད་དེ། དེ་ནིཆོས་གཅིག་མཚུངས་ལ་སྤྱད་པའི་སྒྲའི་རྣམ་པ་མི་འདྲ་བ་དང་སྒྲ་དོན་ཟུང་འབྲེལ་གྱི་རྣམ་པ་མི་འདྲ་བ་ལས་མཚོན་པར་མ་ཟད། ཚིག་དོན་གྱིས་དངོས་ཡོད་འཇིག་རྟེན་མཚོན་པའི་ཕྱོགས་དང་གནད་གཞོལ་ས་མི་འདྲ་བ་ལས་ཀྱང་མངོན་ཡོད།” (P-190)ཁྱད་ཆོས་ཡན་གར་བ་འདི་འདྲར་དམིགས་ནས་སྐད་རིགས་མི་འདྲ་བའི་དབར་གྱི་མིང་ཚིག་ལ་ཞིབ་དཔྱད་བྱས་ན། ཐ་གཅིག་ཏུ་སྐད་རིས་ཕན་ཚུན་ཐད་ཀར་བརྗེ་ཆོག་པའི་མིང་རྐྱང་ཧ་ཅང་དཀོན་པ་དང་། མིང་བརྡ་ག་གེ་མོ་གང་དང་གང་ཡིན་རུང་མ་རྩོམ་གྱི་སྐད་ཡིག་ཁྲོད་བསྟན་དོན་གཅིག་ཁོ་ན་ལས་མེད་པའི་མིང་ཡང་མེད་པས། ལོ་ཙཱའི་ལག་ལེན་ཁྲོད་དུ་ཚིག་གི་གནས་སྐབས་ལ་སྦྱར་ནས་འགྱུར་ཡིག་གང་བདེར་ཡོང་བ་དེ་གལ་ཆེ་བར་སྣང་།
སྐད་རིགས་ཀྱི་རྨང་གཞི་འདི་ལས་སྐད་རིགས་མི་འདྲ་བར་དུ་མིང་གི་སྟོང་ཆ(词汇空缺)བྱུང་ལ། ལོ་ཙཱའི་ཆུ་ཚད་བཟང་ངན་ལའང་ཤུགས་རྐྱེན་ཐེབས། དཔེར་ན་བོད་སྐད་ཁྲོད་ཀྱི་བེའུ། ཤེའུ། ཡུ་མོ། ཡ་རི། ཡར་མོ། ཡར་མ། ཐོས་མ། རྔོག་བཅད། ཐོ་རི། ལུ་གུ ལག་ག ཐོང་བ། ཤ་བཟན་སོགས་སྒོ་ཕྱུགས་ཀྱི་མིང་མང་ཤོས་ནི་ཞིང་ལས་རིག་གནས་གཙོ་བོར་ཡིན་པའི་དེང་རབས་རྒྱ་སྐད་ཁྲོད་མེད་པ་དང་། དེ་བཞིན་དུ་མཚོ་སྐྱེས་སྲོག་ཆགས་མང་པོ་ཞིག་ལ་བོད་སྐད་ཀྱི་མིང་ཡང་མེད། ཐ་ན་ཆེས་རྒྱུན་སྤྱོད་ཀྱི་མིང་“རྐང་བ་”དང“脚”ཞེས་པ་གཉིས་ལྟ་བུའང་་ཚིག་གི་་གནས་སྐབས་མི་འདྲ་བའི་དབང་དུ་བསྟན་དོན་ཡང་ཆ་མཉམ་མིན་པ་ནི་ཡུལ་དུས་རིག་གནས་དང་ཐོན་སྐྱེད་འཚོ་བའི་རྨང་གཞི་མི་འདྲ་བ་ལ་རག་ལས་པ་རེད།
མིང་གི་ཚོགས་པ་ལས་གཞན། ཚིག་གི་སྦྱོར་ལུགས་ཐད་དུའང་ཁྱར་པར་མངོན་གསལ་དུ་གནས་སྟེ། བྱ་བྱེད་ལས་གསུམ་གྱི་གོ་རིམ་འབྱུང་སྟངས་ཙམ་ཡང་མི་འདྲ་བ་སྟེ། རྒྱ་ནག་གི་སྐད་ནིSVOཡི་རྣམ་པ་སྟེ་གཙོ་ཚིག+རྗོད་ཚིག+ཡུལ་ཚིག་ཅེས་ལྟར་འབྱུང་ཞིང་། བོད་གངས་ཅན་པའི་སྐད་ནིSOVཡི་རྣམ་པ་སྟེརྩ་བའི་སྦྱོར་རིམ་ནི་གཙོ་ཚིག+ཡུལ་ཚིག+རྗོད་ཚིག་ལྟར་ཡིན་པས་པས། སྦྱོར་སྟངས་འདི་ལས་ཀྱང་བོད་རྒྱ་སྐད་ཆ་རང་རང་གི་བརྡ་སྤྲོད་མ་ལག་ལ་ཁྱད་པར་ཆེ་ཙམ་གྲུབ་ཡོད་པ་ཤེས་ཐུབ། དེ་བས། རྩོད་སྒྲུབ་ཀྱི་དཔྱད་ཐབས་གཙུག་ཏུ་བཀུར་ནས་སྐད་རིགས་སོ་སོར་འཛོམས་པའི་ཡོངས་ཁྱབ་རང་བཞིན་(普遍性)དང་སྐད་རིགས་ཡན་གར་བ་གང་གི་དམིགས་བསལ་རང་བཞིན(特殊性)ནི་འགལ་ཆོས་གཉིས་ཀ་གཅིག་འདུ་ཡིན་པའི་ཆོས་ཉིད་དུ་བལྟ་བ་གལ་ཆེ་ལ། དམིགས་བསལ་རང་བཞིན་དོར་ནས་ཡོངས་ཁྱབ་རང་བཞིན་ཁོ་ན་ལ་སྙེགས་པ་ནི་ལོ་ཙཱའི་སྐྱོན་ཆ་ཆེན་པོ་ཞིག་ཏུ་ངེས།
སྤྱིར་བཏང་དུ་རྒྱ་ཡིག་གི་我写字ལྟ་བུ། ངས་ཡི་གེ་བྲིས་ཞེས་ན་སླ་རུང་། ཚིག་སྦྱོར་གྱི་གྲུབ་ཆ་ཆེན་པོ་ལྔ་སྟེ་གཙོ། རྗོད། ཡུལ། ཚུལ། གསབ་བཅས་ནི་ བོད་སྐད་ཀྱི་ཁྲོད་དུ་རྒྱ་སྐད་དང་མི་འདྲ་བར། གཙོ་ཚིག+(ཡུལ་ཚིག་བརྒྱུད་འབྲེལ间接宾语) +(ཡུལ་ཚིག་དངོས་འབྲེལ直接宾语) +(གསབ་ཚིག་འབྲས་བུ་སྟོན་པ结果补语) +(ཚུལ་ཚིག) +(རྗོད་ཚིག) +(གསབ་ཚིག་རྣམ་པ་སྟོན་པ状态补语) བཅས་སུ་ཆགས་པ་རེད། བརྗོད་བྱའི་ཚིག་གང་ཞིག་བོད་སྐད་ཀྱི་ལམ་ནས་བཤད་དུས་སྐད་ཆའི་གྲུབ་ལུགས་འདི་དང་མཐུན་པར་འབྱུང་བ་ནི་རྨང་གཞིའི་སྐད་སྲོལ་ངེས་པ་ཙམ་དུ་མཐོང་དགོས་ལ། དེ་མིན་ན་བོད་ཀྱི་བརྡ་སྤྲོད་པའི་ལུགས་དང་འགལ་ནས་ཚིག་སྐྱོན་དུ་མཐོང་བ་རེད། ཉེ་སྔོན་ཁོ་བོས་ཟི་ལིང་ས་ཆ་ནས(向优秀藏医郭尖措同志学习) ཞེས་པའི་བྱང་ཡིག་ཞིག་“བོད་ཀྱི་སྨན་པ་ཕུལ་བྱུང་ཅན་རྒྱ་མཚོ་བློ་མཐུན་ལ་སློབ་སྦྱོང་བྱེད་”ཅེས་བསྒྱུར་བ་ཞིག་མཐོང་ལ། འདི་ནི་འགྱུར་ཡིག་རང་གི་སྐད་སྲོལ་ལ་མ་བལྟས་པར། རྒྱ་ཡིག་གི་མ་གཞིའི་གྲུབ་ཚུལ་རིམ་པ་ལྟར་བསྒྲིགས་པ་ཤ་སྟག་ཏུ་སྣང་བས། ད་ནི་ཚིག་གྲུབ་འདི་དཔེར་བྱས་ཏེ་མིག་སྔར་རྒྱ་བོད་ལོ་ཙཱ་ཁྲོད་མཐོང་བའི་ཚིག་སྐྱོན་འགའ་དང་དེ་སེལ་ཐབས་སྐོར་གྱི་བརྡ་སྤྲོད་ཤེས་བྱ་ཉུང་ཙམ་གླེང་བར་བྱའོ།།
གཉིས། བདག་སྒྲ་སྦྱོར་ཚུལ་གྱི་ཁྱད་པར།
ཐོག་མར་“བོད་ཀྱི་སྨན་པ་ཕུལ་བྱུང་ཅན”ཞེས་པར་བདག་སྒྲ་“ཅན་”སྦྱར་བ་མ་དག་པ་སྟེ། ཚིག་སྐྱོན་འདི་འབྱུང་རྐྱེན་གཙོ་བོ་ནི་བོད་སྐད་ཀྱི་བདག་སྒྲ་སྦྱོར་སྟངས་ལ་མ་གོམས་པའི་སྐྱོན་དུ་ངེས་ཏེ། “གང་མིང་གི་ནི་མ་མཐའ་ན།། པི་ལིང་ག་ཡི་སྒྲ་མེད་པ།། དེ་ལ་པི་ལིང་ག་སྦྱར་ན།། བདག་པོའི་སྒྲ་ནི་ཤེས་པར་བྱ།།”ཞེས་པ་པོ་བ་བོ་མ་མོ་སྟེ་བདག་སྒྲ་དངོས་ཀྱི་དབང་དུ་བཏང་བའི་དྲུག་དང་། ཅན་ལྡན་མཁན་རྣམས་ཏེ་བདག་སྒྲ་དང་ཕྱོགས་མཚུངས་པའི་རིགས་སུ་གྱུར་བའི་ཕོ་རྟགས་ཀྱི་ཡི་གེ་སྦྱར་ན་བདག་པོ་གང་ལ་དབང་བའམ་གང་ལ་ལྡན་པའི་གཞི་ཡིན་པར་ཤེས་ཞེས་ཐོན་མིའི་ཞལ་ལུང(P-197) དུ་གསུང་བ་བཞིན་ཤེས་པ་གལ།
སྤྱིར་བདག་སྒྲ་“ཅན་”སྦྱོར་སྐབས་བདག་པོ་དང་བདག་པོ་ཅན་སོ་སོར་ཡོད་པ་དཔེར་ན། ཤིང་བཟོ་ལག་རྩལ་ཅན། རྒན་པོ་འབྱོར་བ་ཅན། གསར་བུ་རྣམ་དཔྱོད་ཅན། བླ་མ་ཡོན་ཏན་ཅན། དགེ་རྒན་སྐད་གྲགས་ཅན། དཔོན་པོ་ཐབས་ཤེས་ཅན། སྦྱིན་བདག་སེར་སྣ་ཅན་སོགས་ལྟ་བུའོ།། བདག་པོ་དང་བདག་པོའི་ངོ་བོར་གྱུར་པ་ལ་བདག་སྒྲ་“ཅན་”སྦྱར་བ་ནི་བོད་ཀྱི་བརྡ་སྤྲོད་པའི་ལུགས་དང་འགལ་ཞིང་། བོད་མང་ཚོགས་ཀྱིས་སྐད་ཆ་བཤད་སྲོལ་དང་ཡང་མི་མཐུན་པས་སྦྱོར་དུ་མི་རུང་བར་འདོད། དེ་ཡང་བོད་ཀྱི་ལུགས་ལ་མི་ཡ་རབས། དགེ་རྒན་བཟང་བོ། མི་ཡག་པོ། མི་མཁས་པ། རྒན་པོ་ཁྲེལ་མེད། སློབ་མ་སྒྱིད་ལུག བུ་མོ་ཚགས་ཡང་ཞེས་བརྗོད་པར་གོམས་ཡོད་བཞིན་དུ། འདིར་སྨན་པ་ཕུལ་བྱུང་ཞེས་ན་འགྲིག་སྟེ། དེ་ལ་ནི་ཕུལ་དུ་བྱུང་བ་ཞེས་ལ་དོན་“དུ”སྒྲ་སྦྱར་ཆོག་སྟེ་རབ་དང་ཕུལ་གྱི་ངོ་བོར་གྱུར་བའམ་ངོ་བོར་བྱུང་བའི་དོན་ཡིན་སྟབས། བོད་ཀྱི་ཡིག་ཚངས་དག་ཏུ་ཕུལ་ཏུ་བྱུང་བ། མཆོག་ཏུ་གྱུར་བ་ཞེས་འབྱུང་ངོ་། །
རྒྱ་སྐད་ཁྲོད"骑马人、学者、买主、商人、农民、知识分子"ཞེས་སོགས་བདག་སྒྲ་རྐྱང་བ་སྦྱོར་རྒྱུ་མེད་པར། "人、者、主、分子"སོགས་མིང་རྐྱང་ཞིག་སྦྱར་ནས་གང་ལ་དབང་བའི་གཞི་དང་མཉམ་དུ་བདག་པོར་གོ་བ་ཡིན་ལ། བོད་སྐད་དུ་རྟ་བ། མཁས་པ། ཉོ་མཁན། ཚོང་བ། ཞིང་བ། ཡོན་ཏན་པ་སོགས་མིང་གི་མཐའ་ལ་བདག་སྒྲ་སྦྱར་བས་ཆོག དེ་ལྟར་ན"骑马人、香港人、知识分子"སོགས་ལ་རྟ་བཞོན་པའི་མི། ཤང་ཀང་གི་མི། ཤེས་ལྡན་མི་སྣ་ཞེས་བརྗོད་པར་མི་རིགས་ཏེ། བདག་སྒྲ་ཡོད་བཞིན་གཞན་སྐད་ལ་ལད་ཟོས་བྱེད་པ་དེ་ལོ་ཙཱའི་དགེ་མཚན་ཞིག་མ་ཡིན་པར་སེམས། གལ་ཏེ་ཤང་ཀང་བ་ཞེས་ན་གོ་སླ་བོ་ཞིག་མ་རེད་ཟེར་ན། ཙོང་ཁ་བ། ལོ་ཙཱ་བ་ལྟ་བུ་ལའང་ཙོང་ཁའི་མི། ལོ་ཙཱ་བྱེད་པའི་མི་ཞེས་སྦྱོར་གདོས་པ་མ་ཡིན་ནམ། འོན་ཀྱང་དོ་སྣང་བྱ་དགོས་པ་ནི། མིང་མཐའི་པ་སོགས་ཡོད་ཚད་བདག་སྒྲ་ཡིན་པས་མ་ཁྱབ་སྟེ། མུན་པ། དཀར་པོ། ཀ་བ། ཁུར་པོ། ཆུན་མ། སོར་མོ་སོགས་སོ།། བདག་སྒྲའི་བརྡ་སྤྲོད་རྨང་གཞིའམ་སྦྱོར་སྲོལ་ཙམ་ལའང་ལ་མ་ངེས་ན། བོད་སྐད་རྒྱ་ཚུགས་ཅན་འབྱུང་བའི་སྐྱོན་ནི་སེལ་ཐུབ་པ་མ་རེད།
གསུམ། མིང་གི་ཆ་ཤས་གཙོ་ཕལ་སྦྱོར་རིམ་གྱི་ཁྱད་པར།
“རྒྱ་མཚོ་བློ་མཐུན”ཞེས་པནི་ཚིག་སྐྱོན་ཆེས་རྒྱུན་ལྡན་དུ་གྱུར་བ་ཞིག་ཏུ་སྣང་ལ། རྒྱ་སྐད་ཀྱི་སྦྱོར་སྟངས་ཐད་ཀར་བོད་ཡིག་ཏུ་འཁོད་པ་འབའ་ཞིག་སྟེ། སྤྱིར་བོད་རྒྱའི་སྐད་ཆ་ཁྲོད་སྤྱི་མིང་(通名)དང་ཆེད་མིང (专名གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་སྒེར་མིང་ཟེར།)གཉིས་འདུས་ནས་མིང་སྒྲུབ་དུས་སོ་སོའི་གོ་རིམ་མི་འདྲ་སྟེ། རྒྱ་ནག་གི་སྐད་ལ་གང་ཟག་བྱེ་བྲག་སྟོན་པའི་ཆེད་མིང་སྔོན་དང་གང་ཟག་གི་རིགས་ལ་སྤྱི་ཁྱབ་ཏུ་འཇུག་པའི་སྤྱི་མིང་རྗེས་སུ་ཡོད་པ"王老师、周总理、鲁迅先生、刘将军、李叔叔"སོགས་དང་། བོད་གངས་ཅན་པའི་སྐད་ལ་དེ་ལས་ལྡོག་སྟེ་བོད་རྒྱལ་སྲོང་བཙན་སྒམ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མཁས་དབང་དགེ་ཆོས། དགེ་བཤེས་ཤེས་རབ་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་རྒྱལ། རྒྱ་རྗེ་ཐང་ཐེ་ཙུང་། བློན་པོ་མགར། ལྷ་བཟོ་རྒྱ་མཚོ། ཨ་ཁུ་ཚེ་རིང་། སྤྲུལ་སྐུ་ཆོས་གྲགས། བུ་ཆུང་བཀྲ་ཤིས། ལྷ་མོ་ཨུ་མ་སོགས་ལྟར་སྤྱི་མིང་སྔོན་དང་ཆེད་མིང་རྗེས་སུ་བརྗོད་པའི་སྲོལ་ཆགས་ཡོད། གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས“འདི་ལ་གནད་འགག་ཅིག་ཡོད་པ་ནི། སྤྱི་མིང་དང་སྒེར་མིང་མཉམ་གཤིབ་ཀྱིས་གདགས་ཡུལ་གཅིག་ལ་མིང་འདོགས་པའི་ཚེ་སྤྱིར་བཏང་གིས་སྤྱི་དེ་སྔོན་དང་བྱེ་བྲག་དེ་གཞུག་ཏུ་འཇོག་དགོས་པ་བོད་སྐད་ཀྱི་ཆོས་ཉིད་རེད”(P-44)ཅེས་འགྲེལ་ཡོད་པ་རེད། བོད་སྐད་རྣལ་མ་ཞིག་བརྗོད་དུས་གང་ཟག་བྱེ་བྲག་པའི་མིང་སྔོན་ལ་བཀོད་པ་དང་། དགེ་བཤེས། སྐུ་ཞབས། བློ་མཐུན། བློན་པོ། ཨ་ཁུ། དགེ་རྒནསོགས་སྤྱི་སྟོན་པའི་སྒྲ་རྗེས་སུ་འགོད་པའི་ལུགས་ཡོད་པ་མ་རེད། ངག་སྲོལ་དེ་སྟབས་བདེར་བཤད་ན་འདི་ལྟར།
རྒྱ་སྐད=ཆེད་མིང+སྤྱི་མིང་། བོད་སྐད=སྤྱི+བྱེ་བྲག
སྐད་བརྡའི་གོ་རིམ་འདི་ལས་མ་གཞིར་སྐད་རིགས་གཉིས་སོ་སོས་མཚོན་པའི་རིག་གནས་དང་བསམ་བློའི་ཁྱད་པར་ཡང་མཚོན་ཡོད། ངེད་བོད་ཁ་བ་ཅན་གྱིས་“བློ་མཐུན་སུ་རེད།”“བློ་མཐུན་རྒྱ་མཚོ་རེད”ཅེས་བཤད་པ་དང་། རྒྱ་ནག་གི་སྐད་དུ"是哪位同志?""是尖措同志"ཞེས་ན་སྐད་རིགས་རང་རང་གི་ལུགས་དང་མཐུན་ལ། དེ་དེ་བཞིན་དུ་བོད་རྒྱའི་སྐད་ཆ་ལས་མིང་གི་ཆ་ཤས་གཙོ་བོ(中心词)སྔོན་རྗེས་གང་ན་གནས་པ་ལའང་མི་འདྲ་ས་ཡོད་དེ། རྒྱ་ནག་གི་"蓝蓝的天空、白色的帐篷、美丽少女"ལྟ་བུ་བོད་རང་ལ་གནམ་སྔོན་པོ། རས་གུར་དཀར་པོ། བུ་མོ་མཛེས་མ་ཞེས་དང་། དེ་དང་མཚུངས་པར་སྦྲ་ནག་པོ། རྟ་དཀར་པོ། བྱིས་པ་ཡ་རབས་ཞེས་སོགས་བརྗོད་ལུགས་ཆགས་ཡོད་བཞིན་དུ། སྔོ་བའི་ནམ་མཁའ། དཀར་མདོག་གི་རས་གུར། སྔོ་མདངས་ཀྱི་རྩྭ་ཐང་། སྒེག་ཉམས་ལྡན་པའི་ན་ཆུང་བུ་མོ(མཛེས་སྡུག་ལྡན་པའི་གཞོན་ནུ་མ)སོགས་སྐད་རིགས་གཞན་གྱི་ལུགས་ལ་ལད་ཟློས་བྱས་ཏེ་ཚིག་སྦྱོར་ར་མ་ལུག་ཞིག་སྤེལ་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་ངེས་པ་སྟེ། མིང་གི་ཆ་ཤས་གཙོ་ཕལ་ལྟར་སྔོན་རྗེས་སྡེབ་སྦྱོར་བྱུང་ལུགས་མི་འདྲ་བ་ཆགས་པ་དེ་བོད་རྒྱ་སྐད་རིགས་གཉིས་ཀར་མངོན་པར་གསལ་ཏེ། མིང་གང་ཞིག་ཁྱད་གཞི་མཚོན་པའི་ཆོས་ཅན་རྟ་དང་རྒྱ་མཚོ་དང་ཐང་དང་ཁང་བ་དང་མི་སོགས་ཀྱི་རྗེས་སུ་ཁྱད་ཆོས་ཀྱི་མིང་སྦྱར་བས་རྟ་དཀར་པོ། རྒྱ་མཚོ་ཆེན་པོ། ཐང་ཡངས་པ། ཁང་བ་ཆེན་པོ། སྐྱེས་བུ་བཟང་པོ་སོགས་སུ་གྲུབ། རྒྱ་ནག་སྐད་དུ་"白马、大海、好人"སོགས་ནི་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་བཀོད་པ་ལ་ཡང་། གོང་སྨྲས་བཞིན་བོད་ཀྱི་སྐད་དུ་ཆོས་ཅན་བརྗོད་པའི་མིང་མཐར་ཆོས་བརྗོད་ཀྱི་མིང་སྦྱར་བའོ།། “བོད་སྐད་ཀྱི་གྲུབ་ཚུལ་ཡང་དག་པ་ཞིག་ལ་བསྟུན་འདོད་ཚེ། རྣམ་དབྱེ་སྤངས་པའི་ཆོས་ཆོས་ཅན་ཞིག་ལྷན་དུ་བརྗོད་ན། ཆོས་ཅན་སྔོན་དང་ཆོས་ནི་དེའི་རྗེས་སུ་སྦྱོར་དགོས་པའི་ཆོས་ཉིད་འདི་བོད་སྐད་ལ་གྲུབ་འདུག་ཕྱིར་སུ་ཞིག་གིས་བཟློག་སྟེ་བརྗོད་ནུས། སྔོན་བྱོན་མཁས་པ་གང་ཞིག་གིས་སྦྱར་ཡོད། གནག་རྫི་ཡིན་ཡང་རྟ་དཀར་པོ་ལ་དེ་རང་ཟེར་བ་ལས་དཀར་པོ་རྟ་ཞེས་སུ་ཡིས་བརྗོད།”(གཉའ་བློ་གྲོས་རྒྱ་མཚནP-39)
གྲངས་ཀ་མཚོན་པའི་མིང་གང་ཞིག་ཆོས་ཅན་བརྗོད་པའི་མིང་ལ་འཇུག་ཚུལ་ཡང་དེ་ལྟར། དཔེར་ན། རྟ་གཅིག དཔེ་ཆ་བརྒྱད་ལྟ་བུ། ཁྱད་ཆོས་མཚོན་པའི་(ཆོས་བརྗོད་ཀྱི)མིང་ཡོད་ན་དེའི་བར་དུ་འཇུག་པ་རྟ་དཀར་པོ་གཅིག དཔེ་ཆ་རྙིང་བ་བརྒྱད་ལྟ་བུའོ།། རྒྱ་ཡིག་ཏུ་ཆོས་བརྗོད་ཀྱི་མིང་སྔོན་དུ་འགོད་པ་མ་ཟད་གྲངས་ཚིག་ཀྱང་དེའི་སྔོན་དུ་འགོད་ལ། སྐབས་ཐོག་ཕལ་ཆེར་ལ་གྲངས་དེ་གཞལ་བར་ཚད་སྟོན་པའི་མིང་(量词)ཡང་ཞུགས་དགོས་པ "一匹马、八本书;一匹白马、八本旧书"ལྟ་བུའོ།། དཔེ་འདི་ལྟར་བོད་རྒྱའི་སྐད་ཆ་གཉིས་ཀའི་གནས་སྐབས་གང་དུའང་ཚིག་སྦྱོར་ནང་རོལ་དུ་གྲངས་དང་ཚད། ཆོས་བརྗོད་ཀྱི་མིང་། ཆོས་ཅན་བཅས་ཀྱི་ཕན་ཚུན་ཉེ་རིང་ཕལ་ཆེར་གཅིག་འདྲ་ཡིན་པ་དེར་ཚིག་རིམ་འབྲེལ་ཆགས་པ(语序相关性)ཟེར། འདི་ལྟར་ན"党的十ཀྵྐྵ届三中全会、八股文"ལྟ་བུ་ནི“ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ”ཞེས་དང་“རྩོམ་ཡིག་ཡན་ལག་བརྒྱད་ལྡན”ཞེས་པ་ལོ་ཙཱ་བ་སྔ་མ་དག་གིས་ཡང་དག་པར་བསྒྱུར་ཡོད་བཞིན་དུ"十届人大三次会议"ཞེས་པ་ལ“དམངས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པ”ཞེས་མི་བསྒྱུར་པར། “སྐབས་བཅུ་བའི་དམངས་ཆེན་གྱི་ཐེངས་གསུམ་པའི་གྲོས་ཚོགས་”ཞེས་ཚིག་གི་གོ་རིམ་འཁྲུལ་ཞིང་འབྲེལ་སྒྲ་སྤུངས་་པ་ཞིག་ཏུ་བསྒྱུར་བ་དེར་ཤིན་ཏུ་མི་འཐད་དོ། ། དེ་བཞིན་ལས་ཚིག་ཐམས་ཅད་ཀྱང་ཆོས་ཅན་གྱི་མིང་མཐར་སྦྱར་བའམ་ཡང་ན་བྱ་བའི་ཡུལ་སྔོན་དང་བྱ་བ་རྗེས་སུ་བརྗོད་པ་དཔེར་ན་ཤིང་གཅོད། ཡི་གེ་འབྲི། ཇ་འཐུང་། ཟ་མ་ཟ་ལྟ་བུ་སོགས་ཤེས་སླའོ།། འདི་ནི་བོད་རྒྱ་སྐད་རིགས་གཉིས་ལས་མིང་རྐྱང་གི་ཆ་ཤས་བར་གྱི་གོ་རིམ་དང་ཚིག་གྲུབ་སྦྱོར་སྟངས་མི་འདྲ་བའི་བརྡ་སྤྲོད་རྨང་གཞིའོ། །
རྩོམ་ངན་འདི་ལོ་ལྔ་དྲུག་ཅིག་གི་སྔོན་ལ་དཔྱད་གླེང་ཚོགས་འདུ་ཞིག་ལ་བྲིས་པ་ཡིན་ཡང་། ད་ལྟའི་བར་ཞིབ་བལྟ་ཙམ་ཡང་མ་བྱས་པར་ལུས། ཉེ་སྔོན་བོད་སྐད་ཡིག་གི་དུས་དེབ་གྲགས་ཅན་བླ་སྲོག་ཅེས་པའི་གཙོ་སྒྲིག་པ་སྐུ་ཞབས་ཁ་རྒྱ་གཟིགས་མེད་ནས་ཡང་ཡང་སྐུལ་ཞིང་ཀློག་ཀླད་ནང་གཏག་པའི་ངོར་ཡང་བསྐྱར་ཞུ་དག་ཕྲན་ཙམ་བྱས་ནས་ཕྱིར་བླ་སྲོག་དུས་དེབ་ལ་ཕུལ་ཡོད་པ་ཡིན། ཚན་པ་དྲུག་པ་ཡོད་པ་འདིར་མུ་འགོད་བྱེད་གྲབས་ཡོད། ལྟ་བ་མཐུན་མིན་གྱི་དགོངས་འཆར་ཡོང་བར་རེ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com